ཨུ་རུ་སུའི་དམག་ཁོངས་སུ་ཞུགས་པའི་བལ་པོ་གཞན་ཞིག་གི་ཚེ་སྲོག་ཤོར།  

བལ་ཡུལ་ནས་ཕྱི་རྒྱལ་ལ་ལས་ཀར་འགྲོ་རྒྱུར་རེ་བ་རྒྱག་མཁན་སྐོར་ཞིག

༄༅།། ལོ་ན་༣༦་ལ་སོན་པའི་བལ་པོ་བྷ་ར་ཏ་ཤཱ་(Bharat Shah)་ཟེར་བ་ཞིག་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ནས་ཡུཀ་རེན་ལ་འཐབ་འཁྲུག་རྒྱག་ཏུ་ཕྱིན་ཏེ་ཚེ་སྲོག་ཤོར། ཕྱི་ཟླ་༡༢་པའི་ཚེས་༡༨་ཉིན་ཀ་ཏ་མན་རྡུ་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། བལ་པོ་དེ་ཟླ་བ་སྔོན་མའི་ཚེས་༢༦་ཉིན་བསད་པ་དང་བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་བཟའ་མི་ཚོར་བརྡ་ལན་འབྱོར། བཟའ་མི་ཚོས་རྩྭ་ཀུ་ཤའི་འདྲ་གསོབ་ཅིག་བཟོས་ཏེ་ཧིན་རྡུ་ཆོས་ལུགས་ཀྱི་སྲོལ་རྒྱུན་ལྟར་ཕུང་པོ་ཞུགས་འབུལ་གྱི་ཆོ་ག་བསྒྲུབས། གཅུང་པོ་མན་གྷལ་ཤཱས་ང་ཚོས་གཟའ་པ་སངས་ཉིན་གཅེན་པོའི་འཐབ་གྲོགས་ཀན་ཆན་པུར་གྱི་ར་བྷིན་ཐ་པ་བརྒྱུད་ནས་གཏམ་ངན་དེ་གོ་ཐོས་བྱུང་། ཕུ་བོ་དང་ང་ཚོ་འབྲེལ་བ་ཆད་ནས་ཟླ་བ་གསུམ་ཕྱིན་ཡིན། ཁ་སང་གཟའ་ཉི་མའི་ཉིན་ཞུགས་འབུལ་གྱི་ཆོ་ག་ཞིག་བསྒྲུབས་པ་ཡིན། ཕུ་བོའི་ཕུང་པོ་ཞིག་འབྱོར་རྒྱུ་ཡོད་མེད་ཀྱང་བཤད་དཀའ་ཞེས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ། བལ་པོའི་གཞུང་དང་ཨུ་རུ་སུའི་གཞུང་གིས་བལ་པོ་དེའི་བཟའ་མི་ཚོར་གཞུང་འབྲེལ་གྱི་བརྡ་ལན་སྤྲད་མེད་པའི་གནས་ཚུལ་ཐོན་འདུག

བྷ་ར་ཏ་ཤཱ་ནི་བལ་ཡུལ་གྱི་ཀེ་ལ་ལི་རྫོང་། ཏི་ཀ་པུར་གྲོང་རྡལ་གྱི་གྲོང་མི་ཞིག་ཡིན་པ་དང་ཟླ་བ་གསུམ་གྱི་སྔོན་དུ་ཨུ་རུ་སུའི་དམག་ཁོངས་སུ་ཞུགས། ད་ལྟའི་བར་དུ་ཡུཀ་རེན་གྱི་དམག་ས་ཁག་ཏུ་བལ་པོ་༧་ལ་སྲོག་སྐྱོན་ཕོག་པ་ངེས་གཏན་ཐུབ། ཨུ་རུ་སུའི་དམག་ཁོངས་སུ་མ་ཞུགས་གོང་དེར་བྷ་ར་ཏ་ཤཱ་བལ་ཡུལ་གྱི་ཉེན་རྟོག་པའི་སྒྲིག་ཁོངས་སུ་ཞུགས་ནས་ལོ་བདུན་གྱི་རིང་ཞབས་འདེགས་ཞུས། ལོ་གསུམ་གྱི་སྔོན་དུ་ཉེན་རྟོག་པའི་ཁོངས་ནས་ཐོན་ཏེ་དྷུ་བྷེ་ལ་བདེ་འཇགས་སྲུང་སྐྱོབ་པའི་གླ་གཡོག་རྒྱུག་ཏུ་བསྐྱོད། བལ་ཡུལ་གཞུང་གིས་རང་གི་སྤྱི་དམངས་རྣམས་རྒྱ་གར་དང་དབྱིན་ཇི་མ་གཏོགས་རྒྱལ་ཁབ་གཞན་གྱི་དམག་ཁོངས་སུ་ཞུགས་མི་ཆོག་ཅེས་བཀག ཕྱི་ཟླ་༡༢་པའི་ཚེས་༡༡་ཉིན་བལ་ཡུལ་གྱི་སྲིད་བློན་པུ་ཤ་པ་ཀ་མལ་དྷལ་(Pushpa Kamal Dahal)་གྱིས་ཨུ་རུ་སུའི་དམག་ཁོངས་སུ་བལ་པོ་༢༠༠་ལྷག་ཡོད་ས་རེད། ང་ཚོས་བལ་པོ་ཅི་ཙམ་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ཡོད་མེད་ཀྱི་གྲངས་ཀ་གསལ་པོ་ཞིག་ཤེས་ཀྱི་མི་འདུག་ཅེས་བསྒྲགས།།

ཉེ་ཆར་ཕྱི་ཟླ་༡༢་པའི་ཚེས་༥་ཉིན་ཀ་ཐ་མན་རྡུ་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཡུཀ་རེན་གྱི་དམག་ས་ཁག་ཏུ་བལ་པོ་དྲུག་ལ་སྲོག་སྐྱོན་ཕོག སྲིད་བློན་པུ་ཤ་པ་ཀ་མལ་དྷལ་དང་ཕྱི་སྲིད་བློན་བློན་ཆེན་སོགས་ཀྱིས་ ཨུ་རུ་སུའི་གཞུང་ལ་བལ་པོ་ཚོ་དམག་ཁོངས་སུ་ཞུགས་རྒྱུ་མཚམས་འཇོག་བྱ་དགོས་ཞེས་དགོས་འདུན་བཏོན། མོ་སི་ཀོར་བཅའ་སྡོད་བལ་ཡུལ་གྱི་གཞུང་ཚབ་པས་ཕོ་གསར་ཚོ་གླ་ཕོགས་ཆེན་པོ་རག་རྒྱུའི་ཧེབ་ལངས་ནས་ཡོང་གི་འདུག ཁོ་ཚོས་བར་པ་ཚོར་བལ་སྒོར་ས་ཡ་༡་ཡས་མས་རེ་སྤྲད་ནས་ཨུ་རུ་སུའི་དམག་ཁོངས་སུ་ཚུད་ཐབས་བྱེད་ཀྱི་འདུག་ཅེས་གསར་འགོད་པར་གླེང་མོལ་བྱས་འདུག ད་ལོའི་ཕྱི་ཟླ་༨་པའི་ཚེས་༡་ཉིན་བལ་ཡུལ་གྱི་ཕྱི་སྲིད་ལྷན་ཁང་གིས་དམག་འཁྲུག་ལངས་ཡོད་པའི་རྒྱལ་ཁབ་ཁག་གི་དམག་ཁོངས་སུ་བལ་པོ་ཚོ་མ་ཞུགས། མི་ཁག་ཅིག་གིས་སྤྱི་ཚོགས་དྲྭ་ལམ་བརྒྱུད་ནས་རྒྱལ་ཁབ་གཞན་གྱི་དམག་ཁོངས་སུ་ཞུགས་རྒྱུའི་གན་རྒྱ་འཇོག་གི་འདུག དེ་ནི་ཧ་ཅང་གི་ཉེན་ཁ་ཅན་ཞིག་རེད་ཅེས་བཤོལ་བཏབ།།

ཕྱི་ཟླ་༡༢་པའི་ཚེས་༧་ཉིན་བྷི་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བལ་ཡུལ་གཞུང་གིས་མི་བཅུ་ཐམ་པ་འཛིན་བཟུང་བྱས་ཤིང། ཁོ་ཚོར་བལ་པོའི་ཕོ་གསར་རྣམས་ཨུ་རུ་སུའི་དམག་ཁོངས་སུ་བསྡུ་ཡི་ཡོད་པའི་ནག་ཉེས་བཙུགས། རྒྱལ་ས་ཀ་ཐ་མན་རྡུའི་ཉེན་རྟོག་པས་ནག་ཚོང་རྒྱག་མཁན་ཚོས་མི་རེའི་ལག་ནས་ཨ་སྒོར་༩༠༠༠་རེ་བླངས་ཏེ་ཡུལ་སྐོར་སྤྲོ་འཆམ་པའི་ཐོངས་མཆན་ཞུས་ཏེ་ཕོ་གསར་ཚོ་འཁྲིད་ཀྱི་འདུག ཨུ་རུ་སུའི་དམག་ཁོངས་སུ་བལ་པོ་ཅི་ཙམ་ཡོད་མེད་གྲངས་ཁ་གསལ་པོ་ཞིག་མི་ཤེས་ཀྱང་བལ་པོ་བརྒྱ་ཕྲག་རེ་ཟུང་ཡོད་ཤས་ཆེ་ཟེར། བལ་ཡུལ་གྱི་ཉེན་རྟོག་སྤྱི་ཁྱབ་ཀུ་མུ་ད་དྷུན་གེལ་(Kumud Dhungel)་གྱིས་ཨུ་རུ་སུའི་གཞུང་གིས་ཐད་ཀར་བལ་པོ་རྣམས་དམག་ཁོངས་སུ་བསྡུ་ཡི་ཡོད་པའི་དཔང་རྟགས་རྙེད་ཀྱི་མི་འདུག བལ་པོ་ཁག་ཅིག་གིས་ཕོ་གསར་ཚོར་ཨུ་རུ་སུའི་མི་དམངས་ཀྱིས་ལྟ་སྐོར་དུ་ཤོག་ཟེར་གྱི་འདུག་ཅེས་མགྲོན་ཤོག་ཅིག་བསྟན་ནས་བསླུ་ཁྲིད་བྱེད་ཀྱི་ཡོད་པ་རྩད་གཅོད་ཐུབ་ཡོད། ཁོ་ཚོས་བལ་པོ་ཚོ་རྒྱ་གར་རམ། ཡང་ན་དྷུ་བྷེ་ལ་ཁྲིད་ནས་མཐའ་མཇུག་ཨུ་རུ་སུའི་གླས་དམག་ཁོངས་སུ་འཇུག་གི་འདུག་ཅེས་སྨྲས།།

ཨུ་རུ་སུར་བཅའ་སྡོད་བལ་ཡུལ་གྱི་གཞུང་ཚབ་པ་མཱི་ལན་ཏུ་ལ་དྷར་(Milan Tuladhar)་གྱིས་གསར་པ་ཚོར་བཤད་པ་ལྟར་ན། ད་ལོའི་ཕྱི་ཟླ་༥་པའི་ནང་ཕུ་ཊིན་གྱིས་ཕྱི་རྒྱལ་བ་རྣམས་ཨུ་རུ་སུའི་དམག་ཁོངས་སུ་བསྡུ་རྒྱུ་ཡིན། དམག་ཁོངས་སུ་ཞུགས་པའི་ཕྱི་རྒྱལ་བ་ཚོ་མྱུར་དུ་ཨུ་རུ་སུའི་སྤྱི་དམངས་སུ་འགྱུར་ཆོག་པའི་ཐོབ་ཐང་སྤྲོད་རྒྱུ་ཡིན་ཞེས་ཁས་བླངས་པའི་རྗེས་སུ་བལ་པོ་ཚོ་ཨུ་རུ་སུར་གནས་སྤོར་བྱ་རྒྱུ་མང་དུ་ཕྱིན་སོང་། ཐ་ན་ཨུ་རུ་སུར་གཏན་སྡོད་བྱེད་བཞིན་པའི་བལ་པོ་ཚོས་ཀྱང་བལ་ཡུལ་ནས་ཕོ་གསར་ཚོ་ཨུ་རུ་སུའི་དམག་ཁོངས་སུ་བསྡུ་བའི་ནག་ཚོང་རྒྱག་གི་འདུག ང་ཚོས་ཨུ་རུ་སུའི་གཞུང་ལ་བལ་པོ་ཚོར་ཐོངས་མཆན་སྤྲོད་རྒྱུ་དམ་དུ་གཏོང་དགོས་པའི་ནན་སྐུལ་བྱས་པ་ཡིན་ཞེས་བསྟན། ཨུ་རུ་སུར་དམག་མི་འདང་ངེས་མེད་པར་བལ་ཡུལ་དང་འཇོར་ཇཱི་ཡ། སི་རི་ཡ་དང་ལི་བྷི་ཡ། ལཱ་ཊིན་ཨ་མི་རི་ཀའི་རྒྱལ་ཁབ་ཀུ་པ་དང་ཨུ་རུ་སུར་ངལ་རྩོལ་རྒྱུག་ཏུ་ཡོང་བའི་དབུས་ཨེ་ཤི་ཡའི་ཁ་ཆེའི་རྒྱལ་ཁབ་ཁག་གི་སྤྱི་དམངས་རྣམས་དམག་ཁོངས་སུ་བཅུག་ནས་ཡུཀ་རེན་ལ་གཏོང་གི་ཡོད་པའི་གནས་ཚུལ་ཐོན་འདུག

བལ་ཡུལ་གཞུང་གིས་ཨུ་རུ་སུའི་གཞུང་ལ་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་པའི་བལ་པོ་དེ་དག་གི་ཕུང་པོ་རྣམས་ཕྱིར་སློག་བྱ་དགོས་ཞེས་ནན་སྐུལ་བྱས་མོད། འོན་ཀྱང་ཨུ་རུ་སུའི་གཞུང་གིས་བལ་པོ་དེ་དག་གི་ཕུང་པོ་དམག་ས་ཁག་ནས་ལེན་ཐུབ་ཡོད་མེད། ཕུང་པོ་དེ་ཚོ་བལ་ཡུལ་ལ་རྩིས་སྤྲོད་བྱ་རྒྱུ་ཡོད་མེད་ཀྱི་ལན་འདེབས་གསལ་པོ་བྱས་མེད་ཅིང་། བལ་པོའི་དམག་མི་འདས་པོ་ཞིག་གི་སྲིང་མོས་ང་ཚོར་བལ་ཡུལ་གཞུང་གིས་གྱོང་གསབ་ལེན་རོགས་དང་ཕུང་པོ་ལེན་རོགས་བྱ་དགོས་པའི་རེ་བ་བཏོན་པ་ཡིན། བལ་ཡུལ་གཞུང་གིས་ཕུང་པོ་དེ་རྣམས་ཨུ་རུ་སུའི་དམག་གིས་དུར་འཇུག་བྱས་ཟིན་འདུག་ཟེར་གྱི་འདུག བལ་ཡུལ་གཞུང་གིས་ང་ཚོར་ཨུ་རུ་སུའི་གཞུང་ལ་སྐད་ཆ་བཤད་རོགས་བྱ་དགོས་ཀྱང་བྱེད་ཀྱི་མི་འདུག་ཅེས་གསར་འགོད་པར་སྡུག་སྐད་བརྒྱབ། ཕྱི་ཟླ་༦་པའི་ནང་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་པའི་བལ་པོ་ཞིག་གིས་བལ་ཡུལ་གྱི་དཔལ་འབྱོར་གནས་སྟངས་ནི་ཀུན་གྱིས་ཤེས་གསལ་རེད། ང་ཚོ་བལ་ཡུལ་དུ་ཕྱིར་ལོག་བྱས་ནས་ཅི་ཞིག་བྱ་དགོས་པ་རེད་ཅེས་ཊིག་ཊོག་དྲྭ་ལམ་དུ་བརྙན་ཐུང་ཞིག་བཀྲམ།།

ཕྱི་ཟླ་༡༢་པའི་ཚེས་༡༡་ཉིན་རང་བཙན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་ཤས་གོང་དུ་ཡུཀ་རེན་གྱི་གཞུང་འབྲེལ་མི་སྣ་ཚོས་བཟུང་དམག་ཅིག་གི་བརྙན་ཐུང་ཞིག་དྲྭ་ལམ་དུ་སྤེལ། མི་དེའི་མིང་ལ་བྷི་བྷེག་ཀཱ་ཏ་རི་ཟེར་བ་དང་ཁོ་པ་བལ་པོ་ཡིན་པར་མ་ཟད། ཀཱ་ཏ་རིས་ང་ཚོའི་ཁྱིམ་ཚང་ལ་དཀའ་ངལ་ཆེན་པོ་ཡོད། ངའི་ཨ་མས་ལས་ཀ་ལས་ཐུབ་ཀྱི་མེད་པ་དང་ང་ཚོར་དངུལ་སྒོར་དགོས་ཀྱི་འདུག དེར་བརྟེན་ང་འདིར་ཡོང་བ་ཡིན། ངའི་གྲོགས་པོ་ཚོས་གླས་དམག་ཁོངས་སུ་ཞུགས་ན་ཡག་པོ་ཡོད་པ་རེད་ཟེར་བྱུང་། ང་འཇོན་ཐང་ལྡན་པའི་མི་ཞིག་ཏུ་གྱུར་ནས་ཨ་མའི་དྲུང་དུ་ལོག་རྩིས་ཡོད། ང་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་དོན་དེ་ལྟར་ཡིན་ཞེས་བཀྲལ། དེ་བཞིན་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ཏེ་ཡུཀ་རེན་གྱི་ས་ཐོག་ཏུ་བསད་པའི་བལ་པོ་སན་དིབ་ཐ་པ་ལི་ཡ་ཞེས་པ་ཞིག་གིས་སྲིང་མོ་ཤན་ཏ་ཞེས་པ་ཞིག་ལ་ཁ་པར་བཏང་སྟེ་ང་ཚོར་ཟླ་བ་རེར་གླ་ཕོགས་ཨུ་རུ་སུའི་རུ་བྷུལ་༧༥༠༠༠་རེ་འདུག དེ་ནི་ཨ་སྒོར་ལ་འཛའ་ཐང་བསྒྱུར་ན་ཟླ་བ་རེར་ཨ་སྒོར་༧༥༠་ཐམ་པ་སྤྲོད་ཀྱི་འདུག་ཅེས་དགའ་སྤྲོས་བརྟས།།

རྒྱལ་སྤྱིའི་ལས་རྩོལ་སྒྲིག་འཛུགས་ཀྱིས་སྙན་ཐོ་བཏོན་པ་དེར་འཁོད་པ་ལྟར་ན། བལ་ཡུལ་གྱི་མི་འབོར་བརྒྱ་ཆ་༦༣.༧་ལོ་ན་༣༠་མན་ཆད་ཀྱི་ན་གཞོན་ཡིན་ཞིང་། ལོ་༡༥་ནས་༢༩་བར་གྱི་ན་གཞོན་ལས་མེད་པའི་གྲངས་འབོར་བརྒྱ་ཆ་༡༩.༢་ཟིན་གྱི་འདུག ལོ་ལྟར་བལ་ཡུལ་གྱི་ན་གཞོན་འབུམ་༥་ལྷག་ལས་ཀ་འཚོལ་དུ་ཡོང་གི་ཡོད་ཀྱང་མི་ཁྲི་ཚོ་༨་ནས་འབུམ་༡་ཡས་མས་རེར་མ་གཏོགས་ལས་ཀ་རག་གི་མི་འདུག ན་གཞོན་ལས་ཀ་མ་རག་པ་རྣམས་གང་དུ་འགྲོ་དགོས་པ་རེད་ཅེས་བལ་ཡུལ་གྱི་དམག་སྤྱི་ཟུར་པ་ཞིག་གིས་ནེའུ་ཡོག་དུས་བབ་ཚགས་པར་གྱི་གསར་འགོད་པར་གསལ་བཀྲོལ་བྱས་འདུག ཧྥ་རན་སིར་བཅའ་སྡོད་བལ་ཡུལ་གཞུང་ཚབ་པ་ཟུར་པ་མོ་ཧན་ཀིར་ཤ་ན་ས་ར་ས་ཐས་(Mohan Krishna Srasth)་འདས་པའི་ལོ་ལྔའི་རིང་བལ་པོ་༡༠༠༠་ལྷག་ཨ་རིའི་དམག་ཁོངས་སུ་ཞུགས་ནས་ཨི་རིའི་སྤྱི་དམངས་སུ་གྱུར། ཧྥ་རན་སིའི་ཕྱི་མིའི་དཔུང་སྡེའི་ཁོངས་སུའང་བལ་པོ་༣༠༠་ཡས་མས་ཤིག་འདུག བལ་ཡུལ་དུ་བཟོ་གྲྭ་སོགས་ལས་ཀ་བཙལ་ཡུལ་མེད་པ་དང་ལས་ཀ་ཞིག་རག་ཀྱང་གླློ་ཕོགས་ཤིན་ཏུ་དམའ་བས་ན་གཞོན་ཚོ་ཕྱི་རྒྱལ་གྱི་དམག་ཁོངས་སུ་མ་ཞུགས་ཐབས་མེད་དུ་གྱུར་འདུག་ཅེས་བཤད་པའི་གནས་ཚུལ་ཐོན་འདུག