སྤྱི་ལོ་༡༩༩༠ ལོ་ནས་ཆགས་པའི་རྒྱུན་སྲོལ་གཞི་བཟུང་བྱས་ན། རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཞེས་པ་དེ་ན་ནིང་ལོའི་སྤྱི་ཟླ་༡༠ པའམ་ཡང་ན་སྤྱི་ཟླ་༡༡ པའི་ནང་འཚོག་དགོས་པ་ཞིག་ཡིན་ཡང་། ཞི་ཅིན་ཕིང་གིས་ཚོགས་འདུ་དེ་ལོ་འདིའི་སྤྱི་ཟླ་༧ པའི་བར་དུ་ཕར་འགྱངས་བྱས་ཡོད་པ་རེད། ཚོགས་འདུ་འཚོག་ལ་ཉེ་བའི་སྐབས་འདིར། རྒྱ་ནག་གཞུང་འཛིན་གྱིས་མཐོ་རིམ་དཔོན་རིགས་ཚོ་ལ་སྒྲིག་ལམ་དམ་པོ་བསྡམ་འགོ་ཚུགས་ཡོད་ཅིང་། ཉེ་ལམ་ཞི་ཅིན་ཕིང་གི་སྐབས་ལ་གོ་གནས་སྤར་ཡོད་པའི་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་ཝེ་ཧྥུང་ཧེ་དང་དེའི་རྗེས་འཛིན་པ་ལི་ཧྲང་ཧྥུ་གཉིས། སྔོན་བརྡ་གང་ཡང་མེད་པའི་ཐོག་དུས་གཅིག་ལ་དམར་ཤོག་ཚོགས་པའི་སྐྱིད་སྡུག་ཁོངས་ནས་ཕྱིར་འབུད་བཏང་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དེ་ནི། དམར་ཤོག་ཚོགས་པའི་ལོ་རྒྱུས་ཐོག་ལ་བྱུང་མྱོང་མེད་པ་ཞིག་ཡིན་པས་མི་མང་པོས་ཧ་ལས་ཧང་སངས་ཡོད་པ་རེད། རྒྱ་ནག་ནང་ལྐོག་ཟ་རུལ་སུངས་བྱེད་མཁན་གྱི་དཔོན་རིགས་གྲངས་ལས་འདས་པར་གང་སར་ཁེངས་བསྡད་ཡོད་ཀྱང་། ལྐོག་ཟའི་ཞྭ་མོ་དེ་སུའི་མགོ་ལ་གཡོག་མིན་ནི་དབང་འཛིན་པའི་ཆབ་སྲིད་ཀྱི་དགོས་མཁོ་ཁོ་ནར་རག་ལས་ཀྱི་ཡོད་ཅིང་། ལྷག་པར་དུ་རྒྱ་ནག་དམག་དོན་གྱི་དཔོན་རིགས་ཤུས་ཚའེ་ཧོ་དང་ཀོག་པཱོ་ཤོང་། ཝེ་ཧྥུང་ཧེ་དང་ལི་ཧྲང་ཧྥུ་ལ་སོགས་པ་སྔ་ཕྱི་དམར་ཤོག་ཚོགས་པ་དང་དམག་ཁོངས་ནས་ཕྱིར་འབུད་བཏང་བ་ནི་སྟེས་དབང་ཞིག་གཏན་ནས་ཡིན་ག་ལ་སྲིད།
མཐོ་རིམ་དཔོན་པོ་མང་པོ་ཕྱིར་འབུད་བཏང་ཡོད་པ་དེས་རྒྱ་ནག་གི་འདས་པའི་ལོ་ཤས་རིང་ལ་སྤེལ་བའི་ལྐོག་ཟ་རུལ་སུངས་ལ་འགོག་རྒོལ་ཞེས་པའི་ལས་དོན་ལ་ཕམ་ཉེས་བྱུང་ཡོད་པར་མཚོན་ཡོད།
རྒྱ་ནག་གི་མཐོ་རིམ་དཔོན་རིགས་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་དུ་གོ་གནས་ནས་ཕྱིར་འབུད་བཏང་བའི་གནས་ཚུལ་ཐོན་པ་དེས་རྒྱ་ནག་གཞུང་གིས་འདས་པའི་ལོ་བཅུ་ལྷག་ཙམ་རིང་ལ་སྤེལ་བའི་ལྐོག་ཟ་རུལ་སུངས་ལ་འགོག་རྒོལ་གྱི་ལས་དོན་ལ་ཕམ་ཉེས་བྱུང་ཡོད་པར་མ་ཟད། འདས་པའི་ལོ་ཤས་ནང་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཚབས་ཇེ་ཆེར་ཕྱིན་ཡོད་པ་མཚོན་ཡོད། རྒྱུ་མཚན་ཅི་ལགས་ཞེ་ན། དམར་ཤོག་ཚོགས་པའི་དབང་ཆ་གཅིག་སྡུད་ཀྱི་ལམ་ལུགས་དེ་ནི་ལམ་ལུགས་རུལ་སུངས་ཅན་ཞིག་ཡིན་པ་དང་། སྒེར་གཅོད་སྲིད་དབང་ནི་ལྐོག་ཟ་རུལ་སུངས་ཀྱི་འབྱུང་ཁུངས་ངོ་མ་དེ་ཡིན་པས་རེད། འོན་ཏེ་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་ཅེས་པ་ནི་དོན་དམ་ལ་སྲིད་དབང་སྒེར་གཅོད་པ་ཚོས་སོ་སོའི་ཁ་གཏད་དང་དགྲ་བོ་རྣམས་རྩ་མེད་གཏོང་བྱེད་དང་། སྒེར་གྱི་ཆབ་སྲིད་ཀྱི་དམིགས་ཡུལ་སྒྲུབ་བྱེད་ཀྱི་ལག་ཆ་ཡག་ཤོས་ཤིག་ཆགས་ཡོད་པ་རེད།
SEE ALSO: ལི་ཧྲང་ཧྥུ་དང་ཝེ་ཧྥེང་ཧེ་གཉིས་དམར་ཤོག་ཚོགས་པའི་ཁོངས་ནས་ཕྱིར་ཕུད།རྒྱ་ནག་གཞུང་འཛིན་གྱིས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྐབས་ལ་བསམ་འཆར་ཐ་དད་སླེབས་རྒྱུར་དོགས་ཟོན་བྱེད་བཞིན་པ།
ཉེ་བའི་ཟླ་བ་འགའ་ཤས་རིང་ལ་ཧ་ལམ་ཉིན་གཉིས་གསུམ་རེའི་ནང་དཔོན་རིགས་རེ་ཟུང་འཛིན་བཟུང་བྱས་པ་ནི་དེ་སྔོན་མཐོང་དཀོན་པོ་ཡིན་པའི་གནས་ཚུལ་ཞིག་ཡིན་པས། དབང་འཛིན་པས་ཅིའི་ཕྱིར་ཚང་འཛོམས་གྲོས་ཚོགས་སྐོང་འཚོགས་བྱ་རན་གྱི་མཚམས་སུ་ལྐོག་ཟ་རུལ་སུངས་ཀྱི་ཐད་ལ་དམིགས་སུ་བཀར་ནས་རྡུང་རྡེག་ཚ་ནན་གཏང་དགོས་སམ་ཞེ་ན། དམར་ཤོག་ཚོགས་པའི་ལས་བྱེད་ཀྱི་དཀྱིལ་འཁོར་ནང་དང་། ལྷག་པར་དུ་མཐོ་རིམ་དཔོན་རིགས་ཚོའི་ནང་ལ་ད་ལྟའི་གཞུང་འཛིན་གྱིས་གཉེར་བཞིན་པའི་སྲིད་ཇུས་ལ་མི་འདོད་པའི་རྣམ་འགྱུར་རིགས་ཤིག་ཕྱིར་མངོན་ཡོང་གི་ཡོད་པར་འཛིན་སྐྱོང་གིས་ངོས་ནས་མྱུར་ཞིབ་རྫི་གསང་གིས་གནས་ཚུལ་དེ་བཞིན་ཤེས་རྟོགས་བྱུང་ཡོད་པ་ལས་མ་འདས་ཤིང་། དེ་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་སྐབས་དང་བསྟུན་ནས་ད་ལྟའི་དབུས་གཞུང་གི་ལྟ་བ་ལངས་ཕྱོགས་ལ་མི་མཐུན་པའི་གླེང་ཕྱོགས་འབྱུང་འཇུག་སྲིད་པར་མ་ཟད། ཐ་ན་མདུན་གྱི་གཞི་འདི་ལ་འགྲོ་བཞིན་པའི་ཆབ་སྲིད་ལམ་ཕྱོགས་ཀྱི་ཐད་ནས་སྐྱོན་ཆ་ངོས་ལེན་བྱ་དགོས་པའི་དགོས་འདུན་འདོན་སྲིད་པའི་རྐྱེན་གྱིས་ཡིན་པ་རེད།
ལྐོག་ཟ་རུལ་སུངས་ལ་འགོག་རྒོལ་ཞེས་པ་ནི་རྒྱ་ནག་གི་དབང་འཛིན་པས་དཔོན་རིགས་ཚོའི་སྐེ་ལ་བཀོན་པའི་ཆབ་སྲིད་ཀྱི་ཞགས་པ་ཞིག་ཡིན་ཡང་། ཞགས་པ་དེས་ཅིག་བྱས་ན་དཔོན་རིགས་ཁག་ཅིག་ལ་ཟིལ་གྱིས་གནོན་པའི་འཇིགས་སྣང་དེ་ཙམ་སྐུལ་ཐུབ་ཀྱི་མེད་ཅིང་། ལྐོག་ཟ་རུལ་སུངས་ཁ་ལ་འཁྱེར་ནས་དམར་ཤོག་ཚོགས་པའི་མཐོ་རིམ་ལས་བྱེད་ཚོའི་ཁ་འགོག་ཐབས་བྱ་རྒྱུ་དེ་ནི་ཁྲིམས་མཐུན་ལུགས་མཐུན་གྱི་རྣམ་པ་ཞིག་ཀྱང་ཡོང་ཁག་པོ་ཡིན་པ་རེད། དེ་བས་རྒྱ་ནག་དབང་འཛིན་པ་ལ་ད་དུང་སྲིད་དོན་གྱི་ཞགས་པ་གཞན་ཞིག་ཡོད་པ་ནི། དམར་ཤོག་ཚོགས་པའི་འཛུགས་སྐྱོང་ངམ་ལྷག་པར་སྲིད་དོན་ཡར་རྒྱས་བཏང་སྟེ་ལས་བྱེད་མང་ཚོགས་ཀྱི་སྒྲིག་ལམ་ལ་དོ་ནན་གྱིས་ཉེས་ཆད་སླད་འདོམས་བྱ་རྒྱུ་དེ་རེད། དེ་ཇི་ལྟར་བྱའམ་ཞེ་ན། དབང་འཛིན་པའི་ཐབས་ལམ་ཞིག་ནི། དམར་ཤོག་ཚོགས་པའི་ཁྱོན་ཡོངས་ལ་འགོ་ཁྲིད་དང་དབུས་དམར་ཚོགས་པའི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་རྒྱུ་དེ་ཡིན་པ་རེད།
Your browser doesn’t support HTML5
ཆབ་སྲིད་ཀྱི་དམ་བསྒྲགས་ལྷོད་དུ་བཏང་ཚེ་སྒེར་གཅོད་སྲིད་དབང་གི་གཞི་རྟེན་སྦོ་ལུག་སྲིད་པ།
ད་ལྟའི་ཀྲུང་ནན་ཧེའི་རྒྱ་ནག་གི་སྲིད་དབང་སྒེར་འཛིན་པ་གསར་པ་དང་མའོ་ཙེ་ཏུང་གི་སྲིད་དབང་སྒེར་གཅོད་གཉིས་བར་ལ་ཁྱད་པར་ཅི་ཞིག་ཡོད་དམ་ཞེ་ན། ཕྱི་མའི་དབང་ཆར་དམར་ཤོག་ཚོགས་པ་ནང་ཁུལ་དུ་རང་མོས་རང་འཐད་ཀྱིས་རྗེས་སུ་འཇུག་ཅིང་། དེའི་ཚེ་དེའི་དུས་ཀྱི་རྒྱ་ནག་གི་དམར་ཤོག་ཚོགས་པ་དང་ཚོགས་མི་རྣམས་ལ་ཕུགས་བསམ་རིང་ལུགས་ཀྱི་ཆ་ངེས་ཅན་ཞིག་འདུག་ཀྱང་། སྨོས་མ་དགོས་པར་མའོ་ཙེ་ཏུང་གིས་དེ་བཞིན་བྱས་ཐུབ་པ་དེའང་རྒྱ་ནག་དེ་བཞིན་ཕྱི་བཀག་ནང་བསྡམས་ཀྱི་ཤེས་རྨོངས་ཀྱི་རྣམ་པ་ཞིག་ཏུ་གནས་ཡོད་པས་རེད། དེ་ལྟ་ནའང་། དེང་སྐབས་རྒྱ་ནག་གཞུང་འཛིན་གྱི་དབང་ཆ་ནི་སྲིད་ཀྱི་མཛད་རྗེས་དང་“མི་རིགས་བསྐྱར་དར་གྱི་དགོངས་གཞི་རླབས་པོ་ཆེའི་ཕུགས་འདུན་”གྱིས་དམར་ཤོག་ཚོགས་མི་ཚོར་རང་འགུལ་གྱིས་དང་དུ་ལེན་པའམ་ཅི་གསུང་བཀའ་སྒྲུབ་བྱས་པ་ཞིག་མ་ཡིན་པར། དེ་ལས་ལྡོག་སྟེ་དམར་ཤོག་ཚོགས་པའི་སྲིད་དོན་གྱི་སྒྲིག་ལམ་དང་། ལྟ་སྤྱོད་མི་མཐུན་པ་རྣམས་ལ་མགོ་གནོན་དང་། ཆབ་སྲིད་ཀྱི་སྟོབས་ཤུགས་མི་འདྲ་བར་རྡུང་རྡེག་ཚ་ནན་བཏང་རྗེས་གཞི་ནས་ཚུགས་པ་ཞིག་ཡིན་པ་དང་། དེས་ཀྱང་ཆབ་སྲིད་ཀྱི་དབང་ཆའི་ནང་གནས་ཀྱི་སྒྲིག་གཞིར་དོ་མི་སྙོམས་ཤིང་བརྟན་བརླིང་མ་ཡིན་པའི་རང་བཞིན་ཞིག་ལྷན་སྐྱེས་ལྟ་བུར་མངོན་ཞིང་། ཕྱིའི་ཆབ་སྲིད་ཀྱི་དམ་བསྒྲགས་ཞི་ལྷོད་དུ་བཏང་མ་ཐག་སྲིད་དོན་དབང་ཤུགས་ཀྱི་གཞི་རྟེན་བརྟན་པོ་མེད་པ་ཆགས་ནས་སྒྲོམ་གཞི་སྦོ་ལུག་པའི་ཉེན་ཁ་ཤིན་ཏུ་ཆེ་བ་རེད། རྒྱུ་མཚན་དེ་ལ་བརྟེན་ནས། དུས་རྟག་ཏུ་ཆབ་སྲིད་ཀྱི་དབང་ཆའམ་དབང་ཤུགས་ལ་ཤུགས་སྣོན་གྱིས་རྒྱུན་ཆད་མེད་པར་དམར་ཤོག་ཚོགས་པ་ནང་ཁུལ་དང་། མཐོ་རིམ་ལས་བྱེད་པའི་ཁྲོད་དུ་སྲིད་དོན་སློབ་སྦྱོང་ལ་ནན་བརྗོད་དང་། ཆབ་སྲིད་འཛུགས་སྐྱོང་། གཅིག་སྡུད་གཅིག་གྱུར་གྱི་གལ་འགངས་ཆེ་ལུགས་ནན་ཤས་སུ་བརྗོད་དང་བརྗོད་མུས་ཡིན་པའང་དེ་དོན་ཡིན་པ་རེད།
རྒྱ་ནག་གི་གཞུང་འཛིན་ལ་མཚོན་ན་བློ་ཕམ་གྱི་རང་བཞིན་ཞིག་ནི། དཔལ་འབྱོར་གྱི་གནས་སྟངས་མུ་མཐུད་ནས་ཇེ་སྡུག་ཇེ་ཞན་དུ་འགྲོ་བཞིན་པ་དང་། སྤྱི་ཚོགས་ཁྱོན་ཡོངས་སུ་མ་འོངས་པར་རེ་བ་དང་ཡིད་ཆེས་བརླག་པའི་ཉམས་སྣང་ཞིག་གིས་ཁྱབ་བཞིན་པ་དང་། ལྷག་པར་དུ་ཆབ་སྲིད་ཀྱི་དབང་ཤུགས་ཀྱང་མགྱོགས་མྱུར་དུ་ཉམས་རྒུད་དུ་འགྲོ་བཞིན་ཡོད་པས། ད་ལན་གྱི་དམར་ཤོག་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྐབས་དང་བསྟུན་ནས་དབང་འཛིན་པས་བཅོས་བསྒྱུར་ཀྱི་ཁ་གཡང་བསྐྱར་དུ་འཕྱུར་བའི་དམིགས་ཡུལ་ནི། དམར་ཤོག་ཚོགས་པ་དང་སྤྱི་ཚོགས་ཁྱོན་ཡོངས་ཀྱིས་ད་ལྟའི་དབང་འཛིན་པ་ཚོར་ཡིད་ཆེས་བསྐྱར་གསོ་ཡོང་བར་བྱ་རྒྱུ་དེ་ཡིན་ངེས་ཀྱང་། དེས་དམར་ཤོག་ཚོགས་པའི་ནང་ཁུལ་དུ་ད་ལྟའི་ཀྲུང་ནན་ཧེའི་དབང་འཛིན་པ་ཚོའི་བྱེད་སྟངས་ལ་འདོད་མོས་མེད་པའི་སྟོབས་ཤུགས་ལ་ཁྲིམས་མཐུན་ལུགས་མཐུན་གྱི་སྒོ་ནས་ད་ལྟའི་དབང་འཛིན་པའི་དཔལ་འབྱོར་དང་ཆབ་སྲིད་ཀྱི་ལམ་ཕྱོགས་ལ་སྐྱོན་འཛུགས་བྱེད་པའི་གོ་སྐབས་ཤིག་སྤྲད་པ་གཅིག་མཚུངས་ཡིན་པ་རེད། རྐྱེན་རྩ་དེས་ཚོགས་འདུར་འགྱུར་བ་རིགས་ཤིག་གཏོང་ཐུབ་བམ། དབང་འཛིན་པས་སྔ་ལས་ནས་གོ་སྒྲིག་ཟིན་པའི་ནང་དོན་སྙིང་པོ་དང་སྟངས་འཛིན་ལས་བརྒལ་ཐུབ་བམ། དབང་འཛིན་པ་ལ་མཚོན་ན་གནད་དོན་དེ་ཚོའི་ཐད་ལ་རྫི་གསང་དོད་པོ་མི་བྱེད་ཀ་མེད་ཡིན་པར་མ་ཟད། དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་སྒྲིག་ལམ་སྤྱད་ནས་དམར་ཤོག་ཚོགས་པའི་ཚོགས་མི་ཡོངས་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་ཚོར་ཚོད་འཛིན་བྱ་དགོས་འཁེལ་གྱི་ཡོད་པ་རེད།
རྒྱུ་མཚན་དེའི་ཕྱིར་ན། ཕྱི་ལོགས་ནས་ཀྱང་གོང་ཞུས་དབང་འཛིན་པའི་བྱེད་བབ་དེ་དག་མཐོང་ཐུབ་ཀྱི་ཡོད་པ་སྟེ། ལྐོག་ཟ་རུལ་སུངས་ལ་འགོག་རྒོལ་དང་དམར་ཤོག་ཚོགས་པ་འཛུགས་སྐྱོང་ཞེས་པ་དེ་གཉིས་ངག་ལ་འཁྱེར་ནས་གཞལ་ཚེ། དམར་ཤོག་ཚོགས་པ་ནང་ཁུལ་དུ་ད་ལྟའི་གཞུང་འཛིན་ལ་འདོད་མོས་མེད་མཁན་གྱི་དཔོན་རིགས་ཚོ་ལ་རང་བཞིན་གྱིས་སྟབས་མི་བདེ་བ་ཆགས་བཅུག་ཡོད་ཅིང་། ཞྭ་མོ་དེ་གཉིས་ཀྱི་མདུན་ནས་དཔོན་རིགས་ཚོས་ཚོགས་འདུའི་ཐོག་ལ་ད་ལྟའི་སྲིད་ཀྱི་འགྲོ་སྟངས་ལ་སྐྱོན་བརྗོད་བྱེད་ཕོད་མཁན་ཕལ་ཆེར་ཡོང་མི་སྲིད་པ་རེད། ཚོགས་འདུའི་ཐོག་ལ་སྐད་ཆ་ཐ་དད་མི་བཤད་པར་མི་ཚང་མས་ཁ་ཁུ་སིམ་མེར་བསྡད་རྒྱུ་ཙམ་ནི་རྒྱ་ནག་གཞུང་འཛིན་གྱི་རེ་བ་ཡིན་ཞིང་། དེ་ནི་སྒེར་གཅོད་པ་ཚོའི་དབང་ཚད་དང་བརྗིད་ཉམས་མངོན་ཐུབ་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
༼ གོང་འཁོད་རྩོམ་ཡིག་དེ་ནི་རྒྱ་ནག་གི་གནད་དོན་སྐོར་གྱི་དཔྱད་བརྗོད་པ་ཏེན་ཡུས་ཝེན་ལགས་ཀྱིས་འདི་གའི་ཨ་རིའི་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་ལ་བྲིས་གནང་བ་ཞིག་བོད་ཡིག་ཏུ་ཕབ་བསྒྱུར་ཞུས་པ་ཡིན།༽