འབྲུག་པ་ཚོ་ཕྱི་རྒྱལ་དུ་སྤོས་ནས་རྒྱལ་ཁབ་སྲུང་སྐྱོབ་སོགས་ལ་དཀའ་ངལ་འཕྲད།

འབྲུག་ཡུལ་གྱི་ལམ་ཟུར་ཞིག

༢༠༢༤།༡༢།༢༣

ཨ་རིའི་རླུང་འཕྲིན་ཁང་།

༄༅།། འབྲུག་པའི་ཤེས་ཡོན་ཅན་དང་ཆེད་ལས་པ། ན་གཞོན་རྣམས་ཕྱི་རྒྱལ་དུ་སྤོས། འབྲུག་ཡུལ་གྱི་བདེ་འཇགས་སྲུང་སྐྱོབ་དང་སྲོལ་རྒྱུན་གཅེས་འཛིན། དེང་རབས་དང་མཐུན་པའི་འགྱུར་བཅོས་གཏང་རྒྱུ་བཅས་ལ་དཀའ་ངལ་འཕྲད་བཞིན་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༡༢་པའི་ཚེས་༢༣་ཉིན་རྒྱ་གར་གྱི་The Print་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལོ་རེ་བཞིན་འབྲུག་པ་ཚོ་ཨོ་གླིང་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་གཏན་སྡོད་གཞིས་ཆགས་སུ་སྐྱོད་ཀྱི་ཡོད་པ་ནི་རྒྱལ་ཁབ་ཆགས་འཇིག་གི་རྩ་དོན་ལ་འབྲེལ་བ་ཡོད་པ་ཞིག་རེད། འབྲུག་རྒྱལ་པོའི་གསུང་བཤད་ཁག་ཏུ་འབྲུག་པ་ཚོ་ཕྱི་རྒྱལ་དུ་ཕྱིན་ནས་རྒྱལ་ནང་དུ་དཀའ་ངལ་ཡོད་པ་གསལ་པོ་ཐོན་གྱི་འདུག་ཅེས་གསར་འགོད་པ་རི་ཤི་གུབ་ཏས་(Rishi Gupta)་དཔྱད་རྩོམ་སྤེལ་འདུག

ཉེ་ཆར་ཕྱི་ཟླ་༡༢་པའི་ཚེས་༡༧་ཉིན་འབྲུག་ཡུལ་དུ་རྒྱལ་ཡོངས་དུས་ཆེན་ཐེངས་༡༡༧་པ་ཚུགས། དེ་ནི་༡༩༠༧་ལོར་མི་དབང་ཨོ་རྒྱན་དབང་ཕྱུག་ཁྲི་གསོལ་བྱས་ནས་འབྲུག་ཡུལ་དུ་རྒྱལ་པོའི་ལམ་ལུགས་བཙུགས་པའི་དུས་ཆེན་ཡིན་ཞིང་། ཆས་གོས་རྣམ་པར་བཀྲ་བའི་འབྲུག་པ་སྟོང་ཕྲག་མང་པོ་རྒྱལ་ཡོངས་དུས་ཆེན་གྱི་མཛད་སྒོར་མཉམ་ཞུགས་བྱས་ཀྱང་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་གི་གསུང་བཤད་ནང་དུ་ཤེས་ཡོན་ཅན་རྣམས་ཕྱི་ལ་ཤོར་བ་དང་མི་འབོར་ཇེ་ཉུང་། འབྲུག་ཡུལ་དུ་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་པ་རྣམས་གསལ་སྟོན་བྱུང་ཡོད་པ་སྟེ། ༢༠༢༣་ལོའི་རྒྱལ་ཡོངས་དུས་ཆེན་གྱི་གསུང་བཤད་ནང་དུ་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་གིས་འབྲུག་པའི་ན་ཚོར་རང་ཡུལ་དུ་གོ་སྐབས་ཚད་ངེས་ཅན་ཞིག་ལས་མེད་པར་ང་ཚོའི་སྨན་པ་དང་སྨན་ཞབས་པ། འཕྲུལ་ལས་པ་དང་དགེ་རྒན། ཁྲིམས་རྩོད་པ་དང་བཟོ་བཀོད་པ་རྣམས་ཕྱི་རྒྱལ་དུ་གནས་སྤོ་བྱེད་བཞིན་པར་ཁག་མི་འདུག་ཅེས་གསུངས།།

རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག

ད་ལོའི་རྒྱལ་ཡོངས་དུས་ཆེན་གྱི་གསུང་བཤད་ནང་དུའང་དཀའ་ངལ་རྣམས་བསྐྱར་དུ་གླེང་། ཉེ་ཆར་ཕྱི་ཟླ་༡༠་པའི་ནང་འབྲུག་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་ཨོ་གླིང་དུ་འཚམས་འདྲིར་ཕེབས་པའི་སྐབས་སུ་ང་ཚོའི་མི་དམངས་རྣམས་རང་ཡུལ་དང་བྲལ་ནས་ལོ་མང་ཕྱིན་པ་ནི་སྐྱོ་དགོས་པ་ཞིག་རེད། ཡིན་ནའང་འབྲུག་པ་ཚོ་ཨོ་གླིང་དུ་དར་འཕེལ་བྱུང་སྟེ་ང་ལ་དགའ་བསུ་གཟབ་རྒྱས་ཞུས་པ་དེས་ཕ་ཡུལ་དང་ཕ་མ་ཅི་ཙམ་དྲན་གྱི་ཡོད་མེད་དང་། ཕ་མ་བུ་ཕྲུག་ཁ་བྲལ་ནས་འཚོ་གནས་བྱ་དགོས་པ་དཀའ་ངལ་མཐོང་ན་སེམས་འགུལ་ཐེབས་པ་ཞིག་ཀྱང་རེད་ཅེས་ཨོ་གླིང་དུ་གནས་འཁོད་འབྲུག་པ་ཚོར་གསུང་བཤད་གནང་འདུག ཨོ་གླིང་གཅིག་པུར་འབྲུག་པ་༢༨༠༠༠་ཡས་མས་ཤིག་ཡོད་ཅིང་། འདས་པའི་ལོ་མང་རིང་འབྲུག་གཞུང་གིས་ཕྱི་དངོས་པོའི་ཡར་རྒྱས་ལས་ནང་སེམས་ཀྱི་བདེ་སྐྱིད་གཙིགས་སུ་འཛིན་དགོས་པའི་སྲིད་ཇུས་ཤིག་ལག་ལེན་བསྟར།།

འབྲུག་ཡུལ་གྱི་ཀུན་གསལ་ཁང་གིས་༢༠༢༣་ལོར་སྙན་ཐོ་བཏོན་པ་དེར་འཁོད་པ་ལྟར་ན། ༢༠༡༨་ལོའི་ཕྱི་ཟླ་དང་པོ་ནས་༢༠༢༣་ལོའི་ཕྱི་ཟླ་༣་པའི་བར་དུ་འབྲུག་པ་༡༣༠༠༠་ལྷག་ཨོ་གླིང་དུ་ཁྱིམ་གཞིས་སྤོས། ༢༠༢༢་ལོར་འབྲུག་པ་༡༧༠༠༠་འཚོ་བའི་མཐུན་རྐྱེན་དང་དཔལ་འབྱོར་གྱི་གོ་སྐབས་བཟང་བའི་ཕྱིའི་རྒྱལ་ཁབ་ཁག་ཏུ་བསྐྱོད། དེ་ནི་མི་འབར་འབུམ་༧་ལྷག་ལས་མེད་པའི་རྒྱལ་ཁབ་ཅིག་ལ་མཚོན་ན་མི་འབོར་གྱི་གྱོང་གུད་ཤིན་ཏུ་ཆེ། འབྲུག་ཡུལ་དུ་གོ་སྐབས་ཉུང་བ་དང་གླ་ཕོགས་དམའ་བ། མཐོ་རིམ་གྱི་སློབ་གཉེར་དང་དེང་རབས་ཀྱི་འཚོ་བའི་མཐུན་རྐྱེན་ཞན་པས་འབྲུག་པ་ཚོ་ཕྱི་རྒྱལ་དུ་ཤོར། འབྲུག་ཡུལ་དུ་དཔལ་འབྱོར་དང་ཚོང་གོ་སྐབས་ཚད་ངེས་ཅན་ལས་མེད་པ་དང་གོ་ལ་གཅིག་གྱུར་གྱི་གོ་སྐབས་གཉིས་ལ་ཁྱད་པར་ཆེན་པོ་འདུག་ཅེས་བཀོད།།

གསར་འགོད་པ་རི་ཤི་གུབ་ཏས་མུ་མཐུད་དུ་བྲིས་པ་ལྟར་ན། དེང་སྐབས་འབྲུག་ཡུལ་དུ་མི་འབོར་དང་སྲོལ་རྒྱུན་ཉམས་ཆག་འགྲོ་སྲིད་པའི་དཀའ་ངལ་འཕྲད་ཀྱི་ཡོད་པར་མ་ཟད། རྒྱ་ནག་གིས་འབྲུག་པའི་ས་ཆ་ཧམ་འཕྲོག་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་ཕོག ས་ཆ་ཤོར་ན་སྲོལ་རྒྱུན་སླར་གསོ་བྱས་པ་ལྟར་ཕྱིར་ལེན་ཐུབ་པ་ཞིག་ག་ལ་ཡིན། འབྲུག་གཞུང་གིས་མི་དམངས་རྣམས་རང་སར་ཆགས་འདོད་ཡོད་པའི་ཁེ་ཕན་སྤྲོད་དགོས་པ་དང་མི་དམས་རྣམས་རང་ཡུལ་དུ་འཛིན་ཐུབ་པའི་སྲིད་ཇུས་ཤིག་གསར་གཏོད་བྱ་དགོས། འབྲུག་ཡུལ་གྱི་སྲོལ་རྒྱུ་དང་ཁོར་ཡུག་སྲུང་སྐྱོབ། རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན་རྣམས་སྙོམས་པོ་ཞིག་འཛིན་རྒྱུ་གནད་འགག་ཤིན་ཏུ་ཆེ་ཞེས་གསར་འགྱུར་སྤེལ་འདུག

འབྲུག་ཡུལ་གྱི་དགའ་སྟོན་ཞིག

འབྲུག་ཡུལ་ལ་ཆེད་ལས་པ་འདང་ངེས་མེད་པའི་དཀའ་ངལ་སེལ་ཐབས་སུ་ཕྱི་རྒྱལ་ནས་སྨན་པ་དང་སྨན་ཞབས་པ། འཕྲོད་བསྟེན་ལས་མི་གླ་རྒྱུའི་ཐག་བཅད། ཁ་སྔོན་ཕྱི་ཟླ་༦་པའི་ཚེས་༦་ཉིན་ཨེ་ཤི་ཡའི་དྲྭ་ལས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འབྲུག་ཡུལ་གྱི་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་སྨན་པ་འཇིགས་མེད་རྡོ་རྗེས་གཞུང་གི་ཐག་གཅོད་དེར་ལྡོག་ཕྱོགས་ཀྱི་འབྲས་བུ་ཁག་ཅིག་སྨིན་སྲིད། ཐོག་མར་ཕྱི་རྒྱལ་གྱི་སྨན་ཞབས་པ་ཚོ་འབྲུག་ཡུལ་གྱི་འཕྲོད་བསྟེན་ལམ་ལུགས་ལ་ཆ་རྒྱུས་མེད་པར་མཉམ་ལས་ཡག་པོ་ཞིག་བྱེད་ཐུབ་རྒྱུ་ཁག་པོ་རེད། ཕྱི་རྒྱལ་གྱི་སྨན་ཞབས་པ་ཚོ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་སྨན་བཅོས་དང་ལྟ་སྐྱོང་ལམ་ལུགས་ལ་ངེས་ཆ་ཡོད་པ་རེད་ཅེས་བཤད་འདུག

ཕྱི་རྒྱལ་གྱི་སྨན་ཞབས་པ་རྣམས་ལོ་གཉིས་རེར་གླ་རྒྱུ་དང་གླ་ཕོགས་ཟླ་བ་རེར་ཨ་སྒོར་༨༠༠་ནས་༡༠༠༠་ཙམ་སྟེ། འབྲུག་སྒོར་༦༦༠༠༠་ནས་༨༠༠༠༠་རེ་སྤྲོད་དགོས་ཤིང་། འབྲུག་ཡུལ་གྱི་ས་གནས་ཁག་ཏུ་ལོ་མང་རིང་ཆེད་ལས་གཉེར་བའི་སྨན་ཞབས་པ་ཚོར་ཕྱི་རྒྱལ་ནས་གླས་པའི་སྨན་ཞབས་ཚོར་སྤྲོད་འཆར་ཡོད་པའི་གླ་ཕོགས་དེ་འདྲ་ཞིག་གཏན་ནས་རག་དཀའ། སྨན་པ་འཇིགས་མེད་རྡོ་རྗེས་ཕྱི་རྒྱལ་གྱི་སྨན་ཞབས་པ་ཚོར་སྐད་བརྡ་མི་འཕྲོད་པའི་དཀའ་ངལ་འཕྲད་ངེས་རེད། རྒྱལ་ཡོངས་འཇིགས་མེད་རྡོ་རྗེ་དབང་ཕྱུག་གཙོ་བསྟེན་སྨན་ཁང་གི་ལས་མི་ཚོས་སྨན་གྱི་རྒྱུ་ཆ་ལ་བལྟས་ནས་སྨན་མིང་འདོགས་ཀྱི་ཡོད་ཀྱང་ཕྱི་རྒྱལ་གྱི་སྨན་ཞབས་པ་ཚོས་རྒྱ་གར་སོགས་སུ་ཚོང་མིང་བཏགས་པའི་སྨན་མིང་འབོད་རྒྱུ་ཡིན་པས་སྨན་མིང་ཐོག་ཏུ་གོ་བརྡ་མ་པར་གོ་ལོག་རྩེད་ས་རེད་ཅེས་གསར་འགོད་པར་གླེང་མོལ་བྱས་འདུག

འབྲུག་པ་ཚོ་འོས་བསྡུར་མཉམ་ཞུགས།

༢༠༢༣་ལོའི་ཕྱི་ཟླ་༡༡་པའི་ཚེས་༡༠་ཉིན་འབྲུག་ཡུལ་གྱི་ཀུན་གསལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འབྲུག་ཡུལ་གྱི་སྨན་པ་དང་སྨན་ཞབས་པ་ཚོ་ཕྱི་རྒྱལ་དུ་སོང་། འབྲུག་ཡུལ་དུ་སྨན་པ་དང་སྨན་ཞབས་པ་ཚད་ལྡན་མེད། ༢༠༡༡་ནས་༢༠༡༨་བར་དུ་འབྲུག་པའི་སྨན་པ་༣༩་ཕྱི་རྒྱལ་དུ་ཤོར། གྲངས་འབོར་དེས་འབྲུག་ཡུལ་གྱི་སྨན་པའི་གྲངས་འབོར་བརྒྱ་ཆ་༡༠་ཟིན། ༢༠༢༢་ལོ་གཅིག་པུར་འབྲུག་གཞུང་གི་སྲི་ཞུ་བ་༦༤༦་གིས་ལས་གནས་ནས་དགོངས་པ་ཞུས་པའི་གྲས་སུ་འཕྲོད་བསྟེན་ལས་སྣེ་༢༩༠་འདུས། འབྲུག་པའི་སྲི་ཞུ་བ་དགོངས་པ་ཞུས་པ་དེ་དག་གི་གྲས་ཀྱི་མང་ཤོས་ཨང་གཉིས་པ་ནི་སྨན་ཞབས་པ་རེད། འབྲུག་པའི་སྨན་པ་དང་སྨན་ཞབས་པ་རྣམས་ཕྱི་རྒྱལ་དུ་སྐྱོད་ཀྱི་ཡོད་པ་དེ་གླ་ཕོགས་མང་ཉུང་དང་ཆེ་མཐོང་ཡོད་མེད། སྐྱེ་བོ་དེར་རྒྱལ་གཅེས་ཀྱི་ལྷག་བསམ་ཡོད་མེད། དཔལ་འབྱོར་གྱི་ཁེ་ཕན་སོགས་རྒྱུ་མཚན་འགའ་ཞིག་འདུག་ཅེས་གསར་འགྱུར་སྤེལ་འདུག