བོད་ཀྱི་གནས་ཚུལ་བོད་པས་བརྗོད་རྒྱུའི་གོ་སྐབས་ཤིག

འབུམ་རམས་པ་ཨ་དཔལ་ལྷ་མོ།

བོད་ཀྱི་གནས་ཚུལ་བོད་པས་བརྗོད་རྒྱུའི་གོ་སྐབས་ཤིག

རྒྱ་གར་གྱི་ཆེད་མཁས་པ་དང་ཞིབ་འཇུག་ཁོར་ཡུག གཙུག་ལག་སློབ་གྲྭ་སོགས་སུ་བོད་དོན་ལ་འཛིན་པའི་རྣམ་འགྱུར་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་འགྲོ་བཞིན་པ་དང་རྒྱ་ནག་ལ་རྒྱལ་སྤྱིའི་ནང་དོ་སྣང་ཆེན་པོ་བྱེད་བཞིན་པའི་སྐབས་སུ་བོད་ཀྱི་གནད་དོན་གླེང་སློང་ལ་བོད་པ་རང་གི་འགྲེལ་བརྗོད་དབང་ཐང་འཛིན་རྒྱུའི་གོ་སྐབས་ཆེན་པོ་ཞིག་ཡོད་པ་ཉམས་ཞིབ་པ་ཚོས་བརྗོད་བཞིན་འདུག

འབུམ་རམས་པ་ཨ་དཔལ་ལྷ་མོ་ལགས་ནི་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱེད་ཡོད་པའི་རྒྱ་ནག་ཞིབ་འཇུག་དང་འཐབ་ཇུས་ལྟེ་གནང་ཁང་གི་ཉམས་ཞིབ་པ་ཞིག་རེད་ལ། ཉེ་ཆར་རྒྱ་གར་དུ་འཚོགས་པའི་རྒྱ་གར་རྒྱལ་ཡོངས་ཀྱི་རྒྱ་ནག་རིག་པའི་ཞིབ་འཇུག་ཚོགས་ཆེན་ཏུ་མཉམ་ཞུགས་གནང་འདུག་པ་མ་ཟད། ཁོང་གིས་ཚོགས་ཆེན་འདི་ད་ལྟའི་བོད་ཀྱི་གནས་བབ་ཐོག་ནས་བཤད་ན་གལ་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་འདུག

ཨ་དཔལ་ལགས་ཀྱིས་ཚོགས་ཆེན་འདི་གལ་ཆེན་པོ་ཆགས་ཡོད་པའི་རྒྱུ་མཚན་གསུམ་ངོ་སྤྲོད་བྱེད་སྐབས། རྒྱ་ནག་ནི་འཛམ་གླིང་གི་དཔལ་འབྱོར་སྟོབས་ལྡན་རྒྱལ་ཁབ་ཆེ་ཤོས་གཉིས་པ་ཆགས་བསྡད་ཡོད་ལ། རྒྱ་ནག་གི་དཔལ་འབྱོར་གནས་སྟངས་གང་འདྲ་ཆགས་མིན་དེ་འཛམ་གླིང་ཚོང་རའི་འཁོར་རྒྱུག་དང་དགོས་མཁོ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀི་ཡོད་པས་དཔལ་འབྱོར་གྱི་ཐོག་ནས་གལ་ཆེན་པོ་ཆགས་ཡོད། རྒྱ་ནག་གི་མངའ་འོག་ཏུ་ཡོད་པའི་བོད་དང་ཞིན་ཅང་སོགས་སུ་སྲིད་ཇུས་མང་པོ་སྤེལ་གི་ཡོད་རེད་དེ་རྒྱལ་ཁབ་མང་པོ་ཞིག་གིས་ཁ་གྲགས་ཕོད་ཀི་མེད། ཡང་ཁ་ཤས་ཀྱིས་སོ་སོའི་རྒྱལ་ཁབ་ཀྱི་ཁེ་ཕན་གཙོ་བོར་ངོས་བཟུང་བའི་ཐོག་ནས་ཁ་གྲགས་མི་འདོད་པ་དེ་འདྲ་ཡང་ཡོད། འདི་རྒྱ་ནག་གི་དཔལ་འབྱོར་ཆེན་པོ་ཡོད་པའི་རྐྱེན་རེད། འདི་སྤྱིར་བཏང་བགྲོ་གླེང་བྱེད་རྒྱུའི་གནད་དོན་ཁ་ཁ་ཞིག་རེད་བསམ་གི་འདུག དེ་ནས་རྒྱུ་མཚན་གཉིས་པ་དེ་ཆབ་སྲིད་ཀྱི་ཐོག་ནས་བཤད་ན། ལོ་ངོ་བཅུ་ཕྲག་མང་པོ་ནས་བཟུང་རྒྱ་ནག་དེ་ཆབ་སྲིད་ཀྱི་ཐོག་ནས་ནུས་ཤུགས་ཆེན་པོ་ཡོད་པ་ཆགས་བསྡད་ཡོད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་ཚོགས་པ་སྒྲིག་འཛུགས་མང་པོའི་ནང་ལ་རྒྱ་ནག་གི་ཆབ་སྲིད་ཀྱི་ནུས་ཤུགས་ཆེན་པོ་ཡོད། དེ་ནང་བཞིན་དེང་དུས་ཀྱི་རྒྱལ་སྤྱིའི་འབྲེལ་ལམ་ནང་ལ་གནད་དོན་མང་པོའི་ཐོག་ལ། དཔེ་ཆ་བཞག་ན། ཡུག་ཀེ་རན་དང་ཨུ་རུ་སུའི་དམག་འཁྲུག་རེད། ཨི་སི་རལ་དང་པ་ལི་སི་ཐན་གྱི་གནད་དོན། ཨི་སི་རལ་དང་ཧ་མ་སི་གཉིས་ཀྱིས་གྷ་ཛར་དམག་རྒྱག་བཞིན་པར་རྒྱ་ནག་གི་ལྟ་ཕྱོགས། ལངས་ཕྱོགས་གང་འདྲ་ཡོད་པའི་ཐོག་ལ་འཛམ་གླིང་ཡོངས་ཀྱིས་དོ་སྣང་ཤུགས་ཆེན་བྱེད་ས་ཞིག་ཆགས་ཡོད། རྒྱུ་མཚན་གསུམ་པ་དེ་རྒྱ་ནག་གི་དམག་དོན་གྱི་ཆ་ནས་ཡིན་ན་རེད། དེང་དུས་འཕྲུལ་ཆས་ཀྱི་ཐོག་ནས་ཡིན་ན་རེད། བདེ་སྲུང་གི་སྲིད་ཇུས། དེ་ནང་བཞིན་གློག་ཆས་རེད། བར་སྣང་གི་འཚོ་ཐབས་སོགས་མང་པོ་ཞིག་ལ་སྟོབས་ཤུགས་ཀྱི་ཐོག་ནས་ཆེན་པོ་ཡོད་རེད། བདེ་སྲུང་གི་སྲིད་ཇུས་སོགས་ཁོ་རང་ཚོར་སྲིད་ཇུས་གང་ཡོད་པ་དེ་ལ་བསྟུན་ནས་སྤྱིར་འཛམ་གླིང་ཡོངས་དང་ལྷག་པར་དུ་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ལ་ཤུགས་རྐྱེན་མང་པོ་ཡོད་པས། དེ་འདྲ་སོང་ཙང་རྒྱུ་མཚན་གཙོ་བོ་འདི་ཚོར་བརྟེན་ནས་རྒྱ་ནག་རིག་པའི་ཐོག་ལ་སློབ་སྦྱོང་བྱེད་རྒྱུ་དང་དཔྱད་ཞིབ་བྱེད་རྒྱུ་དེ་གལ་ཆེན་པོ་རེད། དེ་མཚུངས་ད་ང་ཚོའི་བོད་པའི་ཐོག་ནས་བཤད་ན། སྤྱིར་བཏང་ཚོགས་འདུ་འདིའི་ཐོག་ལ་གཏམ་བཤད་བྱེད་མཁན་བོད་མི་གཞན་པ་མི་འདུག ང་གཅིག་པུ་རེད་འདུག ང་རང་གི་ངོ་ཤེས་ཁ་ཤས་ཀྱིས་དཔྱད་རྩོམ་ཕུལ་ཡོད་ས་རེད་དེ་གོ་སྐབས་རེག་མ་སོང་ཟེར་མཁན་རེ་ཟུང་འདུག བོད་པ་ཚོས་དོ་སྣང་ག་ཚོད་བྱེད་ཡོད་མེད་དང་ཐོ་འགོད་ག་ཚོད་བརྒྱབ་ཡོད་མེད་ལབ་ཚོད་ཐེབས་ཀི་མི་འདུག་སྟེ། ཡིན་པ་ཡིན་ན་ཡང་ཚོགས་འདུ་འདི་རིགས་སུ་འཛུལ་ཞུགས་བྱེད་དགོས་པ་ངས་གལ་ཆེན་པོ་མཐོང་གི་ཡོད། གང་ཡིན་ཞེ་ན། འདིའི་ནང་ལ་མཁས་པ་མང་པོ་ཡོང་གི་ཡོད། དེ་ནང་བཞིན་སློབ་ཕྲུག་དང་ཉམས་ཞིབ་པ་སོགས་མང་པོ་ཡོད། ཅེས་གསུང་བྱུང་།

ད་ལྟ་རྒྱ་ནག་ཐད་ལ་སྐད་ཆ་བཤད་སྐབས་རྒྱ་གར་རུ་རྒྱ་ནག་ལ་འཛིན་པའི་ལྟ་སྟངས་དེ་སྤྱི་ལོ་༢༠༢༠ ལོའི་སྔོན་དང་སྤྱི་ལོ་༢༠༢༠ ལོའི་རྗེས་ལ་འགྱུར་བ་ཐེབས་ཡོད་འདུག་ལ། འགྱུར་བ་འདི་བོད་མི་ཚོར་མཚོན་ན་བོད་མིའི་འགྲེལ་བརྗོད་དབང་ཐང་དང་། བོད་ཀྱི་ལྟ་ཚུལ་བོད་མིས་འདོན་པའི་གོ་སྐབས་ཆེན་པོ་ཞིག་ཡིན་པ་ཨ་དཔལ་ལགས་ཀྱིས་ངོས་འཛིན་གནང་གི་འདུག དེ་ཡང་ཁོང་གིས། རྒྱ་གར་དུ་སྤྱི་ལོ་༢༠༢༠ ལོའི་སྔོན་ལ་རྒྱ་ནག་ལ་ལྟ་སྐབས་མང་ཆེ་ཤོས་ཤིག་གཡོན་ཕྱོགས་ཀྱི་ལྟ་བ་འཛིན་མཁན་དང་རྒྱ་ནག་ལ་ཤ་ཞེན་ཡོད་པ། རྒྱ་ནག་གི་སྲིད་ཇུས་ལ་སྐྱོན་བརྗོད་མི་བྱེད་མཁན་མང་པོ་ཡོད། ཚོགས་འདུ་འདི་ཚོའི་ནང་ལ་ཁོང་ཚོའི་རིགས་མང་པོ་ཡོང་གི་ཡོད་དུས། ཁོ་ཚོའི་གཏམ་བཤད་ཁ་ཤས་ཤིག་ narrative ལབ་དགོས་རེད་བཱ། འགྲེལ་བརྗོད་ཀྱི་དབང་ཐང་ནོར་བ་དཔེར་ན་རྒྱ་ནག་གིས་narrative གང་ཡིན་པ་དེ་ཁུར་ནས་ཡོང་དུས། དེ་ལ་རང་ཉིད་བོད་པ་ཞིག་དང་ཉམས་ཞིབ་པ་ཞིག་ཡིན་པའི་ཆ་ནས་དེ་ལ་ཕར་དྲི་བ་དྲིས་ལན་དང་སྦྱངས་བཤད་ཞུ་རྒྱུ་དེ་འདྲ་གལ་ཆེན་པོ་མཐོང་གི་འདུག ཚོགས་འདུ་འདིའི་རིགས་གལ་ཆེན་པོ་མཐོང་གི་ཡོད་ལ། བོད་པ་ཞིག་དང་ཉམས་ཞིབ་པ་ཞིག་གི་ངོས་ནས་མཉམ་ཞུགས་བྱེད་རྒྱུ་དེ་ཡང་གལ་ཆེན་པོར་བརྩི་བཞིན་ཡོད་ཅེས་གསུང་བྱུང་ལ། ཡང་ཨ་དཔལ་ལགས་ཀྱི་ལོ་མང་ཉམས་ཞིབ་རྒྱུད་རིམ་དུ་རྒྱ་ནག་གིས་བོད་དུ་སྲིད་ཇུས་གང་འདྲ་འཛིན་བཞིན་པའི་ཐད་ལ་ཉམས་ཞིབ་བྱེད་བཞིན་པ་ལས། སྤྱི་ལོ་༢༠༢༠་ལོའི་རྗེས་སུ་རྒྱ་ནག་དང་རྒྱ་གར་བར་ལ་ས་མཚམས་དཀའ་རྙོག་བྱུང་བ་དང་། ཝུ་ཧན་དུ་ཏོག་དབྱིབས་ན་ཚ་བྱུང་བ་སོགས་ལས་རྒྱ་གར་དུ་རྒྱ་ནག་ལ་ལྟ་སྟངས་ཇེ་སྡུག་ལ་འགྲོ་བཞིན་པ་འདི་བོད་པ་ཚོས་བོད་པ་རང་གི་ལྟ་སྟངས་ཁྱབ་སྤེལ་བྱེད་རྒྱུའི་གོ་སྐབས་ཡག་པོ་ཞིག་ཡིན་པ་རེད་དེ། ཚོགས་ཆེན་འདིའི་ཐོག་ལ་ཚོགས་ཆུང་གཏམ་བཤད་བཅུ་དྲུག་ཡོད་ཀྱང་དེའི་ནང་ལ་བོད་དང་འབྲེལ་བའི་ཚོགས་ཆུང་བགྲོ་གླེང་གཅིག་ཁོ་ན་ལས་མེད་པ་རེད། དེ་བཞིན་ཡང་ཨ་དཔལ་ལགས་ཀྱི་ཞིབ་འཇུག་ལས་དོན་གྱི་ཁོར་ཡུག་གཞི་ལ་བཞག་པའི་ཐོག་ནས་དགོངས་ཚུལ་གསུང་སྐབས། བོད་མིའི་སྒྲིག་འཛུགས་དང་ཚོགས་པ་ཁག་གིས་ནུས་པ་འདོན་གི་ཡོད་པ་རེད་དེ། ད་སྐབས་འཛམ་གླིང་གི་སྡིངས་ཆ་དང་གསར་ལམ་ཁག་གང་དུ་ཡང་བོད་ཀྱི་ལྟ་སྟངས་བོད་པས་ཤོད་པའི་གནད་དོན་བརླག་འགྲོ་གི་ཡོད་པའི་མཐོང་སྣང་བྱུང་གི་ཡོད་འདུག་ལ། ཡང་རྒྱ་ནག་གིས་བོད་ཐོག་ལ་དུས་རབས་གསར་བའི་འཕྲུལ་ཆས་དང་ཚན་རིག་བེད་སྤྱོད་ཀྱི་སྔར་ལས་ལྷག་པའི་དམ་དྲག་སྲིད་ཇུས་སྤེལ་བཞིན་པར་འགྱུར་བ་ཕྱིན་མེད་པའི་སྐབས་སུ་ང་ཚོས་ད་དུང་རྒྱལ་སྤྱིའི་ནང་ལ་དུས་དང་སྐབས་བབ་ཀྱིས་བོད་ནང་གི་གནས་སྟངས་ཁྱབ་སྤེལ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་འབོད་སྐུལ་ཞུས་སོང་།