༄༅།། སྲིང་འཛིན་བྷ་ཌན་ནས་ཨི་རན་གྱི་རྡུལ་ཕྲན་ལས་གྲྭ་ཁག་ལ་ཨི་སི་རལ་གྱིས་རྒོལ་རྡུང་བྱ་རྒྱུར་རྒྱབ་སྐྱོར་མེད་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ། ཕྱི་ཟླ་༡༠་པའི་ཚེས་༢་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་མིག་དམར་གྱི་མཚན་མོར་ཨི་རན་གྱིས་འཕུར་མདེལ་༡༨༠་འཕངས་ནས་ཨི་སི་རལ་ལ་གཏོར་རྒོལ་ཕོག འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་བདུན་གྱི་འགོ་ཁྲིད་ཚོས་ཁ་པར་གྱི་ལམ་ནས་ཨི་རན་ལ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གསར་པ་ཅི་ཞིག་གཅོད་དགོས་མིན་གྲོས་ཁ་བསྡུར། ཨི་སི་རལ་གྱི་སྲིད་བློན་ནེ་ཐན་ཡ་ཧུས་(Netanyahu)་ཨི་རན་ལ་རྒོལ་ལན་སློག་ཕྱོགས་གདམ་ཀ་འགའ་ཞིག་ལ་བསམ་ཞིབ་བྱེད་ཀྱི་ཡོད་ཅིང་། འདས་པའི་ཟླ་བ་༦་གི་ནང་ཚུད་དུ་ཨི་རན་གྱིས་འཕུར་མདེལ་འཕངས་ནས་ཨི་སི་རལ་ལ་རྒོལ་རྡུང་ཐེངས་གཉིས་བྱས་ཤིང་། ཨི་སི་རལ་གྱིས་ཕ་རོལ་པོའི་རྡུལ་ཕྲན་ལས་གྲྭ་ཁག་ལ་རྒོལ་རྡུང་བྱས་ན་དཀྱིལ་ཤར་ས་ཁུལ་གྱི་དམག་འཁྲུག་ཚབས་ཆེ་རུ་འགྲོ་རྒྱུའི་ཉེན་ཁ་ཤིན་ཏུ་ཆེ།།
ཨི་རན་གྱིས་འཕངས་པའི་འཕུར་མདེལ་མང་ཆེ་བ་ཨི་སི་རལ་དང་ཨ་རི་སོགས་ཀྱིས་བར་སྣང་དུ་གཏོར། གཟའ་མིག་དམར་གྱི་རྒོལ་རྡུང་དེ་ཕྱི་ཟླ་༧་པའི་ཚེས་༣༡་ཉིན་པ་ལི་སི་ཐན་གྱི་ཧ་མ་སི་ཤོག་ཁག་གི་ཆབ་སྲིད་འགོ་ཁྲིད་ཨི་ཤཱི་མེལ་ཧ་ནི་ཡཱེ་(Isamail Haniyeh)་ཨི་རན་གྱི་ས་ཐོག་ཏུ་ཨི་སི་རལ་གྱིས་བསད་པ་དང་བདུན་ཕྲག་སྔོན་མར་ཧི་ཛི་བྷུ་ལཱ་ཤོག་གི་སྤྱི་ཁྱབ་དྲུང་ཆེ་ཧ་སན་ན་སི་རེ་ལཱ་(Hassan Nasrallah)་བསད་པར་དགྲ་ཤ་བླངས་པ་ཡིན་ཞེས་རྒྱུ་མཚན་བགྲངས། ཨ་མི་རི་ཀས་དཀྱིལ་ཤར་ས་ཁུལ་གྱི་དམག་འཁྲུག་མཚམས་འཇོག་བྱ་དགོས། ཨི་སི་རལ་དང་ཧ་མ་སི་ཤོག་ཁག་གིས་གྲོས་མོལ་བྱ་དགོས་ཞེས་ནན་སྐུལ་བྱས་ཀྱང་གྲུབ་འབྲས་མ་ཐོན། སྲིད་འཛིན་བྷ་ཌན་གྱིས་ང་ཚོས་ཨི་སི་རལ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་ཡིན་པར་སུ་གཅིག་གིས་གྱ་ཚོམ་འཛིན་མི་དགོས་ཞེས་བསྒྲགས། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཨི་སི་རལ་ལ་རྒོལ་ལན་སློག་ཆོག་པའི་ཐོབ་ཐང་ཡོད་པ་རེད། ང་ཚོས་རྒོལ་ལན་སློག་ཕྱོགས་ལ་གྲོས་སྡུར་བྱེད་ཀྱི་ཡོད་ཅེས་གསལ་བསྒྲགས་སྤེལ།།
ཕྱི་ཟླ་༡༠་པའི་ཚེས་༣་ཉིན་རོ་ཡེ་ཊར་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨི་སི་རལ་གྱིས་ལེ་བྷ་ནན་ལྷོ་ཕྱོགས་སུ་དཔུང་འཇུག་བྱས་ནས་དམག་མི་༨་ཀྱི་ཚེ་སྲོག་ཤོར། གཟའ་ཕུར་བུའི་ཉིན་ལེ་བྷ་ནན་གྱི་ལྷོ་ཕྱོགས་སུ་ཧི་ཛི་བྷུ་ལཱ་ཤོག་ཁག་གི་འཐབ་མོ་བ་༡༥་བསད། དེ་བཞིན་ལེ་བྷ་ནན་གྱི་རྒྱལ་ས་བྷེ་རུ་ཊི་ལའང་གཏོར་རྒོལ་ཕོག ཧི་ཛི་བྷུ་ལཱའི་ཁ་ཆེ་འཕྲོད་བསྟེན་ལྷན་ཁང་གི་སྨན་ཞབས་པ་༢་ཚུད་པའི་ལས་བྱེད་པ་༧་ལ་སྲོག་སྐྱོན་བྱུང་བའི་གནས་ཚུལ་ཐོན། ལེ་བྷ་ནན་གྱི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཉེ་འཁྲིས་སུ་འཕུར་མདེལ་ཕོག་སྟེ་དུད་སྤྲིན་གནམ་ལ་འཕྱུར། ལེ་བྷ་ནན་དུ་བཅའ་སྡོད་རྒྱལ་ཚོགས་ཀྱི་སྐུ་ཚབ་པ་ལཱ་ས་ཆར་ཊིས་(Jeanine Hennis-Plasschaert)་སླར་ཡང་གཉིད་ཁུག་མི་ཐུབ་པའི་མཚན་ཞིག་བྱུང་སོང་། འཕུར་མདེལ་བཀད་ནས་གྲོང་ཁྱེར་ཧྲིལ་པོར་གཡོ་འགུལ་ཐེབས། སྔོན་བརྡ་མེད་པ་དང་ཅི་ཞིག་འབྱུང་རྒྱུ་ཡིན་པ་མི་ཤེས། སྐྲག་སྣང་དང་སེམས་ཁྲལ་གྱི་ངང་དུ་གནས་དགོས་ཀྱི་འདུག་ཅེས་ཨེག་སི་དྲྭ་ཚིགས་སུ་འཕྲིན་ཐུང་ཞིག་སྤེལ།།
ཁ་ཊར་གྱི་སྲིད་བློན་ཨལ་ཐ་ཎིས་(Tamim bin Hamad Al-Thani)་རྒྱལ་ས་དྷོ་ཧ་གྲོང་ཁྱེར་དུ་བསྐོངས་པའི་ཨེ་ཤི་ཡའི་ཆེས་མཐོའི་མཉམ་འབྲེལ་གྲོས་མོལ་ཚོགས་ཆེན་ཐོག་ཏུ་མེ་འཕེན་མཚམས་འཇོག་གི་གྲོས་མོལ་བྱ་དགོས། པ་ལི་སི་ཐན་རང་བཙན་རྒྱལ་ཁབ་ཅིག་མ་བཙུགས་པར་དཀྱིལ་ཤར་ས་ཁུལ་དུ་ཞི་བདེ་ཡོང་ཐབས་མེད། དེང་སྐབས་དཀྱིལ་ཤར་ས་ཁུལ་དུ་ཅི་ཞིག་འབྱུང་གི་ཡོད་པ་ནི་རྒྱུག་པ་ལེབ་རྡུང་གི་མི་རིགས་རྩ་མེད་ཅིག་རེད། ང་ཚོས་རྟག་ཏུ་ཨི་སི་རལ་གྱིས་ཉེས་ཆད་ཁུར་མི་དགོས་པ་འགྲིག་གི་མི་འདུག་ཟེར་གྱི་ཡོད་ཅེས་བཤད། ཨི་རན་གྱི་སྲིད འཛིན་པེ་ཛེ་ཤ་ཀི་ཡན་(Masoud Pezeshkian)་ནས་ཨི་སི་རལ་གྱིས་དམག་འཁྲུག་བསླངས་ཀྱང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཅི་ཡང་མི་སྨྲ་བ་བརྟུལ་ཞུགས་འཆང་ན་འགྲིག་ཐབས་མེད། དམག་གིས་རྒོལ་རྡུང་དང་འཇིགས་སྐུལ་གྱི་རྒོལ་རྡུང་ཅི་ཞིག་བྱས་ཏེ་ཚད་ཐིག་དམར་པོ་བརྒལ་ན་ཨི་རན་གྱི་དམག་གིས་རྒོལ་ལན་ཚུལ་བཞིན་སློག་ངེས་ཡིན་ཞེས་སྡིགས་ར་བསྐུལ།།
ལེ་བྷ་ན་གྱི་ལྟ་སྐྱོང་སྲིད་བློན་ན་ཇིབ་མཱི་ཀ་ཏིས་(Najib Mikati)་བཤད་པ་ལྟར་ན། ཨི་སི་རལ་གྱི་རྒོལ་རྡུང་བྱས་ནས་རྒྱལ་ཁབ་དེའི་མི་གྲངས་ས་ཡ་༡་དང་འབུམ་༢་ཡས་མས་ཤིག་རང་གནས་ནས་ཕྱུང་། མི་༣༠༠་ལྷག་རྒྱལ་སའི་མཚན་ཚོགས་ཁང་ཞིག་གི་ནང་དུ་འཛུལ་ནས་སྐྱབས་ཡུལ་བཙལ། མཚན་ཚོགས་ཁང་དེའི་སྣེ་ལེན་པ་གྷེ་ལི་ཨི་རན་ནིས་(Gaelle Irani)་ང་ཚོས་གང་ཐུབ་ཀྱིས་རོགས་སྐྱོར་བྱེད་ཀྱི་ཡོད། ཡིན་ནའང་མི་མང་དྲགས་པ་དང་ཡིད་སྐྱོ་དགོས་པ་ཞིག་རེད། ཚོགས་ཁང་འདི་མི་རྣམས་ཞབས་བྲོ་འཁྲབ་ཏུ་ཡོང་སྟེ་མཚན་མོར་སྐྱིད་པོ་གཏོང་ས་ཡིན་མོད། ད་ལྟ་མི་རྣམས་སྐྱབས་བཅོལ་དུ་ཡོང་ས་ཞིག་ཏུ་གྱུར་ཡོད་པ་དང་ང་ཚོར་ཅི་ཞིག་ཡོད་པ་རྣམས་སྤྲད་ནས་རོགས་རམ་བྱེད་ཀྱི་ཡོད་ཅེས་བཀྲལ། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རང་གི་སྤྱི་དམངས་རྣམས་ལེ་བྷ་ནན་ནས་སྐྱོབ་ལེན་བྱ་རྒྱུའི་སྟ་གོན་ཚུགས། རྒྱལ་ཁབ་ཁག་ཅིག་གིས་ལེ་བྷ་ནན་གྱི་རྒྱལ་ས་བྷེ་རུ་ཊིའི་གནམ་ཐང་སྒོ་མ་བརྒྱབ་གོང་དུ་ཆེད་རྫོང་གནམ་གྲུ་བཏང་སྟེ་རང་གི་སྤྱི་དམངས་རྣམས་ལེན་རྒྱུའི་གྲ་སྒྲིག་ལ་གཞོལ།།
ཕྱི་ཟླ་༡༠་པའི་ཚེས་༣་ཉིན་ཇཱེ་རུ་ས་ལམ་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། གཟའ་ལྷག་པའི་ཉིན་ཨི་སི་རལ་གྱིས་རྒོལ་རྡུང་བྱས་ནས་ཧི་ཛི་བྷུ་ལཱ་ཤོག་ཁག་གི་འགོ་ཁྲིད་འདས་པོ་ཧ་སན་ན་སི་རེ་ལཱའི་བུ་མོའི་མག་པ་ཧ་སན་ཇཱ་ཧྥར་ཁ་སིར་(Hassan Jafar Qassir)་དང་སྤུན་མཆེད་གཞན་ཞིག་བསད། ལེ་བྷ་ནན་གྱི་ཧི་ཛི་བྷུ་ལཱ་འཇབ་དམག་ཤོག་ཁག་ལ་སླར་ཡང་ཕམ་ཉེས་ཆེན་པོ་ཞིག་བྱུང་། ༡༩༨༢་ནས་ཁ་སིར་སྤུན་མཆེད་ཚོ་འཇིགས་སྐུལ་རིང་ལུགས་ཀྱི་ལས་འགུལ་ཁག་ལ་ཞུགས། ལོ་དེའི་ཕྱི་ཟླ་༡༡་པའི་ཚེས་༡༡་ཉིན་ཨྷ་མེ་ད་ཁ་སིར་གྱིས་རང་སྲོག་བློས་བཏང་སྟེ་རླངས་འཁོར་ནང་དུ་འབར་རྫས་བརྩིགས་ནས་ཨི་སི་རལ་གྱི་དམག་སྒར་ཞིག་གི་སྟེང་དུ་བརྒྱུགས། དེ་ནི་ལེ་བྷ་ནན་གྱི་ལོ་རྒྱུས་སུ་རང་སྲོག་བློས་གཏོང་གི་རྒོལ་རྡུང་བྱས་པ་ཐེངས་དང་པོར་གྱུར། ཧི་ཛི་བྷུ་ལཱའི་གཞུང་འབྲེལ་གསར་འགྱུར་ནང་དུ་རྒོལ་རྡུང་དེས་སྔོན་གཤེགས་དཔའ་བོའི་འཐབ་རྒོལ་ལས་འགུལ་གྱི་སྣེ་ཁྲིད་པ་རེད་ཅེས་བསྔགས་བརྗོད་ཀྱི་རྩོམ་ཡིག་བཀོད།།
ཕྱི་ཟླ་༡༠་པའི་ཚེས་༢་ཉིན་རོ་ཡེ་ཊར་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨི་རན་གྱི་ཆེས་མཐོའི་འགོ་ཁྲིད་ཨ་ཡ་ཏོ་ལ་ཨ་ལི་ཧོ་མེ་ཎིས་(Ayatollah Ali Khamenei)་ཧི་ཛི་བྷུ་ལཱའི་འགོ་ཁྲིད་ཧ་སན་ན་སི་རེ་ལཱ་མྱུར་དུ་ཨི་རན་ལ་ཕྲོས་ཤོག ཨི་སི་རལ་གྱི་གསང་ཉུལ་རྣམས་ཧི་ཛི་བྷུ་ལཱའི་སྒྲིག་འཛུགས་ནང་དུ་སིམ་འཛུལ་བྱས་འདུག་ཅེས་འཕྲིན་བསྐུར། ཨི་རན་གྱི་གཞུང་འབྲེལ་མི་སྣ་གསུམ་གྱིས་ཕྱི་ཟླ་༩་པའི་ཚེས་༡༧་ཉིན་ཧི་ཛི་བྷུ་ལཱ་ཤོག་ཁག་གི་འཐབ་མོ་བ་ཚོའི་བརྡ་འབྱོར་འཕྲུལ་ཆས་ཕེ་ཇཱེར་གྱི་གློག་རྫས་རྣམས་དུས་གཅིག་ཏུ་བཀད། ཕྱི་ཉིན་དེར་ཧི་ཛི་བྷུ་ལཱ་ཤོག་ཁག་གི་ཝོ་ཀི་ཊོ་ཀི་ཁ་པར་ནང་གི་གློག་རྫས་བཀད་ནས་ཁྱོན་བསྡོམས་མི་༣༩་བསད་པ་དང་མི་༣༠༠༠་ལྷག་རྨས། ཧི་ཛི་བྷུ་ལཱ་སྒྲིག་འཛུགས་ཀྱི་ནང་ཁུལ་དུ་ཨི་སི་རལ་གྱི་གསང་ཉུལ་ཡོད་པ་དང་ན་སི་རེ་ལཱ་གསོད་རྩིས་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་སྟེ་ཨ་ཡ་ཏོ་ལར་བློ་འཚབ་བྱུང་བར་མ་ཟད། ན་སི་རེ་ལཱ་བསད་པའི་སྐབས་དེར་ཨི་རན་གྱི་ཁ་ཆེའི་གསར་བརྗེ་སྲུང་དམག་གི་བཀོད་འདོམས་པ་དམག་སྤྱི་ཨ་བྷ་སི་ནིལ་ཧྥོ་རོ་ཤན་(Abbas Nilforoushn)་ཡང་མཉམ་དུ་ཡོད་པ་རེད་ཅེས་བཤད་འདུག
ཨི་རན་གྱི་གཞུང་འབྲེལ་མི་སྣ་བཅུས་ང་ཚོས་འཕྲལ་དུ་ཨ་ཡ་ཏོ་ལ་བདེ་འཇགས་ཀྱི་ས་གནས་ཤིག་ཏུ་སྤོར་བཅུག་པ་ཡིན། ཁོང་གི་བདེ་འཇགས་ལ་མུ་མཐུད་དུ་ཉེན་ཁ་ཡོད་པ་དང་ཧི་ཛི་བྷུ་ལཱ་སྒྲིག་འཛུགས་ནི་ནང་རུལ་ཞིག་རེད། ཨི་རན་གྱི་སྒྲིག་འཛུགས་ཁག་ཀྱང་རུལ་སུངས་སུ་གྱུར་ཏེ་ཨི་སི་རལ་གྱི་གསང་ཉུལ་འགོག་ཐུབ་པའི་རེ་བ་ཆུང་། སི་རི་ཡའི་སྲིད་འཛིན་ཨ་ས་ཐེའི་གཞུང་དང་ཧི་ཛི་བྷུ་ལཱ། ཧ་མ་སི་ཤོག་ཁག་དང་ཧུ་ཐི་གྱེན་ལོག་པ། ཨི་རཀ་གི་ཤི་ཡ་ཡུལ་དམག་གིས་ཨི་སི་རལ་ལ་འཐབ་རྒོལ་ནུས་པ་ཐོན་པ་ཞིག་བྱེད་ཐུབ་རྒྱུ་ཁག་པོ་རེད་ཅེས་ནང་མོལ་བྱས་འདུག ལེ་བྷ་ནན་གྱི་ལས་སྣེ་བཞིས་ཧི་ཛི་བྷུ་ལཱ་ཤོག་ཁག་གི་འགོ་ཁྲིད་གསར་པ་ཞིག་བསྐོ་དགོས་ཀྱང་ཨི་སི་རལ་གྱིས་རྒོལ་རྡུང་བྱས་ནས་འགོ་ཁྲིད་གསར་པ་དེའི་སྲོག་མགོ་ཐོན་དཀའ་ཞེས་བསྟན། སུད་ཌེན་གྱི་རྒྱལ་སྲུང་སློབ་ཆེན་གྱི་ཧི་ཛི་བྷུ་ལཱ་ཉམས་ཞིབ་པ་རན་ས་ཏྲོབ་ཀྱིས་ཨི་རན་གཞུང་གིས་རྩ་འཛུགས་བྱས་པའི་ཚོཊ་པ་དེ་རྨེག་མེད་དུ་བཅོམ་པ་རེད་ཅེས་བཤད་དོ།།