ལི་ཁེ་ཆང་གྲོངས་རྐྱེན་གྱི་འགྲེལ་བཤད་ལ་རྒྱ་ནག་མི་དམངས་ཡིད་མི་ཆེས། 

༄༅།། དེ་རིང་གཟའ་ཕུར་བུའི་ཉིན་རྒྱ་ནག་གཞུང་གིས་སྲིད་བློན་ཟུར་པ་ལི་ཁེ་ཆང་གི་ཕུང་པོ་ཞུགས་འབུལ་བྱས་ཏེ་སྲིད་འཛིན་ཞིས་ཅིན་ཕིང་དང་བཟའ་ཟླ་ཕེང་ལི་ཡོན། སྲིད་བློན་ལི་ཆང་སོགས་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོ་ཞུགས་འབུལ་མཛད་སྒོར་ཞུགས། ཁོ་ཚོས་ལི་ཁེ་ཆང་གི་ཆུང་མ་དང་ཤུལ་ལུས་བཟའ་མི་ཚོར་སེམས་གསོ་བྱས་པའི་གསར་འགྱུར་ཐོན། རྒྱ་ནག་གཞུང་གིས་སྲིད་བློན་ཟུར་པ་ལི་ཁེ་ཆང་སྙིང་རྩ་འགགས་ནས་གྲོངས་པ་རེད་ཅེས་འགྲེལ་བཤད་རྒྱག་གི་ཡོད་ཀྱང་མང་ཚོགས་ཡིད་མ་ཆེས། ཕྱི་ཟླ་༡༡་པའི་ཚེས་༢་ཉིན་བྷུ་ལུམ་བྷག་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་ས་གནས་ཇི་སྙེད་ཅིག་ཏུ་ལི་ཁེ་ཆང་སྙིང་རྩ་འགགས་ནས་གྲོངས་པ་ཡིན་མི་སྲིད། ཁོ་པ་ལོ་ནའི་བབ་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་གྲས་སུ་བདམས་དགོས་ངེས་ཀྱང་ཞིས་ཅིན་ཕིང་གིས་ཟུར་དུ་ཕུད་པ་རེད་ཅེས་སྐྱོན་བཙུགས། རྒྱ་ནག་གཞུང་གིས་མཐོ་རིམ་འགོ་ཁྲིད་ཚོ་བདེ་ཐང་ཡིན་མིན་གྱི་གནས་ཚུལ་རྣམས་རྒྱལ་ཁབ་ཅིག་གསང་བར་བརྩིས་ཏེ་ཕྱི་རུ་མི་སྒྲོགས།།

རྒྱ་ནག་གཞུང་གིས་གཟའ་ཕུར་བུའི་ཞོགས་པར་པེ་ཅིང་གྲོང་ཁྱེར་གྱི་འགྲིམ་འགྲུལ་ལ་སྟངས་འཛིན་ནན་པོ་བྱས་པ་དང་པེ་ཅིང་ནུབ་ཕྱོགས་ཀྱི་པ་པོ་ཧྲན་ས་ཁུལ་དུ་སྤྱི་དམངས་འགྲིམ་འགྲུལ་བཀག པ་པོ་ཧྲན་ནི་རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་འགོ་ཁྲིད་ཚོ་གྲོངས་པའི་རྗེས་སུ་ཕུང་པོ་ཞུགས་འབུལ་བྱ་ཡུལ་ཡིན་ཞིང་། ལི་ཁེ་ཆང་རྒྱ་ནག་གི་གུང་གཞོན་ཚོགས་པའི་ནང་ནས་ཐེམ་པ་རིམ་འཛེགས་ཀྱིས་མཐའ་མཇུག་སྲིད་བློན་གྱི་གོ་གནས་བཟུང་། སྲིད་འཛིན་ཟུར་པ་ཧུ་ཅིན་ཐའོ་རྒྱ་ནག་གི་གུང་གཞོན་ཚོགས་པའི་ནང་ནས་སྐྱེད་སྲིང་བྱུང་བས་ཧུ་དང་ལི་གཉིས་མཐུན་གྲོགས་སུ་གྱུར། སྔ་ལོ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༢༠་པའི་ཐོག་ཏུ་ཞིས་ཅིན་ཕིང་གིས་སྲིད་འཛིན་ཟུར་པ་ཧུ་ཅིན་ཐའོ་ཕྱི་རུ་བསྐྲད། ལི་ཁེ་ཆང་མ་གྲོངས་གོང་དེར་ཞིས་ཅིན་ཕིང་གིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཆིང་ཀང་དང་རྒྱལ་སྲུང་བློན་ཆེན་ལི་ཧྲང་ཧྥུ། རྒྱ་ནག་གི་རྡུལ་ཕྲན་མཚོན་ཆ་དང་འཕུར་མདེལ་དཔུང་སྡེའི་འགོ་ཁྲིད་ཁག་ཅིག་གནས་དབྱུང་བཏང་བའི་གནས་ཚུལ་ཐོན།།

ཨ་རིའི་རང་དབང་ཁང་གི་རྒྱ་ནག་དང་ཧོང་ཀོང་། ཐེ་ཝན་ཞིབ་འཇུག་སྡེ་ཚན་གྱི་འགན་འཛིན་ཝང་ཡ་ཆུས་བྷུ་ལུམ་བྷག་གསར་ཁང་ལ་བཤད་པ་ལྟར་ན། རྒྱ་ནག་གི་ལས་དོན་ཐམས་ཅད་ཕྱི་གསལ་ནང་གསལ་མེད་པས་བྱ་བ་ཅི་ཞིག་བྱུང་ཡང་མང་ཚོགས་ཀྱིས་དོགས་པ་བྱ་དགོས་པ་ཞིག་ཏུ་གྱུར་འདུག ལོ་ལྟར་འཛམ་གླིང་གི་ཡུལ་གྲུ་གང་སར་མི་ཁྲི་ཚོ་མང་པོའི་སྙིང་རྩ་འགགས་ནས་གློ་བུར་དུ་འཆི་ཡི་ཡོད་པ་རེད། དེ་ནི་རྒྱུན་ལྡན་མ་ཡིན་པ་ཞིག་མིན་མོད། རྒྱ་ནག་གཞུང་ལ་དབང་ཤུགས་ཆེན་པོ་ཡོད་ཀྱང་རང་གི་འགྲེལ་བཤད་དེར་མང་ཚོགས་ཡིད་ཆེས་རུ་འཇུག་ཐུབ་ཀྱི་མེད་པ་ནི་ཁྱད་མཚར་རེད་ཅེས་བསྟན། སྲིད་བློན་ཟུར་པ་ལི་ཁེ་ཆང་གི་སྐྱེས་ཡུལ་ཨན་ཧུའི་ཞིང་ཆེན་གྱི་ཧེ་ཧྥེའི་མ་ཁྱིམ་གྱི་སྒོ་འགྲམ་དུ་རྒྱ་ནག་མི་དམངས་ཀྱིས་མེ་ཏོག་སྤུངས་ནས་མྱང་ངན་ཞུས། ཐུག་པའི་ཟ་ཁང་ཞིག་གི་བདག་པོས་གཞུང་གི་འགྲེལ་བཤད་དེར་ཡིད་ཆེས་མེད། ལི་ཁེ་ཆང་ཇི་ལྟར་གྲོངས་མིན་འགྲེལ་བཤད་ཞིབ་ཕྲ་ཞིག་རྒྱག་དགོས་ཀྱི་འདུག་ཅེས་གླེང་མོལ་བྱས་འདུག

བྷུ་ལུམ་བྷག་གསར་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ཟ་ཁང་དེའི་འཁྲིས་སུ་སྐྱེས་པ་ལྔ་འདུས་ཡོད་པ་དེ་དག་གིས་ནུབ་ཕྱོགས་ཀྱི་གསར་འགྱུར་ལས་ཁང་ཁག་གིས་ལི་ཁེ་ཆང་གྲོངས་རྐྱེན་ཅི་ཡིན་རྩད་གཅོད་བྱེད་ཐུབ་པའི་རེ་བ་ཡོད་ཅེས་ཕྱི་རྒྱལ་ལ་རེ་ལྟོས་བཅངས། གླ་འཁོར་ཁ་ལོ་བ་ཞིག་གིས་མཐོ་རིམ་འགོ་ཁྲིད་ཚོར་སྨན་བཅོས་དང་འཕྲོད་བསྟེན་གྱི་མཐུན་རྐྱེན་གང་ལེགས་ཡོད་པ་མིན་ནམ་ཟེར། ལི་ཁེ་ཆང་གི་མ་ཁྱིམ་གྱི་ཕྱི་ལོགས་སྲང་ལམ་ནང་དུ་རྒྱ་མོ་ཞིག་གིས་སྲིད་བློན་འདས་པོ་གྲོངས་རྐྱེན་དེར་བཤད་ཚུལ་མ་འདྲ་མང་པོ་འདུག ངས་ཁྱེད་ཚོར་ཞིབ་ཕྲ་བཤད་རྒྱུ་སྟབས་བདེ་པོ་མི་འདུག་ཅེས་རྒྱ་གཞུང་གིས་ལན་པ་སློག་རྒྱུར་སྐྲག རྒྱ་ནག་གི་ཝི་པོ་དྲྭ་ཚིགས་སུ་མི་ཞིག་གིས་མང་ཚོགས་ལ་སྐྱོ་གདུང་སྟོན་ས་ཞིག་དགོས་ཀྱི་འདུག་ཅེས་ལི་ཁེ་ཆང་གི་མ་ཁྱིམ་ཕྱི་ལོགས་སུ་མེ་ཏོག་སྤུངས་ཡོད་པར་བལྟས་ནས་མཆན་བྲིས། མི་གཞན་པ་ཞིག་གིས་རྗེས་དྲན་གྱི་ལས་འགུལ་འདི་མང་ཚོགས་ཀྱིས་རང་འགུལ་ཐོག་ཏུ་སྤེལ་བ་རེད། འདི་ནི་རྒྱ་ནག་མི་དམངས་ཀྱི་བློ་སེམས་གང་དུ་གཏད་ཡོད་མེད་ཀྱི་མཚོན་རྟགས་རེད་ཅེས་མཆན་བཀོད།།

ཕྱི་ཟླ་༡༠་པའི་ཚེས་༢༧་ཉིན་སྲིད་བློན་ཟུར་པ་ལི་ཁེ་ཆང་གྲོངས་ཀྱང་རྒྱ་ནག་གི་བརྙན་འཕྲིན་གསར་འགྱུར་ནང་དུ་གནས་ཚུལ་དེ་ཨང་རིམ་གསུམ་པར་བཞག རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་ཚོགས་འདུ་ཚོགས་པ་དང་སྲིད་བློན་ལི་ཆང་ཕྱི་རྒྱལ་ལ་འཚམས་འདྲིར་བསྐྱོད་པའི་གསར་འགྱུར་རྣམས་ཨང་དང་པོ་དང་གཉིས་པ་བཞག ལི་ཁེ་ཆང་གྲོངས་པའི་གཞུང་འབྲེལ་གསལ་བསྒྲགས་ནང་དུའང་ཞིས་ཅིན་ཕིང་ཞེས་མིང་འབོད་ཐེངས་༥་བྱས་ཏེ་དམིགས་པ་གཏོད་ཡུལ་གཙོ་བ་སུ་ཡིན་གསལ་པོ་ཐོན། རྒྱ་ནག་གཞུང་གིས་སྲིད་བློན་ཟུར་པ་ལི་ཁེ་ཆང་ལ་འོས་འཚམས་ཀྱི་གཞུང་འབྲེལ་མྱ་ངན་བྱེད་ཀྱི་མེད་པར་ངོ་རྒོལ་མཚོན་པའི་ཆེད་དུ་པེ་ཅིང་དགོང་མོའི་གསར་ཤོག་དང་ལྷོ་ཕྱོགས་གྲོང་ཁྱེར་ཉིན་རེའི་ཚགས་པར་སོགས་གསར་ཤོག་གསུམ་གྱིས་ལི་ཁེ་ཆང་ལ་མྱ་ངན་བྱེད་ཀྱི་ཡོད་པ་མཚོན་པའི་མེ་ཏོག་དང་འདྲ་པར་བཀོད་པའམ། ཡང་ན་ཤོག་ངོས་སྟོང་པར་བསྐྱུར། རྒྱ་ནག་གི་དྲྭ་དམངས་ཚོས་ངོ་མཚར་ཅན་གྱི་ལྗོན་ཤིང་ཞེས་སྔོན་ཆད་ཧུ་ཡོ་པང་ལ་བསྟོད་བསྔགས་བྱས་པ་དེ་ལི་ཁེ་ཆང་ལ་སྦྱར།།

ཕྱི་ཟླ་༡༡་པའི་ཚེས་༢་ཉིན་ཉི་ཧོང་གི་ནི་ཀེ་ཨེ་ཤི་ཡ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་འཁོར་སྔོན་མར་རྒྱ་ནག་གི་སྲིད་བློན་ཟུར་པ་ལི་ཁེ་ཆང་ལོ་༦༨་ཐོག་ཏུ་གྲོངས་པ་ནི་དོགས་གནས་སུ་ཟད། ལི་ཁེ་ཆང་དང་ཞིས་ཅིན་ཕིང་གཉིས་ཆབ་སྲིད་ཀྱི་དགྲ་ཁ་གཏད་རེད། ཞིས་ལི་གཉིས་ཀས་སྲིད་འཛིན་ཧུ་ཅིན་ཐའོ་ཡི་རྗེས་འཛིན་པ་བྱ་རྒྱུའི་འགྲན་སྡུར་བྱས་མྱོང་ཞིང་། ལི་ཁེ་ཆང་ནི་ཞིས་ཅིན་ཕིང་གི་ཕྱོགས་གཏོགས་ཤིག་མ་རེད། ཉེ་དུས་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་མང་པོར་ཇུས་ཉེས་བྱུང་། ཉིན་ཤས་སྔོན་དུ་ལི་ཁེ་ཆང་གློ་བུར་དུ་གྲོངས་པ་ནི་དོགས་གནས་སུ་ཟད། རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོ་འདུ་ཡུལ་ཀྲུང་ནན་ཧེའི་ནང་ཁུལ་གྱི་མི་ཞིག་གིས་གསར་འགོད་པར་ལི་ཁེ་ཆང་གྲོངས་པ་ནི་ལག་བསྟར་གསུམ་པ་དེ་རེད། ༢༠༢༢་ལོར་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཚོགས། ད་ལོའི་དབྱར་དུས་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོ་པེ་ཐེ་ཧེར་ཚོགས་འདུར་འདུས། པེ་ཐེ་ཧེའི་ཚོགས་འདུའི་ཐོག་ཏུ་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཟུར་པ་ཚོས་ཞིས་ཅིན་ཕིང་གི་ནད་འགོག་སྲིད་ཇུས་དང་དཔལ་འབྱོར་འཛིན་སྐྱོང་། ཨ་རྒྱའི་འབྲེལ་བ་འཛིན་སྟངས་བཅས་ལ་སྐྱོན་བརྗོད་དྲག་པོ་བྱས་པ་དེའི་རྒྱབ་ཏུ་སྲིད་བློན་ཟུར་པ་ལི་ཁེ་ཆང་ཡོད་པ་རེད་ཅེས་ནང་མོལ་བྱས་འདུག

པེ་ཐེ་ཧེའི་ཚོགས་འདུའི་ཐོག་ཏུ་ལོ་ན་༨༤་ལ་སོན་པའི་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཟུར་པ་ཙེང་ཆིང་ཧུང་གིས་ཞིས་ཅིན་ཕིང་ལ་ཁ་ཏ་བྱས་པ་དང་ལོ་ན་༩༤་ལ་སོན་པའི་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་ཁྲི་ཧའོ་ཐེན་གྱིས་སྐད་ཆ་ཅི་ཡང་མ་བཤད་པ་ཙེང་ཆིང་ཧུང་གི་འཁྲིས་སུ་གདོང་པ་གནག་ནས་བསྡད། ལོ་འདིའི་པེ་ཐེ་ཧེའི་ཚོགས་འདུར་ལི་ཁེ་ཆང་ཞུགས་མེད་ཀྱང་ཙེང་ཆིང་ཧུང་དང་ཁྲི་ཐའོ་ཐེན། ལོ་ན་༧༦་ལ་སོན་པའི་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཚོགས་གཙོ་ཟུར་པ་ཀྲང་ཏེ་ཅང་སོགས་ཀྱིས་ཞིས་ཅིན་ཕིང་ལ་བཀའ་བཀྱོན་དྲག་པོ་བཏང་བ་དེའི་ཕུགས་སུ་ལི་ཁེ་ཆང་ཡོད་པ་གསལ་པོ་རེད། ཙེང་ཆིང་ཧུང་གིས་ཞིས་ཅིན་ཕིང་ལ་ཁ་ཏ་བྱས་པ་རེད་ཟེར་བ་ནི་དོན་དམ་དུ་ཞིས་ཅིན་ཕིང་ལ་སྐྱོན་བརྗོད་བྱས་རེད་ཅེས་བཀྲལ། པེ་ཐེ་ཧེའི་ཚོགས་འདུའི་རྗེས་སུ་ལི་ཁེ་ཆང་གིས་རྨ་ཆུ་དང་འབྲི་ཆུ་གཉིས་ཕྱིར་ལྡོག་མི་ཐུབ་ཅེས་ཏིན་ཞའོ་ཕིང་གིས་རྒྱ་ནག་ལ་སྒོ་འབྱེད་འགྱུར་བཅོས་ཀྱི་སྲིད་ཇུས་ཤིག་ལག་ལེན་བསྟར་པ་འགོག་མི་ཐུབ་ཅེས་གོ་རྒྱུ་ཅན་གྱི་གཏམ་ཤིག་བཤད།།

འདས་པའི་ལོ་མང་རིང་རྒྱ་ནག་ལ་ཕྱི་ནང་གཉིས་ནས་ཞིབ་འཇུག་བྱེད་མཁན་ཉམས་ཞིབ་པ་ཞིག་གིས་རྒྱ་ནག་གི་འགོ་ཁྲིད་ཟུར་པ་ཚོ་གང་དུ་བསྐྱོད་ཀྱང་སྨན་པ་དང་སྨན་ཞབས་པ། དྲུང་ཡིག་དང་སྐུ་སྲུང་བ་མཉམ་དུ་ཁྲིད་ཡོད་པ་རེད། ཁོ་ཚོར་ཉི་མ་རེར་ལུས་པོ་བརྟག་དཔྱད་ཐེངས་འགའ་ཤས་བྱེད་ཀྱི་འདུག རྒྱ་ནག་གི་འགོ་ཁྲིད་ཟུར་པ་མང་ཆེ་བ་ལོ་ན་༨༠་གྱ་གྲངས་དང་༩༠་གོ་གྲངས་རེད། ལི་ཁེ་ཆང་ནི་རྒྱ་ནག་གི་འགོ་ཁྲིད་ཟུར་པ་ཚོའི་གྲས་ཀྱི་ལོ་ན་ཆུང་ཤོས་དེ་ཡིན་པར་མ་ཟད། ཕྱི་ཟླ་༨་ནང་ཏུང་ཧྭང་ལ་ལྟ་སྐོར་དུ་བསླེབས་པའི་དུས་སུ་ལུས་པོ་བདེ་ཐང་ཡིན་པའི་རྣམ་པ་ཞིག་མངོན། ལི་ཁེ་ཆང་གི་སྙིང་རྩ་འགགས་པ་ཡིན་པའི་དབང་དུ་བཏང་རུང་འཕྲལ་དུ་སྨན་ཁང་དུ་ཁྱེར་ནས་མྱུར་སྐྱོབ་བྱས་པའི་དཔང་རྟགས་མི་རྙེད། དེ་ནི་ལྐོག་གྱུར་གྱི་གནས་ཚུལ་ཞིག་ཡིན་པ་དང་ལི་ཁེ་ཆང་གློ་བུར་དུ་གྲོངས་པ་ནི་ཞིས་ཅིན་ཕིང་གི་ཁ་གཏད་པ་ཡིན་པར་འབྲེལ་བ་ཡོད་སྲིད། ལི་ཁེ་ཆང་གི་གྲོངས་རྐྱེན་ངོ་མ་ཅི་ཡིན་ང་ཚོས་ཤེས་དཀའ། དེང་སྐབས་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་ཡོད་པ་དང་ཞིས་ཅིན་ཕིང་གིས་དགོངས་པ་ཞུ་དགོས་ཐུག་ཚེ། ལི་ཁེ་ཆང་རྒྱ་ནག་གི་འགོ་ཁྲིད་རྗེས་མ་དེར་འགྱུར་སྲིད་པ་སྔོན་འགོག་ཆེད་དུ་བཀྲོངས་པ་ཡིན་སྲིད་ཅེས་དོགས་སློང་བྱས་འདུག