རྒྱ་ནག་གིས་ཊིག་ཊོག་བརྙན་ཐུང་བཀོལ་ཆས་ཨེ་ལན་མ་སི་ཀ་ལ་བཙོང་སྲིད།

ཊིག་ཊོག་བརྙན་ཐུང་བཀོལ་ཆས།

༄༅།། རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོས་ཊིག་ཊོག་བརྙན་ཐུང་བཀོལ་ཆས་ཨ་རིའི་ནང་དུ་བཀག་སྟེ་བཙོང་དགོས་བྱུང་ན་ཕྱུག་བདག་ཨེ་ལན་མ་སི་ཀ་ལ་བཙོང་རྒྱུའི་བསམ་ཞིབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་དང་པོའི་ཚེས་༡༤་ཉིན་བྷུ་ལུམ་བྷག་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་ཊིག་ཊོག་བརྙན་ཐུང་བཀོལ་ཆས་ཉར་འཛིན་ཐུབ་ན་གཞན་ལ་མ་བཙོངས་པར་ཙི་ཅེ་ཏེའོ་ཏུང་(ByteDance Ltd)་བཟོ་ཚོང་ཁང་གི་བདག་སྐྱོང་འོག་ཏུ་འཇོག་དགོས། གལ་སྲིད་བཙོང་དགོས་བྱུང་ན་རྒྱ་ནག་ལ་འབྲེལ་བ་བཟང་པོ་ཡོད་པའི་མི་ཞིག་ལ་བཙོང་ཐབས་བྱ་དགོས་པའི་གྲོས་སྡུར ཚུགས། ཨ་རིའི་གཞུང་གིས་ཊིག་ཊོག་བརྙན་ཐུང་བཀོལ་ཆས་འགོག་དགོས་པའི་ཐག་བཅད། ཊིག་ཊོག་བཟོ་ཚོང་ཁང་གིས་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་ལ་གཞུང་གི་ཐག་གཅོད་དེ་ཁྲིམས་འགལ་ཡིན་པའི་ཐག་གཅོད་བྱ་དགོས་ཞེས་རེ་བ་བཏོན། རྒྱ་ནག་གི་འགོ་ཁྲིད་ཚོས་ཊིག་ཊོག་བཀོལ་ཆས་བཙོང་དགོས་མིན་དང་ཌོ་ནལ་ཊམ་གྱི་སྲིད་གཞུང་གསར་པར་འབྲེལ་བ་ཇི་ལྟར་འཛིན་དགོས་མིན་བཅས་ལ་ནང་གྲོས་གཟབ་ནན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཊིག་ཊོག་བརྙན་ཐུང་བཀོལ་ཆས་ཀྱི་བདག་པོ་ཙི་ཅེ་ཏེའོ་ཏུང་བཟོ་ཚོང་ཁང་།

ཨ་རིའི་འདེམས་ཐོན་སྲིད་འཛིན་ཌོ་ནལ་ཊམ་གྱི་བློ་ཐག་ཤིན་ཏུ་ཉེ་བའི་ཕྱུག་བདག་ཨེ་ལན་མ་སི་ཀ་ལ་བརྙན་ཐུང་བཀོལ་ཆས་དེ་བཙོང་རྒྱུར་རྒྱ་ནག་གཞུང་ཡང་འཐད་ཀྱི་ཡོད་ཅིང་། ཅིའི་ཕྱིར་ཞེ་ན་བདུན་ཕྲག་རྗེས་མ་ནས་ཨ་ལན་མ་སི་ཀས་སྲིད་གཞུང་གསར་པར་ཤུགས་རྐྱེན་ཐེབས་ཏེ་རྒྱ་ནག་དང་ཨ་རིའི་འབྲེལ་བ་ཡག་ཏུ་གཏང་དགོས་པའི་སྐུལ་ལྕག་གཏོང་སྲིད། སྔ་ལོའི་སྲིད་འཛིན་འོས་བསྡུའི་སྐབས་སུ་ཨེ་ལན་མ་སི་ཀས་སྒེར་དངུལ་ཨ་སྒོར་དུང་ཕྱུར་༢་དང་ཕྱེད་ཀ་འགྲོ་གྲོན་བཏང་ནས་ཌོ་ནལ་ཊམ་ལ་དྲིལ་བསྒྲགས་ལས་འགུལ་གྱི་རྒྱབ་སྐྱོར་བྱས། ཨེ་ལན་མ་སི་ཀས་སྲིད་གཞུང་གསར་པའི་ནང་དུ་གོ་གནས་མཐོན་པོ་འཛིན་རྒྱུ་གཏན་ཁེལ་ཡོད་པས་ཕྱུག་བདག་དེར་ཊིག་ཊོག་བཀོལ་ཆས་སྟངས་འཛིན་བྱེད་དུ་བཅུག་ན་རྒྱ་ནག་ལ་ཁེ་ཕན་ཐོབ་རྒྱུའི་བསམ་བློ་གཏོང་གི་འདུག་ཅེས་རྒྱ་ནག་གི་ནང་ཁུལ་གྱི་གནས་ཚུལ་ཤེས་མཁན་ཞིག་གིས་གསར་འགོད་པར་གནས་ཚུལ་སྤྲད་འདུག

ཨེ་ལན་མ་སི་ཀ་དང་ཌོ་ནལ་ཊམ།

ཨེ་ལན་མ་སི་ཀ་དང་དེའི་བཟོ་ཚོང་ཁང་གི་ལས་སྣེ་ཚོས་ཊིག་ཊོག་ཉོ་རྒྱུ་ཡིན་མིན་དང་། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་གོ་ཅ་ཁུན་(Guo Jiakun)་གྱིས་ཨ་རིའི་ཕྱུག་བདག་དེར་ཊིག་ཊོག་བརྙན་ཐུང་བཀོལ་ཆས་བཙོང་རྒྱུ་ཡིན་མིན་ལ་འགྲེལ་བཤད་ཅི་ཡང་མ་བརྒྱབ། ན་ནིང་ཕྱི་ཟླ་༤་པའི་ནང་ཨེ་ལན་མ་སི་ཀས་བརྙན་ཐུང་བཀོལ་ཆས་དེ་ཨ་རིའི་ནང་དུ་བཀག་ན་ངའི་ཨེག་སི་དྲྭ་ཚིགས་ལ་ཁེ་ཕན་ཡོད་ཀྱང་ཊིག་ཊོག་རྦད་དེ་འགོག་དགོས་དོན་མི་འདུག ཨ་རིའི་ནང་དུ་ཊིག་ཊོག་བརྙན་ཐུང་བཀོལ་ཆས་གཏན་འགོག་བྱས་ན་སྨྲ་བརྗོད་རང་དབང་གི་རྩ་དོན་དང་རྒྱབ་འགལ་རེད། གཏམ་བརྗོད་རང་དབང་བཀག་ན་ཨ་རིའི་ལྟ་བ་དང་ལངས་ཕྱོགས་ལ་མཐུན་གྱི་མི་འདུག་ཅེས་ཨེག་སི་དྲྭ་ཚིགས་སུ་འཕྲིན་ཐུང་ཞིག་སྤེལ། ཨ་རིའི་ཁྲོམ་རའི་ནང་དུ་ལོ་ལྟར་ཊིག་ཊོག་བརྙན་ཐུང་བཀོལ་ཆས་ལ་ཨ་སྒོར་དུང་ཕྱུར་༤༠༠་ནས་༥༠༠་ཡས་མས་རེའི་ཚོང་ལས་ཡོད་པ་དང་ཨེ་ལན་མ་སི་ཀ་ལ་ཊིག་ཊོག་ཉོ་ཐུབ་པའི་སྟོབས་འབྱོར་ལྡན། ཁོ་པས་ཨ་སྒོར་དུང་ཕྱུར་༤༤༠་སྤྲད་ཊོས་ཊར་ཉོས་ཏེ་ཨེག་སི་དྲྭ་ཚིགས་ཞེས་མིང་བསྒྱུར།།

ཕྱི་ཟླ་དང་པོའི་ཚེས་༡༤་ཉིན་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་ཉམས་ཞིབ་པ་ཚོས་ཨེ་ལན་མ་སི་ཀས་སྲིད་འཛིན་གསར་པ་ཌོ་ནལ་ཊམ་ལ་ཤུགས་རྐྱེན་ཅུང་ཙམ་ཐེབས་ཐུབ་པའི་རྣམ་པ་ཞིག་མངོན། ཡིན་ནའང་ཨ་རིའི་ཕྱུག་བདག་དེར་སྲིད་གཞུང་གསར་པའི་སྲིད་ཇུས་ཀྱི་ཁ་ཕྱོགས་སྒྱུར་ཐུབ་པའི་ནུས་པ་ཡོད་མེད་བཤད་དཀའ། ལྷག་པར་དུ་ཌོ་ནལ་ཊམ་གྱིས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་དེར་ཨེ་ལན་མ་སི་ཀས་འགྱུར་བ་གཏོང་ཐུབ་རྒྱུ་ཁག་པོ་རེད་ཅེས་ལྟ་ཚུལ་བརྗོད་འདུག གཟའ་མཇུག་དེར་ཆིང་ཧྭ་སློབ་གྲྭ་ཆེན་མོས་བསྐོངས་པའི་བགྲོ་གླེང་ཚོགས་འདུ་ཞིག་གི་ཐོག་ཏུ་རྒྱ་ནག་གི་ཤེས་ཡོན་ཅན་དང་ཕྱི་སྲིད་ལྷན་ཁང་གི་སློབ་སྟོན་པ་ཟུར་པ་ཝང་ཅི་སི་(Wang Jisi)་ཡིས་ཨེ་ལན་མ་སི་ཀ་རྒྱ་ནག་མི་དམངས་ལ་འབྲེལ་བ་བཟང་པོ་ཡོད་པ་དང་རྒྱ་ནག་ལ་ལན་མང་བསླེབས་པ་རེད། ཁོ་པ་ཚོང་ལས་ཐོག་ཏུ་འཇོན་པོ་དང་ཚོང་ལས་བརྒལ་ནས་ཆབ་སྲིད་ལ་ཞུགས་པ་རེད། མི་ཞིག་གི་རྒྱ་ནག་ལ་འཛིན་པའི་ལྟ་བས་ཨ་རིའི་སྲིད་ཇུས་ཧྲིལ་པོ་མཚོན་མི་ཐུབ་ཅེས་བཀྲལ།།

རྒྱ་ནག་ཏུ་བཟོས་པའི་ཊེ་སི་ལཱ་གློག་གི་རླངས་འཁོར།

ཨེ་ལན་མ་སི་ཀས་རྒྱ་ནག་ཏུ་བཟོ་གྲྭ་བཙུགས་ཏེ་འཛམ་གླིང་ཡོངས་སུ་འཚོང་གི་ཡོད་པའི་ཊེ་སི་ལཱ་(Tesla)་གློག་གི་རླངས་འཁོར་ཕྱེད་ཀ་ཧྲང་ཧེ་གྲོང་ཁྱེར་དུ་བཟོས། པྲོག་དབྱིབས་ནད་ཡམས་རྗེས་སུ་ཨ་རིའི་ཚོང་པ་ཚོའི་གྲས་ནས་རྒྱ་ནག་ཏུ་དང་པོ་སྐྱོད་མཁན་དེ་ཨེ་ལན་མ་སི་ཀ་ཡིན་ཞིང་། ཨེ་ལན་མ་སི་ཀས་རྒྱ་ནག་ཏུ་མ་རྩ་བཙུགས་ནས་ཚོང་ལས་ཡུན་རིང་གཉེར་རྒྱུ་ཡིན་ནམ། ཁེ་སང་བླངས་པའི་རྗེས་སུ་རྒྱ་ནག་ཏུ་བཙུགས་ཡོད་པའི་བཟོ་གྲྭ་སྒོ་རྒྱག་རྒྱུ་ཡིན་མིན་སུས་ཀྱང་མི་ཤེས། རྒྱ་ནག་སྤྱི་ཚོགས་ཚན་རིག་ཁང་གི་དཔལ་འབྱོར་དང་ཆབ་སྲིད་ལྟེ་གནས་ཀྱི་འགན་འཛིན་ཀྲང་ཡུ་ཡན་(Zhang Yuyan)་གྱིས་ཨེ་ལན་མ་སི་ཀས་ཨ་རྒྱའི་འབྲེལ་བར་ཤུགས་རྐྱེན་ཐེབས་ཐུབ་རྒྱུ་ཁག་པ་རེད། དཔེར་ན་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་ཧན་རི་སི་ཊིམ་སན་(Henry Stimon)་གྱིས་སྲིད་འཛིན་ཊི་རུ་མན་(Harry Truman)་ལ་ཉི་ཡོང་གི་སྟེང་དུ་རྡུལ་ཕྲན་འབར་མདེལ་མ་འཕེན་ཞེས་སྐུལ་ལྕག་བཏང་ཡང་ཕན་ཐོགས་མ་བྱུང་བ་རེད་ཅེས་བསྟན།།

ཕྱི་ཟླ་དང་པོའི་ཚེས་༩་ཉིན་ནེའུ་ཡོཀ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གར་དང་བལ་ཡུལ་གཉིས་ཀྱིས་ཊིག་ཊོག་བཀོལ་ཆས་རྩ་འགོག་བྱས་པར་མ་ཟད། དབྱིན་ཇི་དང་ཁེ་ན་ཌ། ཐེ་ཝན་སོགས་ཀྱི་གཞུང་གི་ལས་ཁུངས་ཁག་གི་ཁ་པར་དང་གློག་ཀླད་ནང་དུ་ཊིག་ཊོག་བཀོལ་ཆས་ཕབ་ལེན་བྱེད་མི་ཆོག་པའི་བཀའ་ཕབ། ར་ཤི་ཡ་དང་ཨུན་རྡུ་ནེ་ཤི་ཡ་གཉིས་ཀྱིས་ཊིག་ཊོག་བཀོལ་ཆས་བཟོ་ཚོང་ཁང་ལ་ཉེས་ཆད་གཅོད་དགོས་པར་གྱུར། ར་ཤི་ཡའི་གཞུང་གིས་ཊིག་ཊོག་བཀོལ་ཆས་ནང་དུ་ཁྱབ་སྤེལ་བྱས་པའི་བརྙན་ཐུང་ཁག་ཅིག་ཕྱིར་བསྡུ་བྱ་དགོས་ཞེས་དགོས་འདུན་བཏོན་ཡང་ཕྱིར་བསྡུ་མ་བྱས་པས་ཉེས་ཆད་བཅད། ཨལ་བྷེ་ཎི་ཡའི་གཞུང་གིས་ཊིག་ཊོག་བཀོལ་ཆས་ནང་དུ་བྱིས་པ་ཚོར་འཚམས་པོ་མིན་པའི་བརྙན་ཐུང་འགྲེམ་སྤེལ་བྱེད་ཀྱི་འདུག ཊིག་ཊོག་བཟོ་ཚོང་ཁང་གིས་བརྙན་ཐུང་དེ་དག་ཕྱིར་བསྡུ་བྱས་ནས་བྱིས་པ་ཚོར་སྲུང་སྐྱོབ་མ་བྱས་ཚེ། ཨལ་བྷེ་ཎི་ཡའི་གཞུང་གིས་བྱིས་པ་ཚོར་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་ཊིག་ཊོག་བཟོ་ཚོང་ཁང་ལ་ཉེས་ཆད་བཀལ།།

ཨ་རིའི་ནང་དུ་ཊིག་ཊོག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་ལས་འགུལ།

ཨ་རིའི་རྒྱལ་ཡོངས་སུ་ཊིག་ཊོག་བཀོལ་སྤྱོད་བྱེད་མཁན་མི་གྲངས་དུང་ཕྱུར་༡་དང་ཕྱེད་ཀ་ལྷག་ཡོད་པ་དང་རྒྱལ་ཁབ་༢༠་ལྷག་གིས་རྒྱ་ནག་གི་བརྙན་ཐུང་བཀོལ་ཆས་དེས་སྤྱི་དམངས་ཀྱི་སྒེར་དོན་གནས་ཚུལ་རྣམས་བསྡུ་རུབ་བྱས་ནས་དམར་ཤོག་སྲིད་གཞུང་དེར་སྤྲོད་ཀྱི་ཡོད་ཤས་ཆེ། རྒྱ་ནག་གཞུང་ལ་དཀའ་ངལ་མེད་པར་ཊིག་ཊོག་བརྙན་ཐུང་བཀོལ་ཆས་བརྒྱུད་ནས་ཨ་རི་སོགས་ཀྱི་དམག་དོན་དང་ཚོང་ལས། དཔལ་འབྱོར་དང་ཆབ་སྲིད་སོགས་ལ་འབྲེལ་བ་ཡོད་པའི་གསང་བའི་གནས་ཚུལ་རྣམས་རག་གི་འདུག ཊིག་ཊོག་བཀོལ་ཆས་ཨ་རི་སོགས་ཀྱི་ནང་དུ་རང་སོར་འཇོག་དགོས་ན་བཟོ་ཚོང་ཁང་དེའི་བདག་པོ་རྒྱ་ནག་ཡིན་མི་ཆོག ཊིག་ཊོག་བཀོལ་ཆས་ངེས་པར་དུ་ཚོང་པ་གཞན་ཞིག་ལ་བཙོང་དགོས་ཞེས་ཁྲིམས་ལ་གཏུགས། རྒྱ་ནག་གཞུང་གིས་ཊིག་ཊོག་བརྙན་ཐུང་བཀོལ་ཆས་བརྒྱུད་ནས་དམར་ཤོག་གི་ལྟ་གྲུབ་རྣམས་ཕྱི་ལ་ཁྱབ་སྤེལ་དང་རྒྱལ་ཁབ་གཞན་གྱི་ཆབ་སྲིད་ལ་ཐེ་ཇུས་བྱེད་ཐུབ་པའི་གོ་སྐབས་རྙེད།།

ཊིག་ཊོག་བརྙན་ཐུང་བཀོལ་ཆས་ཀྱི་བདག་པོ་ཙི་ཅེ་ཏེའོ་ཏུང་བཟོ་ཚོང་ཁང་གི་ལས་བྱེད་པ་ཞིག་གིས་བྷུ་ལུམ་བྷག་གསར་ཁང་གི་གསར་འགོད་པར་ང་ཚོའི་བཟོ་ཚོང་ཁང་དུ་ཨེ་ལན་མ་སི་ཀ་མི་རྣམ་དཔྱོད་ཅན་གྱི་ཚོང་པ་ཞིག་ཏུ་རྩི་བཞིན་འདུག ཁོ་པས་རྒྱ་ནག་གཞུང་ལ་འབྲེལ་བ་བཙུགས་ནས་ཊེ་སི་ལཱ་གློག་གི་རླངས་འཁོར་ཧྲང་ཧེ་གྲོང་ཁྱེར་དུ་བཟོ་སྐྲུན་བྱེད་ཀྱི་ཡོད་པ་རེད། ཨ་རིའི་གཞུང་གིས་ཊིག་ཊོག་འགོག་ཐབས་བྱེད་ཀྱི་ཡོད་པར་ཙི་ཅེ་ཏེའོ་ཏུང་བཟོ་ཚོང་ཁང་གིས་ཁྲིམས་ལ་གཏུགས་ནས་ཁ་གཏད་གཅོག་གི་ཡོད་པ་རེད། ཨེ་ལན་མ་སི་ཀས་སྲིད་འཛིན་གསར་པ་ཌོ་ནལ་ཊམ་ལ་ཨ་རིའི་ནང་དུ་ཊིག་ཊོག་མ་འགོག་ཅེས་སྐུལ་ལྕག་བཏང་ནས་གྲུབ་འབྲས་ཐོན་ཐུབ་རྒྱུའི་རེ་བ་འཆང་གི་འདུག་ཅེས་གསང་གཏམ་བཤད་འདུག ཊིག་ཊོག་བཟོ་ཚོང་ཁང་གི་ཨ་རིའི་ཚན་པ་དེ་བཙོང་དགོས་བྱུང་ན་ཁྲོམ་ལ་བཞག་ནས་འབམ་ཚོང་བྱེད་པའམ། ཡང་ན་ཨ་རིའི་གཞུང་གིས་ཕྱུག་བདག་ཅིག་ལ་ཉོ་རུ་འཇུག་རྒྱུ་ཡིན་མིན་ཁ་གསལ་མེད་པའི་གནས་ཚུལ་ཐོན་འདུག