ཉི་ཧོང་གི་གོང་མའི་མཐའ་མཇུག་གི་གསུང་བཤད།

༄༅།། སྔ་ལོའི་ཕྱི་ཟླ་༤་པའི་ནང་དུ་ཉི་ཧོང་གི་གོང་མ་ཨ་ཀི་ཧི་ཏོ་མཆོག་གིས་ལོ་བཅུ་ཕྲག་གསུམ་ལ་རྒྱལ་ཁྲི་བསྐྱངས་པའི་རྗེས་སུ་གོང་མ་ཁྲི་བཤོལ་གནང་རྒྱུའི་ཐག་གཅོད་བྱས་ཡོད་ཅིང་། དེ་རིང་ཕྱི་ཟླ་དང་པོའི་ཚེས་༢་ཉིན་ཉི་ཧོང་གི་གོང་མ་ཨ་ཀི་ཧི་ཏོ་མཆོག་གིས་གོང་མའི་མཚན་ཐོག་ཏུ་མི་དམངས་ལ་མཐའ་མཇུག་གི་ལོ་སར་གསུང་བཤད་གནང་སྟེ། ཁོང་གིས་འཛམ་གླིང་ཞི་བདེ་དང་མི་དམངས་ལ་བདེ་སྐྱིད་ལྡན་པའི་སྨོན་འདུན་ཞུས་ཡོད། དེ་རིང་གནམ་ངོ་ཐང་བའི་དུས་སྐབས་འདིར་ང་ཚོ་མཉམ་དུ་ལོ་གསར་པའི་དགའ་སྟོན་ལ་རོལ་རྒྱུ་བྱུང་བར་ཁོ་བོ་སེམས་པའི་གཏིང་ནས་དགའ་ཚོར་བྱུང་སོང་། ངས་འཛམ་གླིང་ཞི་བདེ་དང་ཉི་ཧོང་མི་དམངས་ལ་བདེ་སྐྱིད་ལྡན་པའི་སྨོན་འདུན་ཞུས་ཡོད་ཅེས་གསུང་བཤད་གནང་བས་ཕོ་བྲང་གི་ར་དཀྱིལ་དུ་འདུས་པའི་མི་ཚོགས་ཀྱིས་གོང་མ་ཁྲི་ལོར་བརྟན་པར་ཤོག་ཅེས་ཁ་གཡང་བསྒྲགས།།

ཉི་ཧོང་གོང་མའི་ཕོ་བྲང་གི་ལས་སྣེ་ཚོས་མི་མང་ཁྲི་ཚོ་༧་དང་སྟོང་ཕྲག་༢་ལྷག་ཕོ་བྲང་གི་ར་དཀྱིལ་དུ་འདུས་ནས་གོང་མ་ཨ་ཀི་ཧི་ཏོ་མཆོག་གི་མཐའ་མཇུག་གི་གསུང་བཤད་ལ་མཉན་སོང་ཞེས་གསར་འགོད་པ་ཚོར་གླེང་སློང་བྱས་ཤིང་། ཉི་ཧོང་གི་སློབ་ཆེན་ཞིག་གི་སློབ་ཕྲུག་ཎི་ཤི་མུ་ར་ཞེས་པ་ཞིག་གིས་ངས་ཨ་མ་ཁྲིད་ནས་འདིར་ཡོང་བ་ཡིན། ང་ཚོའི་མི་ཚེའི་ནང་དུ་ཉི་ཧོང་གི་གོང་མས་བག་ཆགས་ཟབ་མོ་ཞིག་ཐེབས་ཡོད། ང་ཚོ་ཡུན་རིང་བང་བསྒྲིགས་ནས་སྒུག་དགོས་བྱུང་ཡང་ཁྱད་པར་མེད། ང་ཚོས་གོང་མ་མཆོག་གི་བཀའ་དྲིན་ལ་རྗེས་སུ་ཡི་རངས་ཞུ་བཞིན་ཡོད་པ་སྟོན་དུ་བཅར་པ་ཡིན་ཞེས་བཤད་པར་མ་ཟད། ལོ་ན་༦༨་ལ་སོན་པའི་སྐྱེས་པ་ཨི་ཝ་ས་ཀི་ཟེར་པ་ཞིག་གིས་ཀྱང་གོང་མ་མཆོག་བགྲེས་ཡོལ་ཕེབས་པའི་རྗེས་སུ་སྐུ་གཟུགས་བདེ་ཐང་ངང་དུ་བཙུན་མོ་མཱི་ཆི་ཀོའི་ལྷན་དུ་ལྷོད་པོར་བཞུགས་ཐུབ་པའི་རེ་བ་ཡོད་ཅེས་བཤད། ཉི་ཧོང་གི་གོང་མ་ཚོར་ལོ་ལྟར་ཕྱི་ལོ་གསར་པའི་གསུང་བཤད་རེ་གནང་སྲོལ་ཡོད་པས་དགུང་གྲངས་༨༥་ལ་ཕེབས་པའི་གོང་མ་ཨ་ཀི་ཧི་ཏོ་མཆོག་གིས་ཀྱང་གཟའ་ལྷག་པའི་ཉིན་གོང་མའི་མཚན་ཐོག་ཏུ་མཐའ་མཇུག་གི་གསུང་བཤད་དེ་གནང་འདུག

གོང་མ་ཨ་ཀི་ཧི་ཏོས་གང་ཉིད་ཁྲི་བཤོལ་གནང་རྒྱུའི་ཐག་གཅོད་གནང་བ་ནི་ཉི་ཧོང་གི་གོང་མའི་ལོ་རྒྱུས་སུ་བྱུང་མྱོང་མེད་པ་དང་ཉི་ཧོང་གི་གོང་མ་རིམ་པས་སྐུ་ཚེ་ཧྲིལ་བོར་རྒྱལ་སྲིད་བསྐྱང་དགོས་པ་ལས། གོང་མ་བགྲེས་ཡོལ་ལ་ཕེབས་པའམ། ཡང་ན་གོང་མ་ཁྲི་བཤོལ་བྱེད་པའི་ལམ་སྲོལ་ཞིག་མེད་པས་ཐོག་མར་ཉི་ཧོང་མི་དམངས་ཀྱིས་གོང་མ་ཁྲི་བཤོལ་གནང་རྒྱུའི་དགོངས་བཞེད་གནང་གི་ཡོད་པའི་གསར་འགྱུར་ཐོས་དུས་ཉི་ཧོང་གཞུང་དམངས་གཉིས་ཀའི་བློ་ཡུལ་དུ་ཤོང་དཀའ་བ་ཞིག་བྱུང་མོད། འོན་ཀྱང་གོང་མ་ཨ་ཀི་ཧི་ཏོས་གང་ཉིད་དགུང་ལོ་བགྲེས་པ་དང་རྒྱལ་ཁབ་ཀྱི་མཛད་སྒོ་ཁག་ལ་རྒྱུན་དུ་ཞུགས་དགོས་པ་རྣམས་ལྕོག་ཐབས་མེད་པས་གོང་མ་ཁྲི་བཤོལ་གནང་ནས་རྒྱལ་སྲས་ན་རུ་ཧི་ཏོ་ཉི་ཧོང་གི་གོང་མའི་ཁྲི་ལ་ཕེབས་དགོས་པའི་གྲོས་གཞི་བཏོན་འདུག གོང་མའི་ཕོ་བྲང་གི་ལས་སྣེ་ཚོས་ད་ལོའི་ཉི་ཧོང་གོང་མའི་ལོ་སར་གྱི་གསུང་བཤད་ལ་ཉན་མཁན་མི་མང་གི་གྲངས་འབོར་དུས་རྒྱུན་ལས་ལྡབ་ལྔ་ཙམ་མང་བ་འདུག མི་ཚོགས་ཀྱིས་གོང་མ་མཆོག་ལ་བཀའ་དྲིན་ཆེ་ཞེས་འབོད་ཚིག་བསྒྲགས་ནས་ཉི་ཧོང་གི་རྒྱལ་གླུ་བླངས་སོང་། ཁོ་ཚོས་གོང་མ་མཆོག་ལ་གུས་ཞབས་ཀྱི་ལག་གཡུག་བྱས་པས་གོང་མ་གཏན་ཞལ་ཟུང་གིས་ཀྱང་སྤྱན་ཆབ་བསིལ་བཞིན་མི་དམངས་ལ་བརྩེ་བའི་ཕྱག་བརྡ་གནང་ནས་ལན་སློག་སོང་ཞེས་བཤད་འདུག

སང་ཉིན་གཟའ་ཕུར་བུའི་ཉིན་རྒྱལ་སྲས་ན་རུ་ཧི་ཏོ་ཉི་མའི་གདུང་རྒྱུད་དུ་གྲགས་པའི་ཉི་ཧོང་གོང་མའི་ཁྲི་ལ་ཕེབས་ནས་གོང་མའི་རྒྱལ་ཁྲི་བཟུང་ནས་སྲོལ་རྒྱུན་བསྐྱང་དགོས་པ་དང་། དུས་རབས་༢༠་བའི་ནང་དུ་ཉི་ཧོང་གོང་མའི་མཚན་ཐོག་ཏུ་དམག་འཁྲུག་བསླངས་ནས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་དང་ཨ་མི་རི་ཀ་སོགས་ལ་དམག་བརྒྱབ་པས་ཉི་ཧོང་གི་གོང་མའི་མཚན་གནས་དེ་ཉིད་ཧ་ཅང་རྩོད་གཞི་ཅན་ཞིག་ཡིན། ཡིན་ནའང་༡༩༨༩་ལོར་གོང་མ་ཧི་རོ་ཧི་ཏོ་སྐུ་གཤེགས་པའི་རྗེས་སུ་རྒྱལ་སྲས་ཨ་ཀི་ཧི་ཏོ་ཉི་ཧོང་གོང་མའི་ཁྲི་ལ་ཕེབས་ནས་གོང་མའི་ཕོ་བྲང་དང་སྲོལ་རྒྱུན། ཉི་ཧོང་རྒྱལ་ཁབ་བཅས་ལ་དེང་རབས་དང་མཐུན་པའི་ལེགས་བཅོས་རྒྱ་ཆེན་མཛད། གོང་མ་ཨ་ཀི་ཧི་ཏོའི་མཐའ་མཇུག་གི་གསུང་བཤད་ནང་དུ་དམག་འཁྲུག་གིས་སྐྱེ་འགྲོ་གྲངས་ལས་འདས་པ་ཞིག་གི་ཚེ་སྲོག་བཅོམ་པ་ཧ་ཅང་གི་བློ་ཕམ་གྱི་གནས་ཚུལ་ཞིག་ཡིན་རུང་ངས་ཉི་ཧོང་གི་གོང་མའི་ཁྲི་བསྐྱངས་པའི་རིང་ལ་དམག་འཁྲུག་མ་བྱུང་བ་སེམས་ཁོང་རུས་པའི་གཏིང་གི་སྐྱིད་ཅིག་ཡིན་ཞེས་གསུངས། གོང་མ་ཨ་ཀི་ཧི་ཏོ་འཛམ་གླིང་ཡུལ་གྲུ་གང་སར་ཕེབས་དུས་ཞི་བདེ་གོང་སྤེལ་གནང་ནས་དམག་འཁྲུག་ལ་ངོ་རྒོལ་གྱི་གསུང་བཤད་གནང་བར་མ་ཟད། ཉི་ཧོང་རྒྱལ་ནང་དུ་གོང་མ་ཨ་ཀི་ཧི་ཏོས་ཕོ་བྲང་གི་སྐུ་འཁོར་རྣམས་དང་ཉི་ཧོང་གི་མི་དམངས་དཀྱུས་མའི་བར་ཐག་ཉེ་རུ་བཏང་སྟེ་རྟག་ཏུ་རང་བྱུང་གོང་ཆག་དང་རྐྱེན་ངན་བར་ཆད་བྱུང་ས་ཁག་ལ་ཕེབས་ནས་མི་དམངས་དཀྱུས་མའི་བདེ་སྡུག་ལ་གཟིགས་རྟོག་གནང་ཡོད་པ་རེད།།