དམར་པོའི་ལས་ལུགས་ཀྱི་རྒྱལ་ཁབ་ཚོས་འགོ་ཁྲིད་ཀྱི་ཕུང་པོ་དུར་སྦས་མ་བྱས་པར། གསོན་པོར་ཉར་ཚགས་བྱེད་སྲོལ་ཡོད་པ་དང་། ཨུ་རུ་སུའི་དམར་ཤོག་གི་འགོ་ཁྲིད་ཟུར་པ་ལེ་ནིན་འདས་གྲོངས་སུ་ཕྱིན་ནས་དུས་རབས་གཅིག་ལོན་ལ་ཉེ་བའི་དུས་ཡུན་དེའི་ནང་ལ། ཁོའི་ཕུང་པོ་དེ་ཨུ་རུ་སུའི་ཐང་ཆེན་དམར་པོའི་དཀྱིལ་གྱི་དུར་ཁང་ཞིག་ཏུ་ཉར་ཚགས་བྱས་ནས་བཞག་ཡོད་པ་དེས། ཨུ་རུ་སུའི་མི་རྣམས་ལ་འདས་པའི་དུས་ཀྱི་དམར་པོའི་ལས་ལུགས་ཀྱི་དུས་རབས་ལ་དྲན་གསོ་གཏོང་གི་ཡོད་པ་ལྟར་སྣང་ལ། སྤྱི་ལོ་༡༩༡༧ ལོའི་ཨུ་རུ་སུའི་དམར་པོའི་ལས་ལུགས་ཀྱི་གསར་བརྗེའི་མེས་པོ་དེ་བཞིན་ད་ཆ་འདས་གྲོངས་སུ་ཕྱིན་ནས་ལོ་ངོ་༡༠༠ ཐམ་པ་འཁོར་ཡོད་ཀྱང་། ཁོ་པ་འདས་གྲོངས་སུ་ཕྱིན་པའི་དུས་དྲན་དེར་ཕུ་ཊིང་དང་ཨུ་རུ་སུའི་མི་ཚོས་སྣང་མེད་དུ་བཏང་ཡོད་པ་རེད།
AFP གསར་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན། ཨུ་རུ་སུའི་གཞུང་འཛིན་གྱི་སྟངས་འཛིན་དོ་དམ་འོག་དུར་ས་དེར་དམར་པོའི་འགྲོ་ལུགས་ལྟར་བྱེད་སྒོ་སྟབས་བདེ་ཞིག་ཚུགས་ཡོད་པ་ཙམ་ལས། རེས་གཟའ་ཉིན་མའི་ཉིན་གཞུང་འབྲེལ་གྱི་ཐོག་ནས་ལོ་ངོ་༡༠༠ ཐམ་པ་འཁོར་བའི་མཛད་སྒོ་གང་ཡང་འཚོགས་མེད་པ་དང་། སྲིད་འཛིན་ཕུ་ཊིང་གིས་ཡོངས་གྲགས་ཀྱི་ཐོག་ནས་ལེ་ནིན་གྱི་བྱེད་བབ་ཉེར་ལེན་ལ་བརྟེན་ནས་ཨུ་རུ་སུ་བཙན་རྒྱལ་ཆེན་མོ་དེ་བཞིན་ཡུག་ཀེ་སོགས་རྒྱལ་ཁབ་མང་པོར་ཁ་འཐོར་དུ་ཕྱིན་ཞིང་། དེའི་ཐད་ལེ་ནིན་ལ་ལེ་ཐོགས་ཡོད་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།
ད་ལྟའི་ཆར་སྲིད་འཛིན་ཕུ་ཊིང་གིས་ཡུག་ཀེ་རན་ལ་བཙན་འཛུལ་གྱིས་དཔུང་འཇུག་བྱས་ནས་དུས་ཡུན་ལོ་ངོ་གཉིས་ཙམ་ཕྱིན་མཚམས། ཨུ་རུ་སུའི་དམར་པོའི་ལས་ལུགས་ཀྱི་གསར་བརྗེ་བ་ཚོའི་ཐད་ཀྱི་ལྟ་སྟངས་ལ་རིམ་བཞིན་འགྱུར་བ་ཐེབས་ཏེ། སི་ཏ་ལིན་ལ་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་བསྟན་ཐོག་སི་ཏ་ལིན་གྱིས་ཨུ་རུ་སུའི་སྣེ་ཁྲིད་དེ་འཛམ་གླིང་འཁྲུག་ཆེན་གཉིས་པར་རྒྱལ་ཁ་བླངས་ཡོད་པར་མ་ཟད། ལོ་ངོ་འགའ་ཤས་རིང་ལ་དབང་སྒྱུར་འཇིགས་སུ་རུང་བ་བྱས་པའི་དུས་ཡུན་ནང་སྲིད་དོན་ཁ་གཏད་པ་ཡོད་ཚད་རྩ་མེད་དུ་བཏང་བར་གདེང་འཇོག་བྱེད་ཀྱི་ཡོད་པ་རེད།
སྤྱི་ལོ་༡༩༢༤ ལོའི་ཟླ་བ་དང་པོའི་ཚེས་༢༡ ཉིན། ལེ་ནིན་འདས་གྲོངས་སུ་ཕྱིན་ཞིང་། ཨུ་རུ་སུའི་དམར་ཤོག་དབང་འཛིན་པས་སི་ཏ་ལའི་རེ་འདུན་བཏོན་པ་ལྟར། ཁོའི་ཕུང་པོར་རུལ་སྐྱོན་མི་འབྱུང་བའི་ཉར་ཚགས་ཐབས་ཤེས་གང་ལེགས་ཐོག་དུར་ཁང་ཞིག་བསྐྲུན་ཡོད་པ་དང་། ཚོས་གཞི་དམར་པོ་དང་ནག་པོ་ཟུང་འབྲེལ་གྱི་རྡོ་ཁང་དེ་སྤྱི་ལོ་༡༩༣༠ ལོའི་ཟླ་བ་༡༠ པ་ནས་བཟུང་། ད་བར་ཨུ་རུ་སུའི་ཐང་ཆེན་དམར་པོའི་དཀྱིལ་དུ་ཀྲོང་ངེར་འགྲེངས་བསྡད་ཡོད་པར་མ་ཟད། ༡༩༦༡ ལོའི་བར་དུས་ཡུན་ཐུང་ངུའི་རིང་ལ་སི་ཏ་ལིན་གྱི་ཕུང་པོ་ཡང་དེའི་ནང་བཞག་མྱོང་བ་རེད།
ཨུ་རུ་སུ་དམར་པོའི་དུས་སྐབས་དེར། མི་ཚོས་བང་བསྒྲིགས་ནས་ལེ་ནིན་གྱི་ཕུང་པོར་གུས་འདུད་ཞུ་དགོས་ཀྱི་ཡོད་ཀྱང་། དེང་སང་ལེ་ནིན་འདས་གྲོངས་སུ་ཕྱིན་པའི་དུས་དྲན་སྲུང་བརྩིའི་མཛད་སྒོར་མཉམ་ཞུགས་བྱེད་མཁན་ནི་འདས་པའི་དམར་པོའི་ལས་ལུགས་ཀྱི་དུས་རབས་ལ་ཡིད་སྨོན་སྐྱེ་མཁན་གྱི་མི་རྣམས་མ་གཏོགས་མེད་པ་དང་། ཁོ་ཚོས་ལག་ཏུ་དར་ཆ་དམར་པོ་དང་ལི་ཤི་འདྲ་བའི་མེ་ཏོག་དམར་པོ་ཞིག་བཟུང་ནས་དེར་སླེབས་ཡོད་པ་རེད།
རུལ་སྐྱོན་མ་ཕོག་པར་བདག་ཚགས་བྱས་ཡོད་པའི་ལེ་ནིན་གྱི་ཕུང་པོ་འཇོག་ཡུལ་དེ་ད་ཆ་ཡུལ་སྐོར་སྤྲོ་འཆམ་བྱ་ཡུལ་ཆགས་ཡོད་ཅིང་། ཟླ་བ་༡༨ ལོན་མཚམས་སུ་སྒོ་རེ་བརྒྱབ་སྟེ། ཚན་རིག་པ་ཚོས་ཕུང་པོར་རུལ་སྐྱོན་མི་ཡོང་བའི་ཐབས་བཅོས་བྱ་དགོས་པ་རེད། གནས་ཚུལ་སྤེལ་བ་ལྟར་ན། ལེ་ནིན་གྱི་ཕུང་པོ་བརྒྱ་ཆ་ཉི་ཤུ་རྩ་གསུམ་ཙམ་ལ་སྐྱོན་ཆག་ཕྲན་བུ་ཙམ་ཡང་བྱུང་མེད་པར་ཤེལ་གྱི་པུར་སྒམ་ནང་བཞག་ཡོད་པ་རེད།
སྤྱི་ལོ་༡༩༩༡ ལོར་ཨུ་རུ་སུའི་དམར་པོའི་རྒྱལ་ཁམས་འཐོར་བཞིག་ཏུ་ཕྱིན་པ་ནས་བཟུང་། ཨུ་རུ་སུའི་བརྒྱུད་ལམ་ཁག་ཏུ་རྟག་པར་ལི་ནིན་གྱི་ཕུང་པོ་དེ་དུར་འཇུག་བྱེད་དགོས་མིན་ཐད་རྩོད་གླེང་འབྱུང་གི་ཡོད་ཀྱང་། དམར་ཤོག་ཚོགས་པའི་མི་ཚོས་ངོ་རྒོལ་དྲག་པོ་བྱེད་ཀྱི་ཡོད་པ་དང་། ཨུ་རུ་སུའི་དབང་འཛིན་པས་ད་ཕན་དེའི་ཐད་བསམ་ཞིབ་ནན་ཏན་ཁྱོན་ནས་བཏང་མྱོང་མེད་པ་རེད།
ཕུ་ཊིང་གིས་ལེ་ནིན་གྱི་སྐོར་ལ་གཏམ་བརྗོད་སྤེལ་བ་ཤིན་ཏུ་ཉུང་ཉུང་ཡིན་པའི་རྐྱེན་གྱིས་༢༠༢༢ ལོའི་ཟླ་བ་༢ པའི་ཚེས་༢༤ ཉིན་དམག་དཔུང་ལ་ཡུག་ཀེ་རན་ལ་དཔུང་འཇུག་བྱ་རྒྱུའི་བཀའ་རྒྱ་མ་བཏང་བའི་ཉིན་འགའི་སྔོན་དུ། ཁོས་ཟླ་བ་བཅུ་པའི་གསར་བརྗེ་ལངས་མཁན་རྣམས་ལ་སྐྱོན་བརྗོད་ཆེན་པོ་བྱས་ཐད་མི་ཚོས་དོ་སྣང་ཆེན་པོ་བྱས་ཡོད་པ་རེད། བཙན་འཛུལ་དངོས་གཞི་མ་ཚུགས་པའི་ཉིན་གསུམ་གྱི་སྔོན་དུ་ཁེ་རམ་ལི་གཞུང་འཛིན་གྱི་འགོ་ཁྲིད་ཚོས་ཡུག་ཀེ་རན་གྱི་རྒྱལ་ཁབ་ཀྱི་གོ་བབ་ཐད་གཏམ་བཤད་བྱེད་སྐབས། ལེ་ནིན་གྱིས་དམར་ཤོག་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་མཐུན་རྒྱལ་ཁབ་འཛུགས་དུས་ཡུག་ཀེ་རན་ཞེས་པ་གསར་བཟོ་བྱས་པར་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་དང་། ཕུ་ཊིང་གིས་ཨུ་རུ་སུའི་དམར་ཤོག་མནའ་འབྲེལ་གྱི་ཁོངས་སུ་མཉམ་ཞུགས་བྱེད་མཁན་རྒྱལ་ཁབ་རྣམས་ལ་རང་སྐྱོང་གི་དབང་ཆ་ཚད་ངེས་ཅན་ཞིག་སྤྲད་པ་དང་། ལེ་ནིན་གྱིས་མི་རིགས་རིང་ལུགས་བྱུང་བཅུག་པ་བཅས་ལ་བརྟེན་ནས་མཐར་ཨུ་རུ་སུ་དམར་པོའི་རྒྱལ་ཁམས་འཐོར་བཞིག་ཏུ་ཕྱིན་པར་ངོས་འཛིན་བྱས་ཡོད་པ་རེད།
ཕུ་ཊིང་གིས་ནམ་ཞར་འཛམ་གླིང་འཁྲུག་ཆེན་གཉིས་པའི་མཐོང་སྣེའི་ངོས་ནས་ཡུག་ཀེ་རན་ཐོག་སྤེལ་བའི་དམག་དོན་གྱི་བྱ་སྤྱོད་ལ་འགྲེལ་བཤད་རྒྱག་ཐབས་བྱེད་ཀྱི་ཡོད་ཅིང་། ཡུག་ཀེ་རན་གྱི་གཞུང་འཛིན་དེ་བཞིན་ནཱ་ཛེ་དང་མཚུངས་བསྡུར་བྱས་པར་མ་ཟད། རྙོག་འཛིང་དེ་ནི་ཨུ་རུ་སུའི་ཤི་གསོན་འགག་རྩར་ཐུག་པའི་འཐབ་རྩོད་ཅིག་ཏུ་འགྲེལ་བརྗོད་བྱེད་བཞིན་པ་རེད། ཨུ་རུ་སུའི་ཁེ་རམ་ལི་དབང་འཛིན་པར་མཚོན་ན། སི་ཊ་ལིན་ནི་སྔར་བཞིན་རྒྱལ་ཁ་དང་དབང་ཆའི་མཚོན་དོན་ཞིག་ཡིན་པ་དང་། ལེ་ནིན་ནི་ཕམ་ཁ་མྱོང་མཁན་ཞིག་ཏུ་མཐོང་གི་ཡོད་པ་རེད།
གླེང་སྟེགས།