ཨ་རིའི་ནང་འོས་བསྡུ་བྱེད་ཉེའི་སྐབས་འདིར་སྲིད་དོན་ཚོགས་པ་གཉིས་ཀྱི་བོད་དོན་ལ་རྒྱབ་སྐྱོར།

ཨ་རིའི་ནང་འོས་བསྡུ་བྱེད་ཉེའི་སྐབས་འདིར་སྲིད་དོན་ཚོགས་པ་གཉིས་ཀྱི་བོད་དོན་ལ་རྒྱབ་སྐྱོར།

Your browser doesn’t support HTML5

ཨ་རིའི་ནང་འོས་བསྡུ་བྱེད་ཉེའི་སྐབས་འདིར་སྲིད་དོན་ཚོགས་པ་གཉིས་ཀྱི་བོད་དོན་ལ་རྒྱབ་སྐྱོར།

ཨ་རིའི་རྒྱལ་ས་ཝ་ཤིན་ཌོན་ནང་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རེས་གཟའ་མིག་དམར་ཉིན་བསྒྲགས་གཏམ་སྤེལ་བའི་ནང་ཨ་རིའི་ནང་སྲིད་འཛིན་འོས་བསྡུ་བྱེད་ཉེའི་སྐབས་འདིར་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀྱི་བོད་དོན་ཐད་ལ་རྒྱབ་སྐྱོར་ཐད་བོད་དོན་ལས་འགུལ་བ་ཚོས་དོ་སྣང་ཆེན་པོ་གནང་གི་ཡོད་སྐོར་གསལ་སྟོན་བྱས་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་བསྟན་ཆོས་རྒྱ་མཚོ་ལགས་ནས་འགྲེལ་བརྗོད་གནང་དོན། ཨ་རིའི་སྲིད་འཛིན་འོས་འདེམས་ཀྱི་སྔོན་འགྲོའི་དྲིལ་བསྒྲགས་ཀྱི་ལས་འགུལ་ཁག་བརྒྱུད་ལྕམ་ཀ་མ་ལ་ཧེ་རེ་སེ་དང་སྐུ་ཞབས་ཌོ་ནལ་ཊམ་གཉིས་༢༠༢༤ལོའི་སྲིད་འཛིན་འོས་མི་ལ་གཏན་འཁེལ་བྱུང་ཡོད་པ་མ་ཟད། འོས་འདེམས་སྐབས་སུ་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱང་སྲིད་དོན་ཚོགས་པ་སུས་བཏང་འཛིན་བྱེད་བཅས་ཐག་གཅོད་བྱ་རྒྱུ་ཡིན་པས་འོས་བསྡུའི་སྐབས་སུ་བོད་དོན་ཐད་ལ་རྒྱབ་སྐྱོར་འཚོལ་རྒྱུ་ནི་གོ་སྐབས་ཤིག་ལ་ངོས་འཛིན་གནང་གི་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་བསྟན་ཆོས་རྒྱ་མཚོ་ལགས་

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གསར་འགོད་གསལ་བསྒྲགས་ནང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་བཙན་བཟུང་བྱེད་བཞིན་པ་དེར་ཨ་རིའི་མི་མང་ནས་དོ་སྣང་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་གི་དྲག་གནོན་ཅན་གྱི་སྲིད་ཇུས་ཁག་གིས་བོད་མཐོ་སྒང་དེ་བདེ་འཇགས་མེད་པའི་གནས་སྟངས་ཚད་ལས་བརྒལ་བ་དང་བོད་མི་ཚོའི་དཔལ་འབྱོར་དང་སྤྱི་ཚོགས། རིག་གཞུང་སོགས་ཀྱི་ཐོབ་ཐང་ལ་རྡོག་རོལ་བཏང་བ་མ་ཟད། འཆར་གཞི་ལྡན་པར་ནས་བོད་མིའི་ངོ་རྒོལ་ཁག་བཀག་འགོག་དང་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་ཐེ་ཇུས་བྱེད་བཞིན་པ་མ་ཟད། བོད་མི་ཚོ་གང་བྱུང་འཛིན་བཟུང་བཙོན་འཇུག་དང་མནར་གཅོད་བཏང་བའི་གནས་ཚུལ་ཇེ་མང་དང་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་སོགས་གསལ་སྟོན་གནང་འདུག་པ་དང་། གསར་འགོད་བསྒྲགས་གཏམ་དེའི་ནང་མུ་མཐུད་གསུངས་དོན། ད་ལྟའི་བོད་ནང་གི་གནས་སྟངས་ནི་ཨ་རིའི་གཞུང་ནས་བརྩི་མཐོང་ཆེན་པོར་ངོས་འཛིན་གནང་གི་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་རིན་ཐང་དང་ཡོངས་སུ་རྒྱབ་འགལ་ཆགས་ཡོད་ཅེས་བཀོད་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྤེལ་བའི་བསྒྲགས་གཏམ་དེའི་ནང་རྒྱ་ནག་གིས་བོད་ལ་བཙན་འཛུལ་དང་དབང་བསྒྱུར་བྱས་ནས་ལོ་ངོ་༦༠ ལྷག་སོང་བའི་རིང་བོད་མི་ཚོས་རྒྱ་ནག་གི་དབང་བསྒྱུར་ནི་ཁྲིམས་འགལ་ཡིན་པ་དང་བོད་དང་རྒྱ་ནག་ནི་ལོ་རྒྱུས་ཐོག་ནས་ཆབ་སྲིད་དང་མི་རིགས། སྤྱི་ཚོགས། རིག་གཞུང་། ཆོས་ལུགས་སོགས་གང་ཅིའི་ཐད་ནས་མི་འདྲ་བ་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། དེ་དང་དུས་མཚུངས་བོད་མི་ཚོས་རྒྱ་ནག་གི་བཙན་དབང་ལ་ཁ་གཏད་ཀྱི་ལས་འགུལ་རྣམས་འཚེ་མེད་ཞི་བའི་ཐོག་སྤེལ་བཞིན་ཡོད་པ་ནི་གཙོ་བོ་༧གོང་ས་༧སྐྱབས་མགོན་ཆེནཔོ་མཆོག་གི་དབུ་ཁྲིད་དང་ལམ་སྟོན་ལ་བརྟེན་ནས་ཡིན་པ་དང་། བོད་མི་ཚོས་འཚེ་མེད་ཞི་བའི་འཐབ་རྩོད་བྱེད་ཀྱི་ཡོད་པ་དེ་ནི་ཨ་རིའི་མང་ཚོགས་ཁྲོད་དུ་རྒྱབ་སྐྱོར་ཤུགས་ཆེ་ཐོབ་པའི་རྒྱུ་མཚན་ཞིག་ཡིན་པ་སོགས་བཀོད་འདུགག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་བསྟན་ཆོས་ལགས་ཀྱིས་ཨ་རིའི་སྲིད་འཛིན་འོས་མི་གཉིས་ནས་རྒྱ་ནག་ཐད་ཀྱི་སྲིད་ཇུས་དགོངས་པ་བཞེས་སྐབས་བོད་དོན་ཐད་རྒྱབ་སྐྱོར་གནང་དགོས་རྒྱུ་དེ་ནི་ཨ་རིའི་གྲོས་ཚོགས་ནས་གཏན་འབེབས་གནང་བའི་བོད་དོན་ཐད་ཀྱི་ཁྲིམས་ཡིག་ནང་འཁོད་པའི་འོས་འགན་ཞིག་ཡིན་པ་དྲན་སྐུལ་ཆེད་དུ་ཡིན་ཞེས་གསུང་གི་འདུག

བོད་དོན་ལས་འགུལ་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་མཇུག་ཏུ་ད་རེས་ཀྱི་སྲིད་འཛིན་འོས་མི་གཉིས་ཀའི་སྲིད་ཇུས་འཆར་གཞིའི་ནང་དུ་རྒྱ་ནག་དང་ཚོང་འབྲེལ་ཐད་ལ་གླེང་སློང་ཤུགས་ཆེན་པོ་གནང་གི་ཡོད་ནའང་རྒྱ་ནག་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སྐོར་ལ་སྲིད་ཇུས་གང་འདྲ་ཞིག་འཛིན་མིན་གསལ་སྟོན་དགོས་ཀྱི་ཡོད་ཅེས་བཀོད་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བསྒྲགས་གཏམ་ནས་བཏུས།

གསར་འགོད་པ།་པ་སངས་དབྱངས་སྐྱིད།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།