རྒྱ་གཞུང་གིས་རྒྱ་གར་དང་བལ་ཡུལ་ནས་བོད་ནང་ཕྱིར་ལོག་བྱེད་མཁན་ཚོར་དམིགས་བསལ་དམ་དྲག

China’s embassy in the US to step up visa processing as applications rise and frustrated

དེ་སྔ་བོད་ནས་རྒྱ་གར་དང་བལ་ཡུལ་སོགས་སུ་བྲོས་བྱོལ་དུ་འགྲོ་མྱོང་མཁན་རྣམས། གལ་སྲིད་བོད་ནང་ཕྱིར་ལོག་བྱས་པ་ཡིན་ན། རྒྱ་གཞུང་གིས་དམིགས་བསལ་དམ་དྲག་བྱེད་བཞིན་པ་དང་། སྤྱི་དམངས་ཐོབ་ཐང་དཔང་ཡིག་མ་སྤྲད་པར་ལོ་མང་འགོར་འགྱངས་བྱེད་ཀྱི་ཡོད་པའི་སྐོར་མིང་དངོས་སུ་བརྗོད་འདོད་མེད་མཁན་ཞིག་གིས་འདི་གའི་རླུང་འཕྲིན་ཁང་ལ་བརྗོད་དོན་ལྟར་ན། རྔ་བ་ཁྱུང་ཆུ་དང་བོད་ཀྱི་རྒྱལ་ས་ལྷ་ས་སོགས་སུ། དེང་སྐབས་རྒྱ་གར་དང་བལ་ཡུལ་ནས་བོད་ནང་ཕྱིར་ལོག་བྱེད་མཁན་ཚོར། རྒྱ་སྐད་དུ་ཧྲིན་ཧྥིན་གྲིན་དང་བོད་སྐད་དུ་སྤྱི་དམངས་ཐོབ་ཐང་ཡི་གེ་མ་སྤྲད་པར་ལོ་དྲུག་ཡས་མས་ཞིག་ལ་རང་ཁྱིམ་དུ་འདུག་དགོས་པར་མ་ཟད། ལོ་དྲུག་གི་རིང་ལ་རྒྱ་ནག་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བའི་ལས་ཀ་ཅི་ཡང་བྱེད་མི་ཉན་པ་དང་། ལྷ་པར་དུ་བཙན་བྱོལ་ནས་ལོ་མང་སྡོད་མཁན་ཚོར་དམིག་གསལ་གྱི་དོགས་གཞི་དང་འབྲེལ་འདྲི་རྩད་སྣ་ཚོགས་བྱེད་བཞིན་པ་སོགས་ཀྱི་དཀའ་ངལ་སྤྲོད་ཀྱི་འདུག།

གལ་སྲིད་དེ་ལྟར་སྤྱི་དམངས་ཐོབ་ཐང་དཔང་ཡིག་མ་སྤྲད་པ་ཡིན་ན། བོད་ནང་ཕྱིར་ལོག་བྱེད་མཁན་ཚོ་ས་ཆ་གཞན་ཡར་མར་གང་དུའང་འགྲོ་བསྐྱོད་བྱེད་མི་ཐུབ་པ་དང་། ཐ་ན་མགྲོན་ཁང་ཞིག་དུ་ཞག་སྡོད་ཀྱང་བྱེད་ཐུབ་ཀྱི་མེད་པའི་དཀའ་ངལ་འཕྲད་ཀྱི་ཡོད་འདུག། སྤྱི་དམངས་ཐོབ་ཐང་ཡི་གེ་ཙམ་མ་ཟད། ད་དུང་ཁྱིམ་ཐོ་ནང་དུའང་། དོ་བདག་གི་མིང་ནག་བསུབ་བཏང་ཡོད་པའི་གནས་ཚུལ་མང་པོ་འབྱུང་བཞིན་པ་དང་། ཁྱིམ་ཐོའི་ནང་མིང་མེད་པ་ཡིན་ན། བསྐྱར་དུ་ཁྱིམ་ཐོའི་ནང་མིང་འཇོག་དགོས་ན། སོ་སོའི་གང་ལ་ཡོད་སའི་གྲོང་ཚོ་དང་སྡེ་ཚོ་ནས་བཟུང་གཞི་རིམ་ལས་ཁུངས་མང་པོའི་ནང་ཡི་གེ་བཟོ་དགོས་པ་དང་། དེ་ཡང་ལས་སླ་པོའི་སྒོ་ནས་ཁྱིམ་ཐོ་ནང་འཇུག་གི་མེད་པར་མ་ཟད། དུས་ཡུན་རིང་པོར་འགོར་འགྱངས་བྱེད་ཀྱི་ཡོད་པ་སོགས་བོད་ལ་ཕྱིར་ལོག་བྱེད་མཁན་ཞིག་ཡིན་ན། དཀའ་ངལ་རབ་དང་རིམ་པ་སྤྲོད་ཀྱིན་འདུག་ཅེས་བརྗོད་སོང་།

གཞན་ཡང་གནས་ཚུལ་ཡོངས་ཁུངས་ནང་འཁོད་པ་ལྟར་ན། རྒྱ་གཞུང་གིས་བོད་ནས་བཙན་བྱོལ་དུ་སོང་པ་རྣམས་རིམ་གྱིས་ཁྱིམ་ཐོ་ནས་མེད་པར་བཟོས་དང་བཟོ་བཞིན་པ་དང་། འབྲོག་ལས་མཉམ་འབྲེལ་གྱི་ལམ་ལུགས་ཟེར་བ་ཞིག་གསར་དུ་ལག་བསྟར་བྱས་ནས། རྩྭ་སའི་བདག་དབང་ཡང་གཞུང་བཞེས་བཏང་དང་གཏོང་བཞིན་ཡོད་པ་ལྟར། རྒྱ་གར་ནས་སློབ་གཉེར་བྱས་ཏེ་ཕྱིར་བོད་དུ་ལོག་མཁན་ཁག་ཅིག་གིས་བོད་ཡུལ་གྱི་ས་ཆ་མང་པོ་ཞིག་ལ་ཉུང་མཐར་ལོ་གསུམ་ནས་ལོ་དྲུག་ཙམ་བར་ཁྱིམ་ཐོ་བསྐྱར་གསོའམ་ཡང་ན་གསར་དུ་བཟོ་ཆོག་གི་མེད་པར་བརྟེན། ལས་ཀ་འཚོལ་བ་དང་། སྒེར་གྱི་ཚོང་ལས་གཉེར་བ། དེ་བཞིན་ས་གནས་གཞན་དུ་འགྲོ་སྐྱོད་བྱེད་པར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་སྐོར་མཁོད་འདུག།

ད་དུང་ཁྱུང་མཆུ་རྫོང་ཁོངས་ནས་ཡིན་པའི་ཕྱིར་བོད་དུ་ལོག་པའི་བོད་མི་ཞིག་བོད་དུ་འབྱོར་སྐབས་ཁྱིམ་ཐོའི་ནང་ནས་བཏོན་ཚར་ཡོད་སྟབས། ས་གནས་སྲིད་གཞུང་ལ་འབྲེལ་བ་བྱས་ཏེ། ཁོ་པ་བོད་ནང་གཏན་སྡོད་བྱ་རྒྱུ་ཡིན་པས་ཁྱིམ་ཐོའི་ནང་བསྐྱར་དུ་འཇུག་དགོས་ཚུལ་ཡར་ཞུ་བྱེད་སྐབས། ཁོང་ལ་ལོ་༦རིང་གཏན་ནས་བཟོ་ཐུབ་ཀྱི་མ་རེད། དེའི་རྗེས་ནས་བཟོ་ཐབས་བྱས་ན་འགྲིག་གི་ཡོད་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད་འདུག།

སྤྱིར་རྒྱ་ནག་གཞུང་གིས་ཕྱི་ལ་ཡོད་པའི་བོད་མི་མང་པོ་ཞིག་ཐོ་གཞུང་ནག་པོའི་ནང་དུ་བཅུག་ཡོད་པ་དང་། མིང་ཐོ་ནག་པོའི་ནང་ཚུད་པའི་བོད་མི་ཞིག་ཡིན་ཚེ། ལོ་༥ ནས་༦ བར་ཐོ་གཞུང་ནག་པོའི་ཁོངས་ནས་འདོན་ཐུབ་ཀྱི་མེད་པ་མཁོད་འདུག་ལ། སྤྱི་ལོ་༢༠༢༢ ལོར་ལྷ་ས་གྲོང་ཁྱེར་གྲྭ་བཞི་མངགས་གཏོང་ཁང་ཟེར་བས། བོད་ལ་གནས་སྤོས་བྱས་པའི་རང་ལོ་བཅོ་བརྒྱད་ཡན་གྱི་རྒྱ་མི་ཚུད་པའི་ཕྱི་མི་མང་པོ་ཞིག་ལ་གཏན་སྡོད་ལག་ཁྱེར་བཟོ་མགོ་བཙུགས་ཡོད་པའི་གནས་ཚུལ་བྱུང་ཡོད་འདུག།

Your browser doesn’t support HTML5

རྒྱ་གཞུང་གིས་རྒྱ་གར་དང་བལ་ཡུལ་ནས་བོད་ནང་ཕྱིར་ལོག་བྱེད་མཁན་ཚོར་དམིགས་བསལ་དམ་དྲག