ཨ་རིར་ངོ་བོ་ཉིས་འགྱུར་གྱི་ནད་དུག་འགོ་མཁན་ཇེ་མང་། 

༄༅།། དེང་སྐབས་ཨ་མི་རི་ཀར་ཁྱབ་ཀྱི་ཡོད་པའི་ཏོག་དབྱིབས་ནད་དུག་གི་ནད་པ་གསར་པ་བརྒྱ་ཆ་༦༠་ཡས་མས་ཤིག་ངོ་བོ་ཉིས་འགྱུར་རམ། ཡང་ན་ཌེལ་ཊ་ཞེས་འབོད་པའི་ཏོག་དབྱིབས་ནད་དུག་ཡིན་ཞིང་། ཕྱི་ཟླ་༧་པའི་ཚེས་༧་ཉིན་དབྱིན་ཇིའི་གྷར་ཌི་ཡན་ཉིན་རེའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨ་མི་རི་ཀར་འགོག་ཁབ་རྒྱག་མཁན་ཧ་ཅང་ཉུང་ཉུང་ཡིན་པའི་མངའ་སྡེ་ཁག་ཏུ་ཏོག་དབྱིབས་ནད་དུག་གསར་དུ་འགོས་པའི་ནད་པ་ཇེ་མང་དུ་འགྲོ་བཞིན་འདུག སྲིད་འཛིན་ཇཱོ་བྷ་ཌན་གྱིས་ས་གནས་ཁག་གི་འཕྲོད་བསྟེན་ལས་ཁུངས་ཁག་གིས་ནད་ཡམས་སྔོན་འགོག་བྱེད་མ་ཐུབ་ན་དབུས་གཞུང་གི་འཕྲོད་བསྟེན་ལས་སྣེ་རྣམས་བཏང་ནས་ཌེལ་ཊ་ཏོག་དབྱིབས་ནད་དུག་སྔོན་འགོག་བྱེད་ཆོག་ཅེས་བསྒྲགས། ཉེ་ཆར་ཕྱི་ཟླ་༤་པའི་ནང་དུ་རྒྱ་གར་ལ་ཌེལ་ཊ་ཏོག་དབྱིབས་ནད་དུག་ཁྱབ་ནས་དཀའ་ངལ་ཆེན་པོ་ཕྲད། སྲིད་འཛིན་ཇཱོ་བྷ་ཌན་གྱིས་ལོ་འདིའི་ཨ་རིའི་རང་བཙན་དུས་ཆེན་ཏེ། ཕྱི་ཟླ་༧་པའི་༤་བར་དུ་ཨ་རི་བ་ནར་སོན་པ་བརྒྱ་ཆ་༧༠་ཐམ་པར་ཉུང་མཐར་ཡང་སྨན་ཐུན་གཅིག་གི་འགོག་ཁབ་རེ་རྒྱག་ཐུབ་རྒྱུའི་དམིགས་ཚད་བཟུང་། ཡིན་ནའང་ཕྱི་ཟླ་༧་ཚེས་༤་བར་དུ་ཨ་རི་བ་ནར་སོན་པ་བརྒྱ་ཆ་༦༧་ལ་མ་གཏོགས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་མ་ཐུབ། ན་ནིང་༢༠༢༠་ལོ་དང་བསྡུར་ན་ཨ་མི་རི་ཀར་ཏོག་དབྱིབས་ནད་དུག་གིས་མི་ལ་འཆི་སྐྱོན་འབྱུང་རྒྱུ་བརྒྱ་ཆ་༩༠་ལྷག་ཉུང་དུ་སོང་འདུག སྲིད་འཛིན་བྷ་ཌན་གྱིས་ཨ་རིའི་ན་གཞོན་ཚོས་འགོག་ཁབ་རྒྱག་དགོས། ང་ཚོས་ཏོག་དབྱིབས་ནད་ཡམས་ལ་འཐབ་རྒོལ་བྱེད་ཀྱི་ཡོད་པ་མཇུག་སྒྲིལ་མེད་པའི་འབོད་སྐུལ་ཞུས་འདུག་ཅེས་གནས་ཚུལ་ཐོན།།

ཨ་རིའི་སྲིད་འཛིན་གཞོན་པས་འགོག་ཁབ་རྒྱག་ས་ཞིག་ཏུ་གཟིགས་སྐོར།

ཕོ་བྲང་དཀར་པོར་ཨ་རིའི་མཐོ་རིམ་འཕྲོད་བསྟེན་ལས་སྣེ་རྣམས་ཚོགས་འདུ་ཚོགས་པའི་སྐབས་སུ་སྲིད་འཛིན་བྷ་ཌན་གྱིས་ངས་རྣམ་པ་ཚོར་སྐད་ཆ་བཤད་བཞིན་པའི་དུས་འདིར་ཨ་རི་བ་ས་ཡ་མང་པོས་འགོག་ཁབ་བརྒྱབ་མི་འདུག འགོག་ཁབ་བརྒྱབ་མེད་པའི་ས་གནས་ཁག་ལ་ནད་དུག་ཁྱབ་གདལ་འགྲོ་རྒྱུའི་ཉེན་ཁ་ཆེ། འགོག་ཁབ་རྒྱག་རྒྱུ་ནི་རང་གཞན་གཉིས་ཀར་དགེ་མཚན་ཡོད་པ་དང་རྒྱལ་གཅེས་རིང་ལུགས་ཀྱི་སྤྱོད་པ་ཞིག་རེད། ཌེལ་ཊ་ཏོག་དབྱིབས་ནད་དུག་དེ་འགོ་སླ་བ་དང་མྱུར་དུ་ཁྱབ་སླ་བ་ཞིག་ཡིན་པས་ཨ་མི་རི་ཀ་བ་ཚོས་སྔར་བཞིན་གཟབ་ནན་བྱ་དགོས། ན་གཞོན་ཚོས་ང་ལ་ནད་དུག་འགོ་མི་སྲིད། ད་ལྟའི་བར་དུ་ང་ལ་ནད་དུག་འགོས་མ་སོང་། ངས་དེ་ལ་སེམས་ཁྲལ་བྱེད་དགོས་དོན་མེད། ང་ནི་ཟུངས་ཤུགས་མཁྲེགས་པོ་ཡིན་ཞེས་ཁེངས་རློམ་གྱི་འདུ་ཤེས་འཛིན་གྱི་ཡོད་པར་བསྐྱར་དུ་བསམ་ཞིབ་བྱ་དགོས། ད་ལོའི་ཕྱི་ཟླ་༥་པ་ནས་ཏོག་དབྱིབས་ནད་དུག་འགོས་ནས་སྨན་ཁང་དུ་སྐྱེལ་དགོས་བྱུང་བ་དང་འཆི་སྐྱོན་བྱུང་བ་ཕལ་མོ་ཆེ་འགོག་ཁབ་བརྒྱབ་མེད་པ་རྣམས་རེད་ཅེས་བསྟན། ཨ་རིའི་ཧྥུ་ལོ་རི་ཌ་དང་མཱི་སོ་རི། ཨར་ཁན་སོ་དང་ནེ་ཝྭ་ཌ་བཅས་མངའ་སྡེ་འགའ་ཞིག་ལ་ངོ་བོ་ཉིས་འགྱུར་གྱི་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་པ་ཚབས་ཆེན་ཞིག་ཏུ་གྱུར། ཉེ་ཆར་རྒྱ་གར་ལ་ཌེལ་ཊ་ཏོག་དབྱིབས་ནད་དུག་ཁྱབ་པའི་སྐབས་སུ་ན་གཞོན་མང་པོར་འཆི་སྐྱོན་བྱུང་། ཨ་རིའི་སློབ་ཆེན་ཁག་གིས་སློབ་ཕྲུག་ཚོར་འགོག་ཁབ་དགོས་ཞེས་ཕ་མ་དང་སློབ་ཕྲུག་ཚོར་ནན་སྐུལ་བྱེད་ཀྱི་ཡོད་ཀྱང་སློབ་ཕྲུག་ཁག་ཅིག་གིས་འགོག་ཁབ་རྒྱག་དང་མི་རྒྱག་ནི་སྐྱེ་བོ་སྒེར་གྱི་གདམ་ཀ་རེད། སྒེར་གྱི་གདམ་ཀའི་ཐོབ་ཐང་ལ་རྡོག་བརྫིས་གཏོང་མི་ཆོག་ཅེས་ཁྲིམས་ལ་གཏུགས། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རྒྱལ་ཁབ་༩༨་ལ་ཌེལ་ཊ་ཏོག་དབྱིབས་ནད་དུག་ཁྱབ་ཟིན་འདུག ངོ་བོ་ཉིས་འགྱུར་གྱི་ནད་དུག་ཁྱབ་པ་ཇི་བཞིན་འགོག་ཁབ་རྒྱག་ཐུབ་ཀྱི་མེད་པས་འཛམ་གླིང་ཡོངས་ལ་སླར་ཡང་ནད་རླབས་གསར་པ་ཞིག་འཕྱུར་སྲིད་ཅེས་ཉེན་བརྡ་བཏང་འདུག

ཁ་སྔོན་ཕྱི་ཟླ་༤་པ་ནས་ཨ་མི་རི་ཀར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་མཁན་ཇེ་ཉུང་དུ་སོང་། ལྷག་པར་དུ་སྔ་ལོའི་སྲིད་འཛིན་འོས་འདེམས་དུས་སུ་ཌོ་ནལ་ཊམ་ལ་འོས་ཤོག་འཕེན་མཁན་ཨ་རིའི་གྲོང་གསེབ་ཁག་གི་སྤྱི་མཐུན་ཚོགས་པའི་རྒྱབ་སྐྱོར་བ་མི་རིགས་དཀར་པོ་ཚོས་འགོག་ཁབ་རྒྱག་གི་མེད་ཅིང་། སྲིད་འཛིན་བྷ་ཌན་གྱི་གཞུང་གིས་ས་གནས་རེ་རེ་དང་ཁྱིམ་ཚང་རེ་རེ་བཞིན་སྒོ་བརྡུངས་ཏེ་མི་མང་ལ་འགོག་ཁབ་རྒྱག་རྒྱུ་ལག་ལེན་བསྟར་རྒྱུའི་འཆར་འགོད་བྱེད་ཀྱི་ཡོད་པར་མ་ཟད། ཨ་རིའི་དབུས་གཞུང་གིས་ས་གནས་ཀྱི་སྨན་ཚོང་ཁང་༤༢༠༠༠་དང་མི་མང་སྒེར་གྱིས་བསྟེན་གཏུག་བྱ་ཡུལ་སྨན་པ་རྣམས། བྱིས་པའི་སྨན་པ་བཅས་ལ་མཉམ་འབྲེལ་གྱིས་ཨ་རིའི་ལོ་ན་༡༢་ནས་༡༨་བར་དུ་སོན་པའི་ལོ་ཆུང་ཚོར་སྨན་ཁབ་རྒྱག་རྒྱུ། དབྱར་གྱི་དུས་སྟོན་ཁག་དང་རྩེད་མོའི་འགྲན་སྡུར་བྱ་ཡུལ། ལྷ་ཁང་སོགས་ལའང་རླངས་འཁོར་ནང་དུ་སྨན་ཁབ་ཁྱེར་ནས་ཨ་རི་བ་ཚོར་འགོག་ཁབ་རྒྱག་རྒྱུའི་འབད་བརྩོན་བྱ་རྒྱུ། ཨ་རིའི་དབུས་གཞུང་གིས་བདུན་ཕྲག་འདི་མཇུག་མ་བསྒྲིལ་གོང་དུ་ཨ་རི་བ་དུང་ཕྱུར་༡་དང་བྱེ་བ་༦་ལ་སྨན་ཐུན་གཉིས་ཀའི་འགོག་ཁབ་ཆ་ཚང་བརྒྱབ་ཚར་རྒྱུའི་རེ་ལྟོས་འཆང་འདུག ཁ་སང་གཟའ་མིག་དམར་ཉིན་ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་གྲངས་ཉུང་གི་འགོ་ཁྲིད་མཱི་ཆི་མེ་ཁ་ནོལ་གྱིས་ང་ཚོ་འགོག་ཁབ་རྒྱག་མཁན་ཉུང་བའི་དམར་རྟགས་ཅན་གྱི་ས་ཁུལ་གྲས་སུ་ཚུད་ཀྱང་ཆེས་ཐབས་རྡུགས་ཀྱི་གྲས་སུ་ཚུད་མེད། འགོག་ཁབ་མ་བརྒྱབ་ན་དགེ་མཚན་ཡོད་པའི་རྒྱུ་མཚན་ཡང་དག་ཅིག་བཤད་རྒྱུ་མི་འདུག ང་ཚོས་འགོག་ཁབ་བརྒྱབ་ནས་ལས་དོན་མཐའ་སྐྱེལ་བྱ་དགོས་ཞེས་སྤྱི་མཐུན་ཚོགས་པའི་ཚོགས་མི་ཚོར་ནན་བརྗོད་བྱས་འདུག

ཨ་རིའི་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་དང་ཨེ་བྷི་སི་གསར་འགྱུར་ལས་ཁང་གཉིས་ཀྱིས་ཞིབ་འཇུག་བྱས་པ་ལྟར་ན། ཨ་རིའི་ནར་སོན་པ་བཅུའི་ནང་གི་མི་གསུམ་རེས་འགོག་ཁབ་བརྒྱབ་མེད། འགོག་ཁབ་ཧ་ལམ་རྒྱག་རྒྱུ་མིན་ཟེར་བའམ། ཡང་ན་འགོག་ཁབ་གཏན་ནས་རྒྱག་རྒྱུ་མིན་ཟེར། དམངས་གཙོ་ཚོགས་པའི་ཚོགས་མི་བརྒྱ་ཆ་༨༦་གིས་འགོག་ཁབ་བརྒྱབ་ཟིན་ཟེར་བ་དང་སྤྱི་མཐུན་ཚོགས་པའི་ཚོགས་མི་བརྒྱ་ཆ་༤༥་ཡས་མས་ཤིག་གིས་འགོག་ཁབ་བརྒྱབ་པ་ཡིན་ཞེས་ལན་བཏབ། ཁ་སྔོན་གཟའ་ཉི་མར་ནུབ་ཝྭིར་ཇཱི་ཎི་ཡ་མངའ་སྡེའི་སྤྱི་ཁྱབ་ཀྱིས་མངའ་སྡེ་དེའི་མི་མང་ནར་སོན་པ་བརྒྱ་ཆ་༥༢་ལ་སྨན་ཐུན་དང་པོའི་འགོག་ཁབ་བརྒྱབ་ཡོད། འགོག་ཁབ་མ་བརྒྱབ་པར་དམར་རྟགས་ནང་དུ་ཚུད་པའི་མངའ་སྡེ་ཁག་གི་མི་དམངས་རྣམས་ཧ་ཅང་གི་ལྟ་བ་མཁྲེགས་པོ་རྙིང་ཞེན་ཅན་རེད། ཁོ་ཚོས་ང་ལ་སྐྱོན་འབྱུང་གི་མ་རེད། ངས་འགོག་ཁབ་རྒྱག་དགོས་དོན་མེད་བསམ་གྱི་ཡོད་སྲིད་ཀྱང་བསམ་བློ་གཏོང་སྟངས་དེ་ནོར་འཁྲུལ་རེད་ཅེས་བཤད། སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་ཨ་རིའི་གྲོང་གསེབ་ཁག་གི་རྙིང་ཞེན་ཅན་ཚོར་འགོག་ཁབ་རྒྱག་དགོས་ཞེས་ནན་སྐུལ་བྱེད་ན་ནུས་པ་ཐོན་སྲིད། འོན་ཀྱང་ཌོ་ནལ་ཊམ་སྟངས་དཔྱལ་གཉིས་ཀྱིས་ཕྱི་ཟླ་དང་པོའི་མགོ་སྟོད་དུ་འགོག་ཁབ་བརྒྱབ། ཌོ་ནལ་ཊམ་གྱི་བུ་ཕྲུག་ཚོས་ཀྱང་སྔ་མོ་ནས་འགོག་ཁབ་བརྒྱབ་ཀྱང་མི་དམངས་ལ་འགོག་ཁབ་རྒྱག་དགོས་ཞེས་སྐུལ་སློང་བྱ་རྒྱུ་ལྟ་ཞོག ཐ་ན་ཌོ་ནལ་ཊམ་གྱིས་རང་ལ་འགོག་ཁབ་བརྒྱབ་པའི་འདྲ་པར་མི་སྟོན་པ་དང་ཨ་རིའི་མི་དམངས་ལ་འགོག་ཁབ་རྒྱག་དགོས་ཞེས་མིག་དཔེ་བཟང་པོ་ཞིག་བསྟན་ནས་ཏོག་དབྱིབས་ནད་དུག་སྔོན་འགོག་ལ་སྣེ་ཁྲིད་བྱེད་ཀྱི་མེད་པ་རེད།།

ཕྱི་ཟླ་༧་པའི་ཚེས་༧་ཉིན་ཨ་རིའི་རྒྱལ་ཡོངས་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་ཁེན་ས་སི་དང་ཨ་ཡོ་ཝ། ཡུ་ཊ་དང་ཀོ་ལོ་ར་ཌོ། ཊེཀ་སེ་སི་དང་ལུ་ཝི་སི་ཡ་ན། ཨོཀ་ལོ་ཧོ་མ་སོགས་མངའ་སྡེ་ཁག་ལའང་ཌེལ་ཊ་ངོ་བོ་ཉིས་འགྱུར་གྱི་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་མོད། འོན་ཀྱང་སྟབས་ལེགས་པ་ཞིག་ལ་ཨ་མི་རི་ཀས་རྒྱག་གི་ཡོད་པའི་ཇཱོན་སན་དང་ཇཱོན་སན། མོ་ཌེར་ན་སྨན་སྦྱོར་བཟོ་ཚོང་ཁང་གཉིས་ཀྱིས་བཟོས་པའི་འགོག་ཁབ་དེ་དག་གིས་ཌེལ་ཊ་ཏོག་དབྱིབས་ནད་དུག་སྔོན་འགོག་ཐུབ་ཀྱི་ཡོད་པའི་གནས་ཚུལ་ཐོན། ནེའུ་ཡོཀ་དུས་བབ་ཚགས་པར་གྱིས་ཧྥེ་ཛར་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་སྨན་ཁབ་ཀྱིས་ཀྱང་ཌེལ་ཊ་ཏོག་དབྱིབས་ནད་དུག་སྔོན་འགོག་བྱེད་ཐུབ་ཀྱི་འདུག་ཅེས་གནས་ཚུལས་སྤེལ། ཨ་རིའི་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་མ་བརྒྱབ་པའི་མི་གྲངས་དུང་ཕྱུར་གཅིག་ཕྱེད་ཀ་ནས་དུང་ཕྱུར་གཅིག་དང་བྱེ་བ་བཞི་ཡས་མས་ཤིག་ཡོད་པའི་གནས་ཚུལ་ཐོན། ཧྥི་ལ་ཌལ་ཧྥི་ཡ་གྲོང་ཁྱེར་གྱི་ནད་རིགས་སྔོན་འགོག་ཆེད་ལས་པ་སྨན་པ་ཕོལ་ཨོ་ཧྥི་ཊིས་ཨ་མི་རི་ཀ་ནི་འགོག་ཁབ་བརྒྱབ་པ་དང་འགོག་ཁབ་མ་བརྒྱབ་པའི་ཤོག་ཁག་གཉིས་སུ་མཆེད་འདུག དབྱར་གྱི་དུས་འདིར་དཀའ་ངལ་ཆེན་པོ་མེད་ཀྱང་དགུན་གྱི་དུས་སུའང་འགོག་ཁབ་མ་བརྒྱབ་པའི་མི་གྲངས་མང་དག་ཅིག་ཡོད་ན་ནད་ཡམས་བསྐྱར་དུ་ཁྱབ་རྒྱུ་རེད་ཅེས་བཤད། ཡེལ་སློབ་གྲྭ་ཆེན་མོའི་སྨན་ཁབ་ཉམས་ཞིབ་པ་སྨན་པ་ཨོ་མར་གྱིས་འཛམ་གླིང་ཡོངས་ལ་འགོག་ཁབ་རྒྱག་མ་ཐུབ་ན་རྒྱལ་གཅིག་ལའང་བདེ་འཇགས་མི་འདུག་ཅེས་བཀྲལ། ད་ལྟའི་བར་དུ་ཨ་མི་རི་ཀར་ཏོག་དབྱིབས་ནད་དུག་གིས་མི་༦༠༠༠༠༠་ལྷག་ལ་འཆི་སྐྱོན་དང་མི་གྲངས་༣༣༠༠༠༠༠༠་ལྷག་ལ་ནད་མནར་བྱུང་ཡོད་པ་རེད།།