༄༅།། སི་རི་ཡའི་གྱེན་ལོག་པ་ཚོས་ཨ་ལེ་པོ་དང་ཧ་མ་སོགས་གྲོང་ཁྱེར་དང་གྲོང་རྡལ། གྲོང་ཚོ་བཅས་ས་གནས་༢༥༠་ལྷག་བླངས། གཟའ་འཁོར་གཅིག་གི་ནང་དུ་སི་རི་ཡའི་གྱེན་ལོག་པའི་དབང་བསྒྱུར་འོག་ཏུ་ཚུད་པའི་ས་ཁྱོན་ལྡབ་གཉིས་རྒྱ་བསྐྱེད། ཕྱི་ཟླ་༡༢་པའི་ཚེས་༥་ཉིན་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། སི་རི་ཡའི་གཞུང་དམག་གིས་གྱེན་ལོག་པར་འགོག་རྒོལ་ཙམ་ཡང་མ་བྱས་པར་ཧ་མ་གྲོང་ཁྱེར་ནས་བྲོས། ད་ལྟ་སྲིད་འཛིན་ཨ་ས་དའི་སྲིད་གཞུང་བརྟན་རྒྱུ་ཡིན་མིན་ཐེ་ཚོམ་དུ་གྱུར། གལ་སྲིད་ར་ཤི་ཡ་དང་ཨི་རན་གཉིས་ཀྱིས་སི་རི་ཡའི་སྲིད་འཛིན་ཨ་ས་དའི་སྲིད་གཞུང་སྐྱོབ་མ་ཐུབ་ན་གྱེན་ལོག་པས་མགོ་རྟིང་སློག་སྲིད། ར་ཤི་ཡ་ལོ་ཤས་སྔོན་ནས་ཡུཀ་རེན་གྱི་དམག་འཁྲུག་ནང་དུ་ཚུད། ཨི་རན་གྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་ཧི་ཛི་བྷུ་ལཱ་འཇབ་དམག་ཤོག་ཁག་སྟོབས་ཤུགས་ཉམས། སི་རི་ཡའི་གྱེན་ལོག་པ་ཚོར་ཏུར་ཀིའི་གཞུང་གི་རྒྱབ་སྐྱོར་ཐོབ། སྐབས་འགར་ཨ་རི་དང་ཨི་སི་རལ་གྱིས་སི་རི་ཡའི་གཞུང་དམག་ལ་རྒོལ་རྡུང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག
ཧ་མ་གྲོང་ཁྱེར་ནི་སི་རི་ཡའི་བྱང་ཕྱོགས་ཀྱི་ཨ་ལེ་པོ་དང་རྒྱལ་ས་ཌ་མ་སི་ཀ་གཉིས་ཀྱི་བར་དུ་ཆགས་ཡོད་ཅིང་། གྱེན་ལོག་པ་ཚོས་ཧ་མ་གྲོང་ཁྱེར་བླངས་པའི་རྗེས་སུ་རྒྱལ་ས་ཌ་མ་སི་ཀར་དཔུང་འཇུག་བྱ་རྒྱུ་སྟབས་བདེ་རུ་སོང་། ཨི་རན་དང་ར་ཤི་ཡ་གཉིས་ཀྱིས་སྲིད་འཛིན་ཨ་ས་དའི་གཞུང་ལ་དཔུང་གྲོགས་མ་བཏང་ན་གྱེན་ལོག་པ་རྣམས་མདུན་སྐྱོད་བྱེད་ཀྱི་ཡོད་པ་འགོག་དཀའ། སི་རི་ཡའི་གཞུང་དམག་གིས་མང་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོབ་ཆེད་དུ་དམག་མི་རྣམས་གྲོང་ཁྱེར་ཕྱི་ལོགས་སུ་ཕྱིར་འཐེན་བྱས་པ་ཡིན་ཞེས་གསལ་བསྒྲགས་སྤེལ། ཁ་སང་གཟའ་ཕུར་བུའི་ཉིན་གྱེན་ལོག་པ་ཚོས་ཧ་མ་ནས་ཧོམ་སི་ལ་དཔུང་འཇུག་བྱ་རྒྱུ་ཡིན། དེ་ནས་དབྱིན་ལེ་༡༡༥་མཚམས་སུ་ཆགས་པའི་རྒྱལ་ས་ཌ་མ་སི་ཀར་དཔུང་འཇུག་བྱ་རྒྱུ་ཡིན་ཞེས་སྤྱི་ཚོགས་དྲྭ་ལམ་དུ་བརྙན་ཐུང་ཞིག་བཀྲམ། རྒྱལ་ས་ཌ་མ་སི་ཀ་གཞུང་དམག་འཐབ་འཁོར་དཔུང་སྡེ་བཞི་པ་དང་ཨི་རན་གྱི་ཡུལ་དམག་གིས་སྲུང་སྐྱོབ་བྱེད་བཞིན་པའི་གནས་ཚུལ་ཐོན་འདུག
སི་རི་ཡའི་གྱེན་ལོག་རྗེས་ཀྱི་ཆབ་སྲིད་དང་དཔལ་འབྱོར་སླར་གསོ་ཞེས་པའི་དཔེ་དེབ་རྩོམ་པ་པོ་ཇཱོ་སེབ་ཌ་ཧེར་(Jaseph Daher)་གྱིས་བཤད་པ་ལྟར་ན། སི་རི་ཡའི་ནང་འཁྲུག་དུས་སུ་ཨི་རན་དང་ར་ཤི་ཡ་གཉིས་ཀྱིས་སྲིད་འཛིན་ཨ་ས་ཌ་བསྐྱབས་པ་རེད། ར་ཤི་ཡ་དང་ཨི་རན་གཉིས་ཀྱིས་སྲིད་འཛིན་ཨ་ས་ཌའི་གཞུང་ལ་རྒྱབ་སྐྱོར་མ་བྱས་པར་བདག་མེད་དུ་འཇོག་མི་སྲིད། འོན་ཀྱང་སི་རི་ཡའི་གཞུང་དམག་གིས་ཤོར་ཟིན་པའི་ས་ཆ་རྣམས་ར་ཤི་ཡ་དང་ཨི་རན་གཉིས་ཀྱིས་ཕྱིར་ལེན་བྱ་རྒྱུ་ཡིན་མིན་དང་ཕྱིར་ལེན་བྱེད་ཐུབ་རྒྱུ་ཡིན་མིན་ནི་སུས་ཀྱང་མི་ཤེས། ཨི་རན་དང་ཨི་སི་རལ་གཉིས་གདོང་ཐུག་བྱུང་ནས་ཨི་རན་གྱི་སྟོབས་ཤུགས་ཟད། ལེ་བྷ་ནན་གྱི་ཧི་ཛི་བྷུ་ལཱ་འཇབ་དམག་ཤོག་ཁག་ཨི་སི་རལ་གྱིས་རྩ་མེད་བཏང་ཡོད་པས་ཨི་རན་ལག་པ་བཅད་པ་ལྟར་དུ་གྱུར་ནས་སི་རི་ཡར་དཔུང་གྲོགས་ཆེན་པོ་ཞིག་མ་ཐུབ། ཐོག་མར་སི་རི་ཡར་ནང་འཁྲུག་ལངས་པའི་དུས་སུ་ཨི་རན་གྱིས་ཧི་ཛི་བྷུ་ལཱ་འཇབ་དམག་བཏང་ནས་སྲིད་འཛིན་ཨ་ས་དའི་གཞུང་དམག་ལ་རྒྱབ་སྐྱོར་བྱས་པ་རེད་ཅེས་བསྟན།།
ཕྱི་ཟླ་༡༢་པའི་ཚེས་༥་ཉིན་ཚོང་ལས་ནང་ཚགས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ར་ཤི་ཡ་དཀྱིལ་ཐིགས་རྒྱ་མཚོའི་ནང་དུ་བསྐྱོད་པའི་འཛུལ་སྒོ་དེ་སི་རི་ཡ་ཡིན་ཞིང་། སི་རི་ཡའི་ས་ཐོག་ཏུ་ར་ཤི་ཡའི་མཚོ་དམག་དང་གནམ་དམག་གི་དམག་སྒར་ཚུགས། ར་ཤི་ཡའི་ཁེ་ཕན་ཆེད་དུ་ཨ་ཧྥི་རི་ཀར་དམག་དོན་ལས་འགུལ་སྤེལ་དགོས་ན་ངེས་པར་དུ་དཀྱིལ་ཐིགས་རྒྱ་མཚོ་བརྒྱུད་ནས་སྤེལ་དགོས་པས་སི་རི་ཡའི་སྲིད་འཛིན་ཨ་ས་དའི་གཞུང་དང་ར་ཤི་ཡ་གཉིས་འབྲེལ་བ་བཟང་པོ་ཡོད་པ་རྒྱུན་འཛིན་བྱ་རྒྱུ་གནད་འགག་ཆེ། ཉེ་བའི་ལོ་ཤས་ཤིག་ནས་ར་ཤི་ཡའི་གཞུང་གིས་ཝ་གྷ་ན་གླས་དམག་ཚོགས་པ་བརྒྱུད་ནས་དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་ཨི་རན་དང་སོ་ཌི་ཨ་རེ་བྷི་ཡར་སོགས་འབྲེལ་བ་བཙུགས་པར་མ་ཟད། ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་ལ་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུའི་ཁས་ལེན་བྱས་ནས་ཨ་མི་རི་ཀར་ཁ་གཏད་བཅག ཉམས་ཞིབ་པ་ཚོས་སི་རི་ཡའི་སྲིད་གཞུང་ཕམ་ན་ར་ཤི་ཡར་གྱོང་གུད་ཆེན་པོ་རེད་ཟེར།།
འཐབ་ཇུས་དང་རྒྱལ་སྤྱི་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ན་ཏ་ཤ་ཧོལ་(Natash Hall)་གྱིས་བཤད་པ་ལྟར་ན། ཕུ་ཊིན་གྱིས་ར་ཤི་ཡར་འབྲེལ་བ་བཟང་པོ་ཡོད་པའི་སི་རི་ཡའི་སྲིད་གཞུང་མགོ་རྟིང་སློག་ཏུ་འཇུག་གི་མ་རེད། སི་རི་ཡའི་ས་ཐོག་ཏུ་ཡོད་པའི་ར་ཤི་ཡའི་གནམ་དམག་དང་མཚོ་དམག་གི་དམག་སྒར་ཁག་སྒོ་རྒྱག་དགོས་བྱུང་ན་དཀྱིལ་ཤར་ས་ཁུལ་དུ་ར་ཤི་ཡའི་སྟོབས་ཤུགས་ཉམས་པ་རེད། ལོ་ཤས་གོང་དུ་སི་རི་ཡའི་མཚོ་ཁར་ར་ཤི་ཡའི་དམག་གྲུ་གཅིག་ཀྱང་ཡོད་པ་མ་རེད། ད་ལྟ་ར་ཤི་ཡའི་དམག་གྲུ་༣༠་ཡས་མས་ཤིག་འགྲེམ་འཇོག་བྱས་འདུག་ཅེས་བཀྲལ། ཧ་ཚིན་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཛི་ནེབ་རི་བྷོ་ཝ་ཞེས་པ་ཞིག་གིས་ར་ཤི་ཡས་དཀྱིལ་ཐིགས་རྒྱ་མཚོ་བརྒྱུད་ནས་ས་ཧེལ་དང་ལི་བི་ཡ་སོགས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། སི་རི་ཡའི་ས་ཐོག་གི་དམག་སྒར་ཁག་མེད་ན་ཕུ་ཊིན་གྱིས་ཨ་ཧྥི་རི་ཀ་དང་དཀྱིལ་ཤར་ས་ཁུལ་དུ་འཛིན་པའི་སྲིད་ཇུས་རྣམས་མ་གྲུབ་པ་རེད་ཅེས་བཤད་འདུག
དཀྱིལ་ཤར་ས་ཁུལ་དང་ཨ་ཧྥི་རི་ཀ་ཞིབ་འཇུག་ཁང་གི་ཕྱི་སྲིད་ཉམས་ཞིབ་པ་སི་ཊི་ཝེན་ཁུཀ་(Steven Cook)་ཡིས་བཤད་པ་ལྟར་ན། ཨི་རན་གྱིས་སི་རི་ཡའི་ས་ཐོག་ཏུ་དམག་སྒར་བཅུ་ཕྲག་འགའ་ཞིག་བཙུགས་ནས་ཧི་ཛི་བྷུ་ལཱ་འཇབ་དམག་ཤོག་ཁག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། དེ་བཞིན་སི་རི་ཡའི་ས་ཐོག་ཏུ་ཨི་རན་གྱིས་མཚོན་ཆ་བཟོས་ནས་ཕྱི་ལ་སྐྱེལ་འདྲེན་བྱེད་ཀྱི་འདུག ཧི་ཛི་བྷུ་ལཱ་འཇབ་དམག་ཤོག་ཁག་ལ་རྒྱབ་སྐྱོར་རམ། ཡང་ན་དེ་ལ་བཀོད་འདོམས་བྱེད་མཁན་ཨི་རན་གྱི་དམག་དཔོན་ཚོ་སི་རི་ཡའི་ས་ཐོག་ཏུ་གཞིས་ཚུགས་འདུག་ཅེས་གསལ་བཀྲོལ་བྱས། ཨི་རན་གཞུང་གིས་པ་ལི་སི་ཐན་གྱི་ཧ་མ་སི་ཤོག་ཁག་ལ་རྒྱབ་སྐྱོར་བྱས་ཀྱང་ཕན་ཐོགས་མ་བྱུང་། ཁོ་ཚོས་ལོ་མང་རིང་སྐྱེད་སྲིང་བྱས་པའི་ཧི་ཛི་བྷུ་ལཱ་འཇབ་དམག་ཤོག་ཁག་ཀྱང་ཨི་སི་རལ་གྱིས་རྨེག་མེད་དུ་བཅོམ། ས་རི་ཡའི་གྱེན་ལོག་པ་ཚོས་སྲིད་འཛིན་ཨ་ས་དའི་སྲིད་གཞུང་མགོ་རྟིང་བསློགས་ན་ཨི་རན་གྱི་ཤུགས་རྐྱེན་རྦད་དེ་ཉམས་སྲིད་ཅེས་བཤད་འདུག
གཟའ་ཕུར་བུའི་ཉིན་ཧི་ཛི་བྷུ་ལཱ་འཇབ་དམག་གི་འགོ་ཁྲིད་ནེ་ཡམ་ཀ་སིམ་(Naim Qassem)་གྱིས་ཨ་རི་དང་ཨི་སི་རལ་གྱིས་ངན་སྐུལ་བྱས་ནས་སི་རི་ཡར་འཇིགས་སྐུལ་རིང་ལུགས་ཀྱི་བཙན་འཛུལ་འབྱུང་གི་འདུག ང་ཚོ་ཧི་ཛི་བྷུ་ལཱ་འཇབ་དམག་ཤོག་ཁག་སི་རི་ཡའི་རྒྱབ་ཏུ་ལངས་ནས་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ། སི་རི་ཡའི་རྒྱལ་སྲུང་བློན་ཆེན་གྱིས་ང་ཚོ་རང་གི་དམག་དཔུང་དང་མི་དམངས། རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོའི་ལམ་སྟོན་དང་མཐུན་གྲོགས་རྒྱལ་ཁབ་ཁག་གི་རྒྱབ་སྐྱོར་ལ་བརྟེན་ནས་དཀའ་ངལ་འདིར་གདོང་ལེན་བྱེད་ཐུབ་ཅེས་རྒྱལ་ཡོངས་བརྙན་འཕྲིན་ནང་དུ་བསྒྲགས། ཡིན་ནའང་གྱེན་ལོག་པ་ཚོས་ཧ་མ་གྲོང་ཁྱེར་བླངས་ནས་བཙོན་པ་རྣམས་གློད་གྲོལ་བཏང་སྟེ་བཟའ་མི་རྣམས་ལྷན་འཛོམ་བྱུང་། ༡༩༨༢་ལོར་སྲིད་འཛིན་ཨ་ས་ཌའི་ཨ་ཕ་ཧ་ཧྥེ་སི་ཨལ་ཨ་ས་དས་དམག་བཏང་སྟེ་ཧ་མ་གྲོང་ཁྱེར་གྱི་གྱེན་ལོག་ལ་དྲག་གནོན་བྱས་ནས་མི་སྟོང་ཕྲག་མང་པོ་བསད།།
ཕྱི་ཟླ་༡༢་པའི་ཚེས་༦་ཉིན་རོ་ཡེ་ཊར་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་པ་སངས་ཉིན་ཨི་རན་གཞུང་གིས་སི་རི་ཡར་འཕུར་མདེལ་དང་ཁ་ལོ་བ་མེད་པའི་འཕུར་གྲུ། དམག་དོན་སློབ་སྟོན་པ་བཏང་སྟེ་སྲིད་འཛིན་ཨ་ས་ད་ལ་རྒྱབ་སྐྱོར་བྱ་རྒྱུའི་གསལ་བསྒྲགས་སྤེལ། ཧོམ་སི་གྲོང་ཁྱེར་གྱེན་ལོག་པའི་ལག་ཏུ་ཤོར་ན་རྒྱལ་ས་ཌ་མ་སི་ཀ་ནས་སི་རི་ཡའི་མཚོ་ཁར་བསྐྱོད་པའི་རྒྱ་ལམ་དེ་འགག་རྒྱུ་ཡིན་ཞིང་། དེས་ན་སི་རི་ཡའི་མཚོ་ཁ་ཆགས་པའི་ར་ཤི་ཡའི་དམག་སྒར་ཁག་དང་རྒྱལ་ས་ཌ་མ་སི་ཀ་གཉིས་ཀྱི་འབྲེལ་བ་ཆད་རྒྱུའི་རྟགས་མཚན་ཞིག་མངོན། ༢༠༡༡་ནས་སི་རི་ཡར་ནང་འཁྲུག་ལངས་ཏེ་གཞུང་དམག་གིས་ས་ཁྱོན་བརྒྱ་ཆ་༧༠་ཙམ་དང་གྱེན་ལོག་པས་ས་ཁྱོན་བརྒྱ་ཆ་༣༠་ཙམ་བཟུང་ནས་བསྡད། སི་རི་ཡའི་གྱེན་ལོག་པ་ཚོས་སྲིད་གཞུང་གསར་པ་ཞིག་བཙུགས་ཏེ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བྲོས་པའི་སྐྱབས་བཅོལ་བ་རྣམས་རང་ཡུལ་ལ་ཕྱིར་ལོག་བྱེད་དུ་འཇུག་རྒྱུ་ཡིན་ཞེས་ཨ་རིའི་སི་ཨེན་ཨེན་གསར་ཁང་གི་གསར་འགོད་པར་གླེང་མོལ་བྱས་འདུག