བརྙན་འཕྲིན་བླངས་ནས་ཉེས་འཛུགས་བྱ་ཐབས།

Your browser doesn’t support HTML5

བརྙན་འཕྲིན་བླངས་ནས་ཉེས་འཛུགས་བྱ་ཐབས།

རྒྱ་ནག་གཞུང་གིས་མཐོ་རིམ་འགོ་ཁྲིད་མི་སྣ་ཁག་དང་མིང་གྲགས་ཅན་གྱི་གནད་ཡོད་མི་སྣ་སོགས་འཛིན་བཟུང་བྱས་པའི་རྗེས་སུ་བརྙན་འཕྲིན་བརྒྱུད་ལམ་དུ་མི་སྣ་དེ་དག་ལ་སོ་སོའི་སྐྱོན་ཆ་རྣམས་ངོས་ལེན་བྱེད་དུ་འཇུག་བཞིན་པ་ནི་རྒྱ་ནག་གཞུང་གིས་དུས་རྟག་ཏུ་ཁྱབ་བསྒྲགས་བྱེད་བཞིན་པའི་སྤྱི་ཚོགས་ཀྱི་ཁྲིམས་ལ་བརྟེན་ནས་སྐྱོང་དགོས་ཞེས་བཤད་པའི་འབོད་ཚིག་གི་གྲུབ་འབྲས་སམ། ཡང་ན་ཁྱད་ཆོས་ཤིག་ལ་རྩི་བཞིན་ཡོད་ཀྱང་རྒྱ་ནག་གིས་ཁྱད་ཆོས་ཤིག་ལ་རྩི་བཞིན་པའི་བྱེད་སྟངས་ནི་རིག་གསར་སྐབས་སུ་གྲལ་རིམ་འཐབ་རྩོད་བྱས་ཏེ་གྲལ་རིམ་མཐོན་པོ་ཅན་དང་ཆོས་ལུགས་ལ་དད་པ་བྱེད་མཁན་ཚོ་ཁྲོམ་སྐོར་ལ་ཁྲིད་ནས་འཐབ་རྩོད་བྱས་པ་དང་སྐྱོན་ཆ་ངོས་ལེན་གྱིས་འགྱོད་བཤགས་བྱེད་དུ་བཅུག་པ་དང་གཅིག་མཚུངས་ཡིན་པའི་ངོས་འཛིན་བྱས་འདུག

རིག་གསར་སྐབས་སུ་ཁྲོམ་སྐོར་ལ་ཁྲིད་ནས་མི་ཚོར་རང་སྐྱོན་ངོས་ལེན་བྱེད་དུ་བཅུག་པ་ལྟར་དེང་སྐབས་རྒྱ་ནག་གཞུང་གིས་བརྙན་འཕྲིན་བརྒྱུད་ལམ་དུ་ཉེས་སྐྱོན་ངོས་ལེན་བྱེད་དུ་འཇུག་བཞིན་ཡོད་ཅིང་། སྐྱེ་བོ་གང་ཞིག་སྐྱབས་མེད་མགོན་མེད་དང་ཁེར་རྐྱང་དུ་བཞག་ན་ལུས་སེམས་གཉིས་ཀར་མནར་གཅོད་ཚད་མེད་དང་གནོན་ཤུགས་ཆེན་པོ་ཐེབས་པས་བཙན་དབང་གིས་རང་སྐྱོན་ངོས་ལེན་བྱེད་དུ་འཇུག་གི་ཡོད་པ་རེད། ད་སྔ་རྒྱ་གཞུང་གིས་བཙན་གྱིས་བརྙན་འཕྲིན་བརྒྱུད་ནས་ཉེས་སྐྱོན་ངོས་ལེན་བྱེད་དུ་བཅུག་པའི་མི་སྣའི་གྲས་སུ་ཧོང་ཀོང་གི་ཐུང་ལོ་ཝན་དཔེ་དེབ་འཚོང་ཁང་གི་བདག་པོ་ལིན་རོང་ཅིས་ཡོད། ཁོ་པ་སྤྱི་ལོ་༢༠༡༥་ལོའི་ཟླ་༡༠་པའི་ཚེས་༢༤་ཉིན་འཛིན་བཟུང་བྱས་རྗེས་ཉཱིན་པོ་ས་གནས་སུ་བཀག རྗེས་སུ་ཁོ་པར་བརྙན་འཕྲིན་འཁྲབ་སྟོན་ཇི་བཞིན་སྐད་ཆ་ཅི་ཞིག་བཤད་དགོས་མིན་དང་རྣམ་འགྱུར་ཅི་འདྲ་སྟོན་དགོས་མིན་ཆ་ཚང་གཞུང་གིས་གཏན་ཁེལ་བྱས་ནས་བརྙན་འཕྲིན་དུ་རང་སྐྱོན་ཁས་ལེན་བྱེད་དུ་བཅུག

ཁོ་པས་རྗེས་སུ་ཨ་རིའི་རླུང་འཕྲིན་ཁང་ལ་དེའི་སྐོར་གྱི་གནས་ཚུལ་འགྲེལ་བཤད་བྱས་ཡོད་པ་ལྟར་ན་རྒྱ་ནག་གཞུང་གིས་དོ་བདག་ལ་ཁྲིམས་ཁང་གི་ཁྲིམས་བཤེར་མ་བརྒྱུད་པ་དང་ཁྲིམས་རྩོད་པའང་མཉམ་དུ་མེད་པར་བཙན་གྱིས་ཉེས་སྐྱོན་ངོས་ལེན་བྱེད་དུ་འཇུག་གི་འདུག ཁོ་པར་བཙན་དབང་གིས་ཁྲིམས་འགལ་དུ་རྩི་ཡོད་པ་དང་བཀག་འགོག་བྱེད་ཡོད་པའི་དཔེ་དེབ་རྣམས་ཉོ་ཚོང་བྱས་པ་ཁས་ལེན་དུ་བཅུག་སོང་། ངས་བཤད་པའི་སྐད་ཆ་ཐམས་ཅད་རྒྱ་གཞུང་གིས་བཀོད་སྒྲིག་བྱས་འདུག ང་ཚོས་བཤད་དགོས་པའི་སྐད་ཆ་ཡོད་ཚད་ཡིག་ཐོག་ཏུ་བྲིས་ནས་གཞུང་གི་འདོད་པ་མ་ཚིམས་ན་བསྐྱར་དུ་བཟོ་བཅོས་བྱས་ནས་བཤད་དུ་འཇུག་གི་འདུག་ཅེས་བཤད།།

གཞན་ཡང་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཀོ་ཡོས་ཀྱིས་རང་ཉིད་རྒྱ་གཞུང་གིས་འཛིན་བཟུང་བྱས་ནས་རང་སྐྱོན་ངོས་ལེན་བྱེད་དུ་བཅུག་པའི་བརྙན་ཐུང་ཞིག་སྤྱི་ལོ་༢༠༡༤་ལོའི་ཟླ་༥་པའི་ལྔ་པའི་ཚེས་༨་ཉིན་རྒྱ་ནག་དབུས་བརྙན་འཕྲིན་ཁང་གིས་བསྒྲགས། ཁོ་ཚོས་ག་དུས་ཞིག་ལ་ལྐོག་ཏུ་བརྙན་འཕྲིན་དེ་བརྒྱབ་པ་ཡིན་མིན་ནི་ཤེས་རྟོགས་བྱུང་མ་སོང་། བརྙན་འཕྲིན་དེ་ནི་ང་རང་འདོད་པ་ཡོད་མེད་མ་དྲིས་པར་བརྒྱབ་པ་ཞིག་རེད། རྒྱ་ནག་གཞུང་གིས་རྒྱུན་ཏུ་རྒྱ་ནག་ནི་ཁྲིམས་ཀྱིས་སྐྱོང་བཞིན་པའི་རྒྱལ་ཁབ་ཅིག་ཡིན་ཞེས་བཤད་ཀྱང་དོགས་ཡོད་མི་སྣ་ཚོར་བརྙན་འཕྲིན་བརྒྱུད་ནས་བཙན་གྱིས་སྐྱོན་ཆ་ངོས་ལེན་བྱེད་དུ་འཇུག་བཞིན་པ་དེས་རྒྱ་ནག་གི་ཁྲིམས་མེད་ལུགས་མེད་ཀྱི་གནས་སྟངས་མཚོན་ཐུབ། བཙན་གྱིས་མི་ལ་སྐྱོན་ཆ་ངོས་ལེན་བྱེད་དུ་བཅུག་པ་དང་བརྙན་འཕྲིན་བསྟན་ནས་བཟང་ངན་ཐག་གཅོད་བྱེད་པ་ནི་ཁྲིམས་ཀྱི་འགྲོ་ལུགས་ལ་སྣང་མེད་བྱས་པ་ཞིག་རེད།།

མི་ཞིག་བརྙན་འཕྲིན་ནང་དུ་སྐྱོན་ཆ་ངོས་ལེན་གྱི་ཚད་དེར་སླེབས་ན་མི་དེར་ཉེས་སྐྱོན་ཡོད་པ་ཐག་བཅད་པ་ཞིག་མཚོན་ཐུབ་པས་འགྲོི་བ་མིའི་ཐོབ་ཐང་དང་མིའི་ཆེ་མཐོང་གི་བསམ་བློ་བཅས་ལ་རྡོག་བརྫིས་བཏང་བ་རེད། མི་ཞིག་ལ་ཉེས་པ་ཡོད་མེད་ནི་ཁྲིམས་ཁང་གིས་ཐག་གཅོད་བྱ་དགོས་པ་ལས་ཁྲིམས་བཤེར་མ་བརྒྱུད་པར་བརྙན་འཕྲིན་གྱི་གླེང་ཕྱོགས་བཟོས་ནས་ཉེས་འདོགས་བྱེད་མི་ཆོག་ཅེས་བཤད། རྒྱ་གཞུང་གིས་འདི་ལྟར་མི་མང་པོ་ཞིག་ལ་ཁྲིམས་ཁང་གིས་ཁྲིམས་བཤེར་མ་བྱས་གོང་དུ་ལུས་སེམས་གཉིས་ལ་མནར་གཅོད་བཏང་ནས་བཙན་གྱིས་སྐྱོན་ཆ་ངོས་ལེན་བྱེད་དུ་འཇུག་བཞིན་པ་ནི་ཉེས་པ་བཙན་འགེལ་བྱས་པ་ཞིག་རེད་ཅེས་བཤད་དོ།།