རྟ་དབང་དགོན་པའི་མཁན་ཟུར་གུ་རུ་སྤྲུལ་སྐུར་པདྨ་ཤྲི་གཟེངས་རྟགས་ཐོབ།

༄༅།། ༢༠༢༢་ལོའི་ཕྱི་ཟླ་༡་པའི་ཚེས་༢༦་སྟེ། རྒྱལ་གར་གྱི་སྤྱི་མཐུན་དུས་ཆེན་ཉིན་མོར་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་པའི་མཁན་པོ་ཟུར་པ་གུ་རུ་སྤྲུལ་སྐུར་རྒྱ་གར་གཞུང་གི་པདྨ་ཤྲི་གཟེངས་རྟགས་ཐོབ་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་རྒྱ་གར་གྱི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། གུ་རུ་སྤྲུལ་སྐུ་ནི་ཨ་རུ་ན་ཅལ་མངའ་སྡེའི་ནང་པའི་བླ་ཆེན་མཐོ་གྲས་ཤིག་ཡིན་པ་དང་༢༠༡༦་བར་དུ་རྟ་དབང་དགོན་པའི་མཁན་པོའི་ཐུགས་འགན་བཞེས། ཁོང་གིས་མོན་པ་དང་རྒྱ་གར་མི་དམངས་ལ་ཆོས་ཕྱོགས་ཀྱི་སྲི་ཞུ་བསྒྲུབས་པའི་མཛད་རྗེས་ལ་བསྔགས་བརྗོད་དང་ངོས་འཛིན་ཞུ་བར་པདྨ་ཤྲི་ཞེས པའི་རྒྱ་གར་གྱི་ཞི་བའི་སྤྱི་དམངས་ཀྱི་གཟེངས་རྟགས་དེ་ཕུལ་བ་རེད་ཅེས་བཀོད། ཨ་རིའི་རླུང་འཕྲིན་ཁང་གིས་གུ་རུ་སྤྲུལ་སྐུར་པདྨ་ཤྲི་གཟེངས་རྟགས་ཐོབ་པར་ཐུགས་ཚོར་ཅི་བྱུང་བཀའ་འདྲི་ཞུས།།

ཁོང་གིས་ད་རེས་ང་ལ་ཆོས་ཕྱོགས་ཀྱི་སྡེ་ཚན་ཁོངས་སུ་ངའི་བྱས་རྗེས་ལ་ངོས་འཛིན་གནང་ནས་པདྨ་ཤཱི་གཟེངས་རྟགས་ཐོབ་པ་འདྲ། གཟེངས་རྟགས་སྤྲོད་མཁན་ཚོས་དགོངས་པ་ཅི་ཞིག་བཞེས་ནས་གནང་བ་ཡིན་མིན་ནི་ངས་ཞུ་ཚོད་ཐིག་གི་མི་འདུག འོན་ཀྱང་ང་རང་གིས་ཚོད་དཔག་བྱས་ན་ང་ཚོ་གྲྭ་པ་དང་བླ་མ་སྤྲུལ་སྐུ་ཟེར་བ་དེས་ཆོས་ཕྱོགས་དང་དཔལ་ནཱལེནྡྲའི་ཆོས་རྒྱུད་ལ་ཐོས་བསམ་སྒོམ་བྱེད་ཀྱི་ཡོད་པ་ནི་གསལ་པོ་རེད། ལྷག་པར་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ང་ཚོར་བསླབ་པ་སློབ་གཉེར་གྱི་གོ་སྐབས་ཐོབ་པ་རེད། སློབ་གཉེར་ཐོན་པའི་གཞུག་ཏུ་སོ་སོའི་ལས་དོན་སྒྲུབ་ཕྱོགས་ལ་བསམ་བློ་བཏང་ན་གཙོ་བོ་ཆོས་ཕྱོགས་ལ་འབྲེལ་བ་ཡོད་པའི་ལས་ཀ་དེ་མང་ཤོས་བསྒྲུབས་འདུག ང་ལ་མཚོན་ན་རྟ་དབང་དགོན་པ་གཙོས་དགོན་སྡེ་ཁག་གི་དགེ་འདུན་པའི་སློབ་གཉེར་ལ་ཤུགས་སྣོན་བརྒྱབ་པ་ཡིན། ང་རྟ་དབང་དགོན་པར་ཡོད་པའི་དུས་སུ་ས་གནས་ཡུལ་མིའི་སྐད་དུ་ཆོས་བསླབས་ནས་ཕན་ཐོགས་ཆེན་པོ་འདུག་ཟེར་མཁན་མང་པོ་ཡོད་པ་རེད། སྤྱིར་བཏང་སྐད་བརྡ་མ་འཕྲོད་པ་ནི་ས་ཕྱོགས་ཀུན་ཏུ་འབྱུང་གི་ཡོད་ཀྱང་ང་ཚོའི་ས་གནས་ཡུལ་མི་ཚོར་སྐད་ཡིག་གཞན་ཞིག་ནས་ཆོས་བསླབས་ན་གོ་མི་ཐུབ་པ་དང་ངས་ས་གནས་ཀྱི་ཡུལ་སྐད་དུ་ནང་ཆོས་སློབ་ཁྲིད་ཤུགས་ཆེན་པོ་བྱས་པ་རེད། དེར་བརྟེན་ས་གནས་ཡུལ་མི་ཚོའི་སེམས་ལ་ཕན་པོ་དང་འཇུག་པོ་ཞིག་ཏན་ཏན་བྱུང་ཡོད་ས་རེད། ངས་རང་གིས་རང་ལ་བསྟོད་པ་མིན་རུང་བློ་གཟུ་བོར་གནས་པ་མང་པོ་ཞིག་གིས་དེ་འདྲ་ཟེར་གྱི་འདུག ཁོ་ཚོར་ཆོས་ལུགས་གཅིག་པུ་མིན་པར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསུངས་པའི་བྱམས་པ་དང་སྙིང་རྗེ། བཟོད་བསྲན། སྤྱི་ཚོགས་འཆམ་མཐུན་སོགས་ལ་མཛད་སྒོ་ཚོགས་ས་དང་ཡུལ་མིའི་འདུ་འཛོམས་སོགས་ཀྱི་སྐབས་སུ་སྐད་ཆ་མང་པོ་བཤད་པ་ཡིན། དེའི་ཐོག་ནས་ངས་ལེགས་སྐྱེས་ཕྲན་བུ་ཞིག་འབུལ་ཐུབ་མེད་དམ་སྙམ་པའི་ཚོད་དཔག་བྱེད་ཀྱི་ཡོད། ང་ཆོས་ཕྱོགས་ཀྱི་སྡེ་ཚན་ཁོངས་སུ་བདམས་པའང་ཧ་ཅང་འོས་འཚམས་བྱུང་འདུག་དྲན་བྱུང་། ང་ཚོར་ཆབ་སྲིད་དང་དཔལ་འབྱོར། ཡང་ན་སྒྱུ་རྩལ་གྱི་ཡོན་ཏན་ནི་གང་ཡང་མེད། ང་ཚོར་ཡོད་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཟབ་མོ་འདིའི་ཐོག་ཏུ་བག་ཆགས་བཞག ཐོས་བསམ་སྒོམ་གསུམ་བྱས་པ་རེད། མི་ལའང་དེའི་ཐོག་ནས་ཕན་ཐོགས་སྒྲུབ་ན་མ་གཏོགས་གཞན་པ་མེད་པས་གདམ་སྟངས་དེ་ཏག་ཏག་བྱུང་འདུག་དྲན་བྱུང་། ངས་མ་འོངས་པར་ཅི་ཞིག་བསྒྲུབ་རྒྱུ་ཡིན་པ་ཞུས་ཚེ། ངས་ད་ལྟའི་ཆ་ལའང་དགོན་པ་གྲྭ་ཚང་གི་འཛིན་སྐྱོང་དང་གཞོན་སྐྱེས་མང་པོ་ཞིག་ལ་སློབ་སྦྱོང་སྤྲོད་རྒྱུ། རང་གིས་གང་ཐུབ་ཀྱིས་སྤྱི་ཚོགས་ལ་ཆོས་ཕྱོགས་ཀྱི་བསླབ་བྱ་བཟང་པོ་རྣམས་སྤེལ་གྱི་ཡོད་པ་དེས་ཕན་ཐོགས་གང་འཚམ་འབྱུང་གི་འདུག མ་འོངས་པར་ཁྱད་པར་ཅི་ཞིག་འབྱུང་གི་རེད་ཞུ་ན་བྱ་བ་བཟང་པོ་བྱས་པར་བསྔགས་བརྗོད་དང་ངོས་འཛིན་ཐོབ་ན་དེ་ལ་རྗེས་འབྲེལ་གྱིས་ལས་དོན་ཅི་ཞིག་བསྒྲུབས་ཀྱང་བྱ་བ་བཟང་པོ་བྱེད་ཀྱི་ཡོད་པའི་ཡིད་ཆེས་དང་ཆ་འཇོག བྱ་བ་ལམ་འགྲོ་ཡོང་བ་དང་རྒྱབ་སྐྱོར་འཐོབ་རྒྱུ། རང་གི་ལས་དོན་དེར་གཞན་གྱི་མཐུན་འགྱུར་ཡོང་གི་རེད་སྙམ་པའི་རེ་བ་འཆང་གི་ཡོད། ང་རང་གི་སྐྱེས་ཕྲེང་ནི་སྐུ་ཕྲེང་༡༢་པར་རྩི་ཡི་ཡོད། དེའི་གྲས་ནས་སྐུ་ཕྲེང་༦་པ་མེ་རག་བླ་མ་བློ་གྲོས་རྒྱ་མཚོ་ནི་༧གོང་ས་ལྔ་པ་ཆེན་པོའི་ཞལ་སློབ་རེད། སྐུ་ཕྲེང་གོང་མ་ཚོར་གང་ལ་གང་འཚམས་ཀྱི་མཛད་རྗེས་ཡག་པོ་ཡོད་པ་རེད། ཁྱད་པར་དུ་མོན་ཡུལ་དང་འབྲུག་ཡུལ་ལ་མཛད་རྗེས་ཆེན་པོ་རེད། མོན་ཁུལ་ལ་མཚོན་ན་སྔོན་ཆད་སེམས་ཅན་དམར་མཆོད་བྱེད་སྲོལ་མང་པོ་ཡོད་པ་རྣམས་བཀག་ནས་ནང་པ་སངས་རྒྱས་པའི་དཀར་ཕྱོགས་ཀྱི་ཆོས་ལ་བསྒྱུར་པ་རེད། དེ་བཞིན་བླ་མ་བསྟན་པའི་སྒྲོན་མེ་ལྟ་བུར་ཆ་བཞག་ན་མོན་ཡུལ་དུ་རི་བོ་དགེ་ལུགས་པའི་བསྟན་པ་སྤེལ་མཁན་དེ་རེད། ཁོང་རྒྱལ་བ་དགེ་འདུན་རྒྱ་མཚོའི་དངོས་སློབ་རེད། མོན་ཡུལ་དུ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་བསྟན་པ་ཐོག་མར་སྤེལ་མཁན་དུ་གྱུར་ཡོད་པ་རེད། དེ་འདྲའི་ཆ་ནས་བཀའ་དྲིན་ཆེན་པོ་རེད་ཅེས་གསུངས་བྱུང་།།

ད་ལྟ་དགུང་གྲངས་༥༤་ལ་ཕེབས་པའི་གུ་རུ་སྤྲུལ་སྐུ་ནི་༡༩༦༨་ལོའི་ཕྱི་ཟླ་༡༠་པའི་ཚེས་༡༩་ཉིན་མོན་གྱི་ཁམས་མཁར་ཡུལ་དུ་ཡབ་བློ་བཟང་ཚེ་རིང་དང་ཡུམ་པདྨ་ཆོས་སྒྲོན་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོའི་ལྔའི་སྟེང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་༡༤་པ་ཆེན་པོ་མཆོག་གིས་མེ་རག་བླ་མ་ཐུབ་བསྟན་སྐལ་ལྡན་སྐུ་ཕྲེང་༡༡་པའི་ཡང་སྲིད་དུ་ངོས་འཛིན་མཛད། དགུང་ལོ་བདུན་གྱི་སྟེང་དུ་༧གོང་ས་མཆོག་གིས་དུས་འཁོར་དབང་ཆེན་གྱི་གསུང་ཆོས་ཤིག་གི་སྐབས་སུ་གུ་རུ་སྤྲུལ་སྐུའི་གཙུག་ཕུད་བཞེས་ཏེ་མཚན་ལ་བསྟན་འཛིན་སྐལ་ལྡན་ཞེས་གསོལ། དགུང་ལོ་དགུའི་སྟེང་དུ་དགེ་ཚུལ་དང་དགུང་ལོ་ཉི་ཤུའི་སྟེང་དུ་དགེ་སློང་བསྒྲུབས། ལོ་༡༣་ལ་བཞུགས་སྒར་རྡ་རམ་ས་ལའི་རིགས་ལམ་སློབ་གཉེར་ཁང་དུ་གཞུང་ཆེན་ཁག་ལ་སློབ་གཉེར་མཛད། དེ་ནས་རྒྱ་གར་ལྷོ་ཕྱོགས་ཀྱི་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཕེབས་ནས་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་མཐར་ཕྱིན་པར་མཛད། ༢༠༡༦་ལོར་རྟ་དབང་དགོན་པའི་མཁན་ཟུར་དུ་བཞུགས། ༡༩༩༨་ནས་༢༠༠༨་བར་དུ་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་དགའ་ལྡན་ཕོ་བྲང་དུ་སྲི་ཞུ་བསྒྲུབས།།

རྒྱ་གར་གཞུང་གིས་༡༩༥༤་ལོར་པདྨ་ཝི་བྷུ་ཤན་དང་པདྨ་བྷུ་ཤན། པདྨ་ཤྲི་བཅས་གཟེངས་རྟགས་རིགས་གསུམ་གསར་གཏོད་བྱས་ནས་ལོ་ལྟར་ཕྱི་ཟླ་༡་པའི་ཚེས་༢༦་གི་སྤྱི་མཐུན་དུས་ཆེན་ཉིན་མོར་སྲིད་འཛིན་གྱིས་གཟེངས་རྟགས་སྤྲོད་པའི་ལམ་སྲོལ་ཚུགས། ད་ལོ་རྒྱ་གར་གཞུང་གིས་པདྨའི་གཟེངས་རྟགས་རིགས་གསུམ་སྤྲད་པ་དེ་དག་གི་གྲས་སུ་ཟླ་ཤས་གོང་དུ་གནམ་གྲུ་བརྡབས་ནས་འཆི་སྐྱོན་བྱུང་བའི་རྒྱ་གར་གྱི་སྐམ་མཚོ་གནམ་གསུམ་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་འདས་པོ་དམག་སྤྱི་བྷི་པིན་ར་ཝ་ཏ་སོགས་མི་༡༢༨་ཡོད་ཅིང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་གནས་ཁག་ནས་གུ་རུ་སྤྲུལ་སྐུ་དང་འབྲས་ལྗོངས་པ་བྷུ་ཊི་ཡ་མཁའ་འགྲོ་དབང་ཕྱུག ལ་དྭགས་པ་ཚེ་རིང་རྣམ་རྒྱལ་དང་ལ་དྭགས་པ་ཁ་ཆེ་ཨ་ཁོན་ཨ་ས་གྷར་ཨ་ལི་བྷ་ཤ་ར་ཏ་བཅས་ཚུད་འདུག