མོ་ཧ་མཏ་ཡུ་ནུས་ཡིས་བྷངྒ་ལ་དེཤ་བར་བརྒལ་སྲིད་གཞུང་འཛིན་སྐྱོང་བྱ་རྒྱུ།

བྷངྒ་ལ་དེཤའི་དམག་མིའི་སྤྱི་ཁྱབ་ཀྱིས་ནོ་བྷལ་ཞི་བདེའི་གཟིངས་རྟགས་བཞེས་མཁན་མོ་ཧ་མཏ་ཡུ་ནུས་

Your browser doesn’t support HTML5

མོ་ཧ་མཏ་ཡུ་ནུས་ཡིས་བྷངྒ་ལ་དེཤ་བར་བརྒལ་སྲིད་གཞུང་འཛིན་སྐྱོང་བྱ་རྒྱུ།

བྷངྒ་ལ་དེཤའི་དམག་མིའི་སྤྱི་ཁྱབ་ཀྱིས་ནོ་བྷལ་ཞི་བདེའི་གཟིངས་རྟགས་བཞེས་མཁན་མོ་ཧ་མཏ་ཡུ་ནུས་ཡིས་བྷངྒ་ལ་དེཤའི་བར་བརྒལ་སྲིད་གཞུང་གི་འགོ་ཁྲིད་གནང་རྒྱུའི་གསལ་བསྒྲགས་སྤེལ་བ་དང་། རེས་གཟའ་ཕུར་བུའི་ཉིན་ལས་འཁུར་དམ་བཅའ་འཇོག་རྒྱུའི་མཛད་སྒོ་བྱ་རྒྱུ་ཡིན་ཞེས་བཤད་འདུག བྷངྒ་ལ་དེཤའི་ནང་བདུན་ཕྲག་འགའ་ཤས་རིང་དྲག་ཟིང་གི་གནས་ཚུལ་ཚབས་ཆེན་བྱུང་རྗེས་སྲིད་བློན་ལྕམ་ཤེཀ་ཧ་སི་ནས་གློ་བུར་དུ་ལས་གནས་ནས་དགོངས་ཞུ་གནང་སྟེ་རྒྱལ་ཁབ་ནས་བྲོས་བྱོལ་སོང་བ་དང་། དེ་རྗེས་སྤྱི་ཁྱབ་དམག་སྤྱི་ཝ་ཀེར་ཨུཛ་མན་གྱིས་ཡུ་ནུས་ལ་སྲིད་བློན་གྱི་ལས་གནས་སུ་བསྐོ་བཞག་བྱས་པ་རེད།

བྷངྒ་ལ་དེཤའི་ནང་གི་དྲག་ཟིང་གི་གནས་སྟངས་བྱུང་བ་དེ་ནི་སློབ་ཕྲུག་གིས་གཞུང་གི་ལས་ཀའི་ལམ་ལུགས་ལ་ངོ་རྒོལ་དང་སྲིད་བློན་ཤེཀ་ཧ་སི་ན་དགོངས་ཞུ་བྱེད་དགོས་པའི་ངོ་རྒོལ་ལས་འགུལ་ཤུགས་ཆེ་བྱས་ཤིང་། ཉེན་རྟོག་པས་དྲག་གནོན་བྱས་ནས་བདུན་ཕྲག་གཉིས་གསུམ་ཙམ་གྱི་ནང་མི་༣༠༠་ཙམ་ལ་སྲོག་སྐྱོན་དང་བརྒྱ་ཕྲག་མང་པོར་རྨས་སྐྱོན་བྱུང་ཡོད་པ་རེད།

སྤྱི་ཁྱབ་དམག་སྤྱི་ཛ་མན་གྱིས་རེས་གཟའ་ལྷག་པའི་ཉིན་རྒྱལ་ཡོངས་ལ་བརྙན་འཕྲིན་ཐོག་གསལ་བསྒྲགས་སྤེལ་ནས་ཉེ་དུས་དྲག་ཟིང་གི་གནས་ཚུལ་བྱུང་བ་དེའི་འགན་འཁུར་ཡོད་མཁན་ཚོས་འགན་ལེན་དགོས་ཀྱི་རེད་ཅེས་བཤད་འདུག

བྷངྒ་ལ་དེཤའི་སྲིད་འཛིན་མོ་ཧ་མཏ་ཤཱབ་ཨུ་དྷིན་གྱིས་རེས་གཟའ་མིག་དམར་ཉིན་གྲོས་ཚོགས་ཕྱིར་བསྡུར་གནང་ཡོད་པ་དང་། དེ་ལྟར་ཕྱིར་བསྡུ་བྱས་པ་དེ་ནི་སྲིད་བློན་ཡུ་ནུས་ལ་བར་བརྒལ་སྲིད་གཞུང་འཛུགས་རྒྱུའི་ལམ་བཟོས་པ་ཞིག་ཡིན་པ་རེད།

མོ་ཧ་མཏ་ཡུ་ནུས་ནི་དཔལ་འབྱོར་དང་དངུལ་ཁང་ལས་དོན་ཐད་ཀྱི་མཁས་དབང་ཡིན་པར་བརྟེན་ཁོང་གི་ལས་དོན་ཐད་༢༠༠༦་ལོར་ནོར་བྷལ་ཞི་བའི་གཟིངས་རྟགས་བྱ་དགའ་ཡང་ཐོབ་ཡོད།

ཡུ་ནུས་སྲིད་བློན་ལ་བསྐོ་བཞག་བྱུང་བའི་གསལ་བསྒྲགས་དང་པོ་སྤེལ་སྐབས་ཉེ་དུས་སློབ་ཕྲུག་གི་ངོ་རྒོལ་ཁྲོམ་སྐོར་བྱས་པ་ལ་བསྟོད་བསྔགས་དང་ཞི་འཇམ་ཡོང་བའི་རེ་སྐུལ་གནང་བ་དང་ཆབས་ཅིག སློབ་ཕྲུག་ཚོར་དྲག་སྤྱོད་ལས་གཡོལ་ཐབས་བྱེད་དགོས་པ་དང་། རྒྱལ་ཁབ་བསྐྱར་སྐྲུན་ལ་དོ་སྣང་བྱེད་དགོས་པ་ནན་བཤད་ཀྱང་གནང་འདུག

བྷངྒ་ལ་དེཤའི་ནང་བདུན་ཁྲག་འགའ་ཤས་རིང་དྲག་ཟིང་གི་གནས་ཚུལ་ཚབས་ཆེན་བྱུང་ཡོད་ནའང་རེས་གཟའ་ལྷག་པའི་ཉིན་རྒྱལ་ས་ཌཀྐའི་ནང་རྩ་བའི་ཆ་ནས་ཞི་འཇམ་དུ་གྱུར་བ་དང་། སློབ་ཕྲུག་དྭང་བླང་ཚོས་སྲང་ལམ་གཙང་མ་བཟོ་བ་དང་འགྲིམ་འགྲུལ་ལ་སྟངས་འཛིན་བྱེད་བཞིན་པ་མཐོང་རྒྱུ་ཡོད་པ་མ་ཟད། ཉེན་རྟོག་པ་ནི་ཉུང་ཤས་ལས་་མེད་པར་གྱུར་འདུག

ཨ་རིའི་རླུང་འཕྲིན་ཁང་གི་གསར་ཁང་ནས་བཏུས།

གསར་འགོད་པ། རྒྱལ་མཚན་ཚེ་རིང་།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།