༄༅།། རྒྱ་ནག་དམར་ཤོག་ཚོགས་པས་དཔལ་འབྱོར་འཕེལ་རྒྱས་བཏང་ནས་སྲིད་དབང་བཟུང་། ད་ལྟ་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་ཡོད་པས་དམར་ཤོག་ཚོགས་པས་མུ་མཐུད་དུ་སྲིད་དབང་འཛིན་ཐུབ་མིན་དེ་ཐེ་ཚོམ་གྱི་གནས་སུ་ཟད་ཅེས་གླེང་སློང་བྱེད་ཀྱི་ཡོད་ཅིང་། ཕྱི་ཟླ་དང་པོའི་ཚེས་༨་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཞིས་ཅིན་ཕིང་གིས་ཕྱི་ལོ་གསར་པའི་སྔ་ནུབ་ཏུ་འཚམས་འདྲིའི་གཏམ་བཤད་བྱས་པ་དེར་ཉམས་ཞིབ་པ་ཚོས་དོ་སྣང་ཆེན་པོ་བྱས་ཡོད་པ་སྟེ། འགའ་ཤས་ཀྱིས་ཞིས་ཅིན་ཕིང་གི་གཏམ་བཤད་ཀྱི་ནང་དོན་གཙོ་བོ་ཐེ་ཝན་དང་རྒྱ་ནག་གཉིས་གཅིག་གྱུར་བྱ་རྒྱུ་དེ་རེད་ཅེས་གོ་བ་བླངས། ལ་ལས་ཌོ་ནལ་ཊམ་བསྐྱར་དུ་སྲིད་འཛིན་ལ་འདེམས་ཐོན་བྱུང་སྟེ་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ནས་དཀའ་ངལ་འཕྲད་རྒྱུར་གདོང་ལེན་ཇི་ལྟར་བྱ་དགོས་མིན་དེ་རེད་ཅེས་བཀྲལ། ཞིས་ཅིན་ཕིང་གི་གཏམ་བཤད་ཀྱི་སྙིང་དོན་ནི་དཔལ་འབྱོར་ཉམས་ན་དམར་ཤོག་ཚོགས་པས་སྲིད་དབང་རྒྱུན་འཛིན་ཐུབ་མིན་ཐད་བློ་འཚབ་ཡོད་པ་ཤུགས་ནས་ཐོན།།
ཉམས་ཞིབ་པ་མང་ཆེ་བས་མའོ་ཙེ་ཏུང་གིས་ལས་འགུལ་རབ་དང་རིམ་པ་སྤེལ་ཏེ་ཁ་གཏད་པ་རྣམས་རྩ་མེད་བཏང་ནས་སྲིད་དབང་བཟུང་བ་རེད། ཏིན་ཞའོ་ཕིང་གིས་ཕྱི་ལ་སྒོ་མོ་ཕྱེ་ནས་མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་བཏང་སྟེ་དམར་ཤོག་ཚོགས་པས་སྲིད་དབང་འཛིན་སྒེར་འཛིན་བྱ་རྒྱུ་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏང་རྒྱུའི་གན་རྒྱ་ལྟ་བུ་ཞིག་བཞག་ནས་སྲིད་དབང་བཟུང་བ་རེད། ད་ལོའི་ཞིས་ཅིན་ཕིང་གི་ཕྱི་ལོ་གསར་པའི་གཏམ་བཤད་ནང་དུ་རྒྱ་ནག་གི་དཔལ་འབྱོར་ཉམས་ཀྱི་མེད། རྒྱལ་ནང་གི་སྤྱི་ཡོངས་ཐོན་སྐྱེད་རྩ་འབོར་ཨ་སྒོར་ཁྲག་ཁྲིག་ཆེན་མོ་༡༧.༧་ལ་འཕར་ཐུབ་ཡོད། དེ་ནི་ཟླ་བ་༡༢་ཀྱི་རིང་རྒྱལ་ནང་གི་སྤྱི་ཡོངས་ཐོན་སྐྱེད་རྩ་འབོར་བརྒྱ་ཆ་༤.༩་འཕར་བ་རེད་ཅེས་ནན་གྱིས་བརྗོད། ཕྱི་ལོ་གསར་པའི་ཉིན་དང་པོར་རྒྱ་ནག་ཉིན་རེའི་ཚགས་པར་གྱིས་ཞིས་ཅིན་ཕིང་གི་གཏམ་བཤད་དེ་སྙིང་སྟོབས་སྐྱེད་བྱེད་ཅིག་རེད། འཛམ་གླིང་གི་ཡར་ཐོན་རྒྱལ་ཁབ་ཁག་གི་དཔལ་འབྱོར་བརྒྱ་ཆ་༡.༥་ཡང་འཕེལ་རྒྱས་འགྲོ་ཐུབ་ཀྱི་མེད་ཀྱང་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་དེ་ངོ་མཚར་ཅན་ཞིག་རེད་ཅེས་བསྟོད་བསྔགས་ཀྱི་རྩོམ་ཡིག་བཀོད།།
ཞིས་ཅིན་ཕིང་གི་གཏམ་བཤད་ནང་དུ་ལོ་རབས་༩༠་པ་ནས་ལོ་ལྟར་དཔལ་འབྱོར་བརྒྱ་ཆ་༡༠་ནས་༡༣་ཡས་མས་རེ་འཕེལ་རྒྱས་ཕྱིན་པ་གླེང་སློང་མ་བྱུང་ཞིང་། ༢༠༢༤་ལོའི་ཞིས་ཅིན་ཕིང་གི་ཕྱི་གསར་པའི་གཏམ་བཤད་ནང་དུ་རྒྱ་ནག་གི་དཔལ་འབྱོར་ལ་དཀའ་ངལ་འཕྲད་ཀྱི་འདུག ང་ཚོས་དཔལ་འབྱོར་སླར་གསོ་བྱས་ནས་མི་མང་ལ་ལས་ཀ་བཀོད་སྒྲིག་བྱ་རྒྱུ་ཡིན་ཞེས་དམ་བཅའ་བཞག གལ་སྲིད་༢༠༢༤་ལོར་རྒྱ་ནག་གི་དཔལ་འབྱོར་བརྒྱ་ཆ་༤.༩་ལས་འཕེལ་རྒྱས་ཕྱིན་མེད་ཚེ། ཞིས་ཅིན་ཕིང་གིས་ཁས་ལེན་བྱས་པ་རྣམས་གྲུབ་མེད་པ་དང་ན་གཞོན་ས་ཡ་མང་པོར་ལས་ཀ་མེད་པའི་དཀའ་ངལ་འཕྲད་བཞིན་པ་སེལ་ཐུབ་མེད་པ་ར་འཕྲོད། ༢༠༢༣་ལོར་རྒྱལ་ནང་སྤྱི་ཡོངས་ཐོན་སྐྱེད་རྩ་འབོར་བརྒྱ་ཆ་༥.༢་འཕེལ་རྒྱས་ཕྱིན་པ་དེ་སྔ་ལོ་བརྒྱ་ཆ་༤.༩་ལ་མར་ཆག་པ་ནི་རྒྱ་ནག་ཉིན་རེའི་ཚགས་པར་སོགས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ངོ་མཚར་ཅན་ཞིག་བྱུང་ཡོད་ཅེས་བསྟོད་བསྔཊ་བྱས་པ་དང་ཡོངས་སུ་འགལ། ཞིས་ཅིན་ཕིང་གིས་དཔལ་འབྱོར་ཉམས་ཀྱི་ཡོད་པ་ངོས་ལེན་བྱས་དོན་ཅི་ཡིན་སུས་ཀྱང་མི་ཤེས།།
རྒྱ་ནག་དམར་ཤོག་ཚོགས་པས་གསར་འགྱུར་བརྒྱུད་ལམ་ཁག་སྟངས་འཛིན་བྱས་ནས་དཔལ་འབྱོར་དང་ཚོང་ལས་ཉམས་ནས་སློབ་ཆེན་ཐོན་པའི་ན་གཞོན་ས་ཡ་མང་པོར་ལས་ཀ་རག་གི་མེད་པ་རྣམས་གླེང་སློང་བྱེད་མི་ཆོག་ཅེས་བཀག གསར་འགྱུར་ལས་ཁུངས་ཁག་ལ་དཔལ་འབྱོར་གྱི་དཀའ་ངལ་དེ་འཛམ་གླིང་ཡོངས་ཀྱི་དཀའ་ངལ་ཞིག་ཡིན་པ་ལས་རྒྱ་ནག་གཅིག་པུའི་དཀའ་ངལ་ཞིག་མིན། ཞིས་ཅིན་ཕིང་གི་འགོ་ཁྲིད་འོག་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་འགྲོ་བཞིན་འདུག་ཅེས་དྲིལ་བསྒྲགས་བྱེད་དུ་འཇུག་གི་ཡོད་པར་མ་ཟད། རྒྱ་གཞུང་གིས་མི་རིགས་རིང་ལུགས་ཀྱི་ལྟ་བ་བསླངས་ནས་སྲིད་དབང་འཛིན་ཐབས་བྱེད་ཀྱི་ཡོད་མོད། འོན་ཀྱང་ཕུགས་སུ་མི་རིགས་རིང་ལུགས་ཀྱིས་རྒྱ་ནག་གི་དཔལ་འབྱོར་སླར་གསོ་དང་ན་གཞོན་ཚོར་ལས་ཀ་སྤྲོད་ཐུབ་རྒྱུ་ཤིན་ཏུ་དཀའ། དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་པ་དེ་འཕེལ་རྒྱས་འགྲོ་བཞིན་ཡོད་ཅེས་བསྒྱུར་ན་གྲུབ་འབྲས་ཐོན་ཐུབ་རྒྱུ་དེ་བས་ཀྱང་དཀའ་ཞེས་གནས་ཚུལ་སྤེལ་འདུག
རྒྱ་ནག་གཞུང་གིས་ཕྱིར་བསྒྲགས་བྱས་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གཞི་གྲངས་དེ་བདེན་པ་ཡིན་མི་སྲིད་ཅེས་ཐེར་འདོན་བྱས་ན་ཞིས་ཅིན་ཕིང་ཁོང་ཁྲོས་བརྟས། ཕྱི་ཟླ་དང་པའི་ཚེས་༨་ཉིན་ཝོལ་སི་ཊི་རི་ཊི་འཇར་ནལ་ཚགས་པར་ལ་གསར་འགྱུར་ཐོན་པ་ལྟར་ན། ཟླ་བ་སྔོན་མར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཚོགས་པའི་དཔལ་འབྱོར་གླེང་སྟེགས་ཤིག་ཏུ་རྒྱ་ནག་གི་དཔལ་འབྱོར་རིག་པ་བ་གའོ་ཧྲན་ཝེན་(Gao Shanwen)་གྱིས་ས་ཁང་ཚོང་ལས་རྣམས་མ་རྩ་བརྡིབས། ས་གནས་སྲིད་གཞུང་ཁག་བུ་ལོན་ནང་དུ་ཚུད། རྒྱ་ནག་ལ་དཀའ་ངལ་སྣ་མང་ཞིག་ཡོད་པས་དཔལ་འབྱོར་བརྒྱ་ཆ་༥་ཙམ་འཕེལ་རྒྱས་ཕྱིན་ཡོད་པའི་ཁྱབ་བསྒྲགས་བྱས་པ་དེ་བདེན་མི་སྲིད་ཅེས་བསྟན། ཞིས་ཅིན་ཕིང་གིས་སྐད་ཆ་ཐོས་པའི་རྗེས་སུ་འཕྲལ་དུ་གའོ་ཧྲན་ཝེན་ལ་ཞིབ་འཇུག་བྱས་ནས་ཉེས་ཆད་གཅོད་དགོས་ཞེས་བཀའ་ཕབ། དཔལ་འབྱོར་གླེང་སྟེགས་ཚོགས་འདུ་དེ་ཕི་ཊར་སན་ཞིབ་འཇུག་ཁང་གི་རྒྱལ་སྤྱིའི་དཔལ་འབྱོར་ལྟེ་གནས་ཁང་དང་རྒྱ་ནག་གི་ཞིབ་འཇུག་ཁང་ཞིག་གིས་མཉམ་དུ་བསྡུས།།
ཉེ་ཆར་ཕྱི་ཟླ་༡༢་པའི་ཚེས་༡༢་ཉིན་གའོ་ཧྲན་ཝེན་གྱིས་རྒྱ་ནག་གི་དཔལ་འབྱོར་ཐོན་སྐྱེད་ཀྱི་གཞི་གྲངས་དེ་ཚོར་ཡིད་རྟོན་རུང་མིན་ཐེ་ཚོམ་རེད། ངས་ཚོད་དཔག་བྱས་ན་འདས་པའི་ལོ་གཉིས་གསུམ་ཞིག་གི་རིང་རྒྱ་ནག་གཞུང་གིས་དཔལ་འབྱོར་བརྒྱ་ཆ་༥་འཕེལ་རྒྱས་ཕྱིན་ཡོད་ཟེར་གྱི་ཡོད་ཀྱང་དོན་དམ་དུ་དཔལ་འབྱོར་བརྒྱ་ཆ་༢་ལས་འཕེལ་རྒྱས་བྱུང་ཡོད་ས་མ་རེད། ཁོ་ཚོས་དཔལ་འབྱོར་སླར་གསོ་བྱ་ཐབས་བྱེད་ཀྱི་ཡོད་པའང་གཡོ་ཐབས་ཤིག་ཡིན་ཤས་ཆེ། མཐའ་མཇུག་རྒྱ་ནག་གི་འགོ་ཁྲིད་ཚོས་ཁས་ལེན་བྱས་པ་རྣམས་བསྒྲུབ་ཐུབ་རྒྱུ་ཁག་པོ་རེད་ཅེས་བཤད། གའོ་ཧྲན་ཝེན་རྒྱ་ནག་གི་དཔལ་འབྱོར་ལམ་སྟོན་པའི་གོ་གནས་ནས་གནས་དབྱུང་བཏང་མེད་ཀྱང་དུས་ཚོད་ངེས་མེད་ཀྱི་བར་དུ་ཚོགས་འདུ་ཚོགས་ཁག་ལ་ཞུགས་ནས་གཏམ་བཤད་བྱེད་མི་ཆོག་པའི་ཉེས་ཆད་ཕོག གའོ་ཧྲན་ཝེན་གྱི་སྐྱོན་བརྗོད་དེ་ཞིས་ཅིན་ཕིང་ལ་ཚོར་སྐྱེན་རྣོན་པོ་ཞིག་ཏུ་གྱུར་དགོས་དོན་ནི་རྒྱ་ནག་གི་དཔལ་འབྱོར་དཀའ་ངལ་ཆེན་པོའི་ནང་དུ་ཚུད་ཡོད་པ་གསལ་བཀྲོལ་བྱུང་བ་རེད་ཅེས་དཔྱད་བརྗོད་སྤེལ་འདུག
རྒྱ་ནག་གི་ས་ཁང་ཚོང་ལས་མ་རྩ་བརྡིབས་ནས་མང་ཚོགས་ཀྱི་རྒྱུ་དངོས་ཨ་སྒོར་ཁྲག་ཁྲིག་ཆེན་མོ་༡༨་རྩ་བརླག་ཏུ་སོང་། ས་གནས་སྲིད་གཞུང་ཁག་གི་བུ་ལོན་དེ་རྒྱལ་ནང་སྤྱི་ཡོངས་ཐོན་སྐྱེད་རྩ་འབོར་གྱི་བརྒྱ་ཆ་༣༠༠་ལོངས་གྲབས་སུ་གྱུར། མང་ཚོགས་ཀྱི་དཔལ་འབྱོར་ཡོང་འབབ་ཉུང་དུ་སོང་སྟེ་བཟོ་ལས་ཀྱི་ཐོན་སྐྱེད་རྣམས་རིན་གོང་ཆག་པ་དང་བཙོང་མ་ཐུབ། ཁང་པ་རྣམས་ཉོ་མཁན་དང་གླ་མཁན་མེད་པར་སྟོང་པར་ལུས། སྔ་ལོ་རྒྱ་ནག་གི་དཔལ་འབྱོར་རིག་པ་བ་ཀྲུའུ་ཧེང་ཕེང་(Zhu Hengpeng)་གིས་སྒེར་གྱི་སྐད་འཕྲིན་ཚོགས་པ་ཞིག་གི་ནང་དུ་ཞིས་ཅིན་ཕིང་ལ་དཔལ་འབྱོར་འཛིན་སྐྱོང་གི་འཇོན་ཐང་མི་འདུག་ཅེས་གཤེས། རྒྱ་གཞུང་གིས་ཀྲུའུ་ཧེང་ཕེང་ལ་ཞིབ་འཇུག་བྱས་ནས་བཀག་ཉར་བྱས་པ་དང་ལས་གནས་ནས་ཕྱུང་། རྒྱ་ནག་གི་ཤེས་ཡོན་ཅན་དང་ཕྱུག་བདག་ཚོས་ཀྱང་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོར་དཔལ་འབྱོར་འཛིན་སྐྱོང་གི་ཉམས་མྱོང་དང་འཇོན་ཐང་མི་འདུག་ཅེས་གླེང་། དེས་ན་རྒྱ་ནག་གཞུང་གིས་མི་དེ་ཚོ་དམར་ཤོག་ཚོཊ་པའི་ལྟ་བ་དང་ལངས་ཕྱོགས་ལ་འགལ་གྱི་འདུག་ཅེས་རྡུང་རྡེག་བཏང་འདུག
གཟའ་མཇུག་དེར་ཞིས་ཅིན་ཕིང་གི་ལས་ཁུངས་ཀྱི་སྤྱི་ཁྱབ་འགན་འཛིན་ཚེ་ཆི་(Cai Qi)་ཡིས་རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་ལས་ཁུངས་ཁག་གི་འགོ་ཁྲིད་ཚོར་རྒྱལ་ཁབ་ཀྱི་དཔལ་འབྱོར་དམིགས་ཚད་བཟུང་བ་ལྟར་འཕེལ་རྒྱས་ཕྱིན་ཡོད་ཅེས་དྲིལ་བསྒྲགས་བྱ་རྒྱུ་ཤུགས་ཆེ་རུ་ཐོངས། རྒྱ་ནག་གི་དཔལ་འབྱོར་ཉམས་ཀྱི་འདུག་ཟེར་མཁན་ཚོར་དགག་པ་ནན་པོ་རྒྱག་དགོས་ཞེས་ནན་གྱིས་བསྐུལ། ཞིས་ཅིན་ཕིང་གིས་ཕྱི་ལོ་གསར་པའི་གཏམ་བཤད་སྐབས་སུ་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕྱོགས་སུ་སྐྱོད་ཀྱི་ཡོད། ཨ་རི་དང་ཚོང་དམག་ལངས་ཀྱང་གྲ་སྒྲིག་ཡོད་ཅེས་བསྒྲགས། ཡིན་ནའང་ཕྱི་རྒྱལ་གྱི་མ་རྩ་འཛུགས་མཁན་ཚོས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕྱོགས་སུ་སྐྱོད་ཀྱི་ཡོད་པའི་ངེས་པ་མ་རྙེད། ༢༠༢༥་འགོ་ཚུགས་ནས་བཟུང་སྟེ་རྒྱ་ནག་གི་མ་རྐང་ཁྲོམ་ར་བརྒྱ་ཆ་༢.༩་ཆག་པ་དང་རྒྱ་ནག་མི་དམངས་ཀྱིས་སྔར་བཞིན་དངུལ་སྒོར་འགྲོ་གྲོན་མ་བཏང་བར་རྒྱལ་ནང་གི་ཚོང་ལས་སླར་གསོ་ཐུབ་ཀྱི་མེད་པའི་གནས་ཚུལ་ཐོན་འདུག