བླ་བྲང་དགོན་པའི་གྲྭ་པ་ཞིག་གར་སོང་ཆ་མེད།

༄༅།།མདོ་སྨད་བླ་བྲང་དགོན་པའི་གྲྭ་སྦྱིན་པ་རྒྱ་མཚོ་ལགས་རྒྱ་ནག་རྒྱལ་ཁབ་བདེ་འཇགས་ལས་ཁང་གིས་བཙན་ཁྲིད་བྱས་རྗེས་གར་སོང་ཆ་མེད་དུ་གྱུར་པར་ཆོས་གྲོགས་དང་ནང་མི་རྣམས་ཀྱིས་སེམས་ཁྲལ་བྱེད་བཞིན་འདུག

གྲྭ་སྦྱིན་པ་རྒྱ་མཚོ་ལགས་ནི་ཕྱི་ཟླ་གསུམ་པའི་ཚེས་༢༧་ཉིན་རྒྱ་ནག་བདེ་འཇགས་ལས་ཁུངས་ཀྱིས་ཁ་བརྡ་བྱ་དགོས་ཞེས་སྐད་བཏང་ནས་ཕར་ཁྲིད་རྗེས་གར་སོང་ཆ་མེད་དུ་གྱུར། དེ་ནས་བཟུང་ཁ་པར་སོགས་ཀྱི་འབྲེལ་ལམ་གང་ཡང་མེད་པར་གྱུར་པ་གྲྭ་སྦྱིན་པ་རྒྱ་མཚོ་ལགས་ཀྱི་ཕ་ཡུལ་ནི་མཚོ་ལྷོ་ཁུལ་གྱི་འབའ་རྫོང་ཡིན་ཞིང་། ད་ལྟ་ཁོང་ལོ་ན་༢༧་ཡས་མས་སུ་སོན་པ་དང་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པའི་ཐོས་བསམ་གླིང་གི་རྟགས་རིགས་འཛིན་གྲྭར་སླེབས་ཡོད།

གྲྭ་སྦྱིན་པ་རྒྱ་མཚོ་ལགས་ནི་ལོ་འདིའི་ཕྱི་ཟླ་གསུམ་པའི་ཟླ་སྟོད་དུའང་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཟེར་བས་རེ་ཞིག་ལ་བཀག་ཉར་བྱས་པའི་གནས་ཚུལ་ཐོན་འདུག

སྤྱིར་ཕྱི་ཟླ་གསུམ་པ་ནི་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་དུ་ཚོར་བ་སྐྱེན་པོ་ཡིན་པའི་དུས་ཚོད་ཅིག་ལ་ངོས་འཛིན་བྱེད་པ་ལྟར་བོད་མི་མང་པོ་ཞིག་གསང་བའི་སྒོ་ནས་བཙན་ཁྲིད་དང་བཀག་ཉར། འདྲི་གཅོད་བྱེད་པ་སོགས་སྣང་ཚུལ་འདྲ་མིན་མང་པོ་ཞིག་འབྱུང་བཞིན་པ་མ་ཟད། བོད་ཀྱི་ས་ཁུལ་ཁ་ཤས་སུ་ཕྱི་ཟླ་གསུམ་པའི་ནང་དྲ་ལམ་ཡོངས་སུ་བཅད་པའི་གནས་ཚུལ་ཡང་བྱུང་འདུག