ཨ་ཧྥེ་རི་ཀའི་སོ་ནམ་པས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ།

ཁེ་ཎི་ཡའི་Kenya ནང་གནམ་གཤིས་ལ་དཔག་པའི་ཁོ་ཧྥེའི་རིགས་གསར་པ་ཞིག་འདེབས་འཛུགས་ལེགས་འགྲུབ་བྱུང་བ།

ཨ་ཧྥེ་རི་ཀའི་གླིང་ཆེན་གྱི་ཛིམ་བབ་ཝེ་Zimbabwe རྒྱལ་ཁབ་ཀྱི་ཞིང་ཁར་ལུད་འདྲེན་གྱི་ལག་རྩལ་གནའ་ཉམས་ལྡན་པ་ནས་དབུ་ཚུགས་ཏེ། ད་ཆ་སོ་མཱ་ལི་ཡ་ Somalia རྒྱལ་ཁབ་ཀྱི་དྲོད་ཁང་གི་ལག་རྩལ་གསར་པའི་བར་དུ། ཚེ་ཚེ་རབས་རབས་སུ་སོ་ནམ་ཞིང་ལས་ལ་བརྟེན་པའི་ཨ་ཧྥེ་རི་ཀའི་གླིང་ཆེན་གྱི་སོ་ནམ་པ་ཚོས་འདས་སོང་གི་ཉམས་མྱོང་དང་མ་འོངས་པར་སྔོན་དཔག་སོགས་ཀྱི་སྒོ་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་ཆེད་ཐབས་རྣམ་ཅི་དྲག་གི་སྒོ་ནས་འབད་བརྩོན་བྱེད་བཞིན་པའི་གནས་ཚུལ་ཐོན་འདུག།

ཨ་རིའི་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལས། ཨ་ཧྥེ་རི་ཀའི་གླིང་ཆེན་ནི་དེང་སྐབས་འཛམ་གླིང་ཐོག་གཞོན་སྐྱེས་མི་འབོར་མང་ཤོས་དང་། གོ་ལའི་དྲོད་འགྱུར་གྱི་གནོད་སྐྱོན་ཚབས་ཆེ་ཤོས་ཐེབས་སའི་ཡུལ་གྲུ་ཞིག་ཡིན་ཡང་། གནམ་གཤིས་འགྱུར་ལྡོག་གི་གནད་དོན་དེའི་ཐད་ནུས་པ་འདོན་ཤུགས་ཆུང་ཤོས་ཆགས་ཡོད་པ་རེད། གནས་དེར་ཟ་འབྲུའི་སྤུས་འབོར་གོང་འཕེལ་དུ་གཏང་དགོས་པ་དེ་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ཏུ་ཆགས་པ་དང་བསྟུན་ནས། ཡུལ་ལུང་དེར་གནས་འཁོད་སོ་ནམ་པ་ཚོས་ཀྱང་མི་འབོར་འཕར་ཚད་དང་བབ་བསྟུན་གྱིས་མུ་མཐུད་ནས་སོ་ནམ་ཞིང་ལས་ཀྱི་ཐད་ལ་ཆག་མེད་འབད་སྒྲུབ་བྱ་དགོས་འཁེལ་གྱི་ཡོད་པ་རེད།

གནད་དོན་དབྱེ་ཞིབ་པ་ཚོས་བརྟག་དཔྱད་ཞིབ་འཇུག་བྱས་གསལ་དུ། ཨ་ཧྥེ་རི་ཀའི་གླིང་ཆེན་དུ་འཛམ་གླིང་ཐོག་ད་ཕན་གསར་སྦོལ་མ་བྱས་པའི་ས་རྒོད་བརྒྱ་ཆ་༦༠ ཐམ་པའི་ཡན་ཡིན་ཞིང་། ས་སྟོང་འབོར་ཆེན་དེ་དག་གསར་སྦོལ་ས་ཞིང་དུ་བྱས་ཚེ་རང་ཁ་རང་གསོ་ཐུབ་རྒྱུར་ངེས་འདུག། དེ་ལྟ་ནའང་། ཨ་ཧྥེ་རི་ཀའི་གླིང་ཆེན་མནའ་འབྲེལ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ན་ནིང་ལོར་བཏོན་པའི་སྙན་ཐོ་ཞིག་ལས། དུས་ཟིང་རྙོག་དྲ་དང་མ་རྩ་འཛུགས་འཇོག་ཉུང་དྲགས་པ་སོགས་རྐྱེན་རྩ་ཇི་སྙེད་ཀྱི་དབང་གིས་ཨ་ཧྥེ་རི་ཀའི་གླིང་ཆེན་གྱི་མི་འབོར་བཞི་ཆ་གསུམ་གྱིས་བདེ་ཐང་གི་བཟའ་བཏུང་ལོངས་སུ་སྤྱོད་པའི་འགན་ཁུར་མི་ཐེག་པའི་དོན་དངོས་གནས་ཚུལ་གསལ་སྟོན་བྱས་འདུག།

ཛིམ་བབ་ཝེ་ Zimbabwe དང་ཨེལ་ཎི་ནཱོ་El Nino རྒྱལ་ཁབ་གཉིས་ལ་ས་ཚིག་དང་ཐན་པའི་དཀའ་ངལ་ཛ་དྲག་ཆེ་རུ་ཕྱིན་པས། མིང་ལ་ཇཱ་མེ་སི་ཁྲུ་མཱ་James Tshuma རུ་འབོད་པའི་སོ་ནམ་ཞིང་ལས་པ་ཁོང་ལ་སྟོན་ཐོག་རྩ་བ་ནས་བསྡུ་རྒྱུ་མ་བྱུང་བའི་དཀའ་ངལ་འཕྲད་འདུག། རྒྱལ་ཁབ་དེའི་ཡུལ་ལུང་མང་ཆེ་བར་གཞུང་གིས་ངོས་ནས་ཨ་སྒོར་དུང་ཕྱུར་༢༠ ཐམ་པ་བཏང་ནས་གནས་ཚུལ་ཛ་དྲག་གི་ཁྲིམས་གཞི་བསྡམས་ཐོག་བཀྲེས་ལྟོགས་ཀྱིས་མནར་བའི་མི་གྲངས་ས་ཡ་འགའ་ཤས་མྱུར་སྐྱོབ་བྱེད་བཞིན་པའི་གནས་ཚུལ་ཡོངས་གྲགས་ཆགས་ཡོད་པ་རེད།

ས་གནས་སུ་མི་ཚོས་ཤིང་ཏོག་དང་སྔོ་ཚལ་མང་པོ་ཉོས་ཏེ་རླངས་འཁོར་གྱི་རྒྱབ་ཏུ་བརྡག་ནས་ཁྱིམ་དུ་ལོག་བཞིན་པའི་ངང་ཚུལ།

རྙོག་འཛིང་རྒྱུན་མི་ཆད་པའི་ཨ་ཧྥེ་རི་ཀའི་ཤར་རྒྱུད་དུ་གནས་འཁོད་སོ་མཱ་ལི་ཡའི་ཁུལ་དུ། དྲོད་ཁང་གསར་འཛུགས་བྱས་རྐྱེན་མི་ཁག་ཅིག་གི་འཚོ་བར་འགྱུར་ལྡོག་ཆེན་པོ་ཞིག་ཡོང་བཞིན་ཡོད་ཅིང་། ས་གནས་སུ་མི་འགའ་ཤས་ཀྱིས་སྔོ་ཚལ་མང་པོ་ཉོས་ཏེ་རླངས་འཁོར་གྱི་རྒྱབ་ལ་བརྡག་ནས་ཁྱིམ་དུ་ལོག་བཞིན་པའི་ངང་ཚུལ་གྱིས། གནའ་སྔ་མོ་ནས་བརྒྱུད་པའི་སྲོལ་རྒྱུན་གྱི་ཞིང་འབྲོག་གཉིས་ཆར་གནོན་ཤུགས་ཆེན་པོ་ཡོང་བཞིན་པ་མ་ཟད། ད་ཆ་ཡུལ་གྲུ་དེའི་རྒྱལ་ས་ཁུལ་དུ་དྲོད་ཁང་༢༥༠ ལྷག་ཙམ་གསར་འཛུགས་བྱས་ཟིན་པའི་ཁོངས་ལས། ཤིང་ཏོག་དང་སྔོ་ཚལ་རིགས་སོགས་འདེབས་འཛུགས་བྱས་ཏེ་གྲོང་ཁྱེར་དེའི་ནང་ལོ་ཧྲིལ་པོར་དགོས་མཁོ་སྐོང་ཐུབ་ཀྱི་ཡོད་པ་ནི་འགྱུར་ལྡོག་ཆེན་པོ་ཞིག་ཏུ་ངེས་ལ། དེ་ཙམ་དུ་མ་ཟད། དྲོད་ཁང་བཀབ་པ་དེས་རྒྱལ་ཁབ་དེར་ལས་ཀའི་གོ་སྐབས་གསར་པ་བསྐྲུན་ཡོད་པ་དང་། རྒྱལ་ཁབ་དེའི་ནང་མི་འབོར་ཧ་ལམ་བརྒྱ་ཆ་༧༥ ཙམ་ལོ་ན་༣༠ ཡི་མན་ཡིན་པ་ལས། མང་ཆེ་བ་ལས་མེད་ཀྱི་ངང་དུ་བསྡད་ཡོད་པ་རེད། དེ་དང་ཆབས་ཅིག། སེམས་ཅན་མང་པོ་རྩ་སྟོང་དུ་ཕྱིན་པའི་རྐྱེན་གྱིས་ཁོ་ཚོའི་སྲོལ་རྒྱུན་གྱི་འཚོ་བ་སྐྱེལ་སྟངས་ལ་འགྱུར་བ་ཐེབས་བཞིན་པ་མིག་མཐོང་ལག་ཟིན་ཡིན་པ་རེད།

ཁེ་ཎི་ཡའི་Kenya ནང་གནམ་གཤིས་ལ་དཔག་པའི་ཁོ་ཧྥེའི་རིགས་གསར་པ་ཞིག་འདེབས་འཛུགས་ལེགས་འགྲུབ་བྱུང་རྐྱེན། ས་གནས་ཀྱི་སོ་ནམ་ཞིང་ལས་གཉེར་མཁན་ཚོར་རེ་བ་གསར་པ་ཞིག་བསྐྲུན་འདུག། ཡུལ་ལུང་དེར་ཆར་ཆུ་དུས་སུ་མི་འབབ་པ་དང་ཆར་ཆུ་ཉུང་དུ་འགྲོ་བའི་དཀའ་ངལ་འཕྲད་བཞིན་པ་དང་། ཁོ་ཧྥེ་དེའི་མིང་ལ་ས་གནས་ཡུལ་མིའི་སྐད་དུ་ནཱེ་ཡོ་ཐ་ཞེས་སུ་འབོད་ཅིང་། ཁེ་ཎི་ཡའི་ཞིང་འབྲོག་ལས་ཀྱི་ཞིབ་འཇུག་སྒྲིག་འཛུགས་དང་། རྒྱལ་སྤྱིའི་སྐྱེ་ཁམས་སྣ་མང་གི་མནའ་འབྲེལ་དང་ཉམས་ཞིབ་སྒྲིག་འཛུགས། རྒྱལ་སྤྱིའི་ཚ་བའི་ཁུལ་གྱི་སོ་ནམ་ཞིང་ལས་ཞིབ་འཇུག་ཁང་བཅས་ཀྱི་ཚན་རིག་པ་ཚོ་མཉམ་རུབ་བྱས་པའི་ཐུན་མོང་གི་གྲུབ་འབྲས་གཟེངས་སུ་ཐོན་པ་ཞིག་ཀྱང་ཡིན་པ་རེད། ཁོ་ཧྥེ་རིགས་གསར་པ་དེ་བཞིན་ཁེ་ཎི་ཡའི་སྐྱེ་ཁམས་སྣ་མང་གི་མ་ལག་དང་ས་བབ་གནམ་གཤིས་ལ་བསྟུན་ནས་ཆེད་གཉེར་གྱིས་བཟོས་ཤིང་། ཐན་པ་ཇི་ལྟར་ཆེ་ཡང་ཁོ་ཧྥེའི་རིགས་གསར་པ་དེའི་སྐྱེ་འཕེལ་ལ་འགོག་རྐྱེན་ཐེབས་ཀྱི་མེད་པ་རེད་འདུག།

Your browser doesn’t support HTML5

ཨ་ཧྥེ་རི་ཀའི་སོ་ནམ་པས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ།