ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

གར་ཞ་དང་སྤྱི་ཏིའི་ཕྱོཊ་སུ་ཁ་ཆར་བབས་ཏེ་དགུན་གྱི་གྲང་ངད་ལྡང་།


༄༅།། རྒྱ་གར་གྱི་ཧི་མ་ཅལ་མངའ་སྡེ་ནི་ཧི་མ་ལ་ཡའི་གངས་རིའི་འདབས་སུ་ཆགས་ཡོད་པས་དབྱར་དུས་གནམ་གཤིས་བསིལ་པོ་དང་དགུན་དུས་གནམ་གཤིས་གྲང་མོ་ཡིན་ཞིང་། ཉིན་ཤས་སྔོན་ནས་ཧི་མ་ཅལ་མངའ་སྡེའི་ས་གནས་ཁག་ཏུ་ཆར་པ་དང་ཁ་བ་བབས་པའི་རྗེས་སུ་གནམ་གཤིས་གྲང་དུ་ཕྱིན་ཏེ་དགུན་གྱི་གྲང་ངད་ལྡང་རྒྱུ་འགོ་ཚུགས་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༡༡་པའི་ཚེས་༡༠་ཉིན་རྒྱ་གར་གྱི་ཡིད་ཆེས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གར་ཞ་དང་སྤྱི་ཏི། ཀུ་ལུའི་སྟོད་ཕྱོགས་སོགས་ལ་ཁ་བ་མཐུག་པོ་བབས་ཏེ་གཟའ་པ་སངས་ཉིན་གླེ་དང་མ་ན་ལིའི་རྒྱལ་ཡོངས་གཞུང་ལམ་འགགས། ད་དུང་ཨ་ཐལ་ཕུག་ལམ་དང་སི་སུ། ཁོག་གསར་དང་རོ་བྲང་ལ་བཅས་ས་གནས་ཁག་ཏུའང་ཁ་བ་སྲབ་པོ་ཞིག་བབས་ནས་དར་ཆུ་དང་གསེར་ཆུ། ཁོག་གསར་དང་རོ་བྲང་ལ་བརྒྱུད་ནས་འཛུགས་སྐྲུན་བྱས་ཡོད་པའི་རྒྱལ་ཡོངས་གཞུང་ལམ་༥༠༥་པའི་སྟེང་གི་འགྲིམ་འགྲུལ་དང་སྐྱེལ་འདྲེན་འགགས་སོང་ཞེས་གར་ཞ་དང་སྤྱི་ཏི་རྫོང་གི་ཉེན་རྟོག་སྤྱི་ཁྱབ་པ་མ་ཡན་ག་ཅོ་དྷ་རིས་གསར་འགོད་པ་ཚོར་འགྲེལ་བརྗོད་བྱས་འདུག

ཧི་མ་ཅལ་མངའ་སྡེའི་ཨ་ཐལ་ཕུག་ལམ་དང་རོ་བྲང་ལའི་གཞུང་ལམ་ནི་ཧི་མ་ལ་ཡའི་ལྗོངས་ཀྱི་གར་ཞ་དང་སྤྱི་ཏི། ཁུ་ནུ་དང་ལ་དྭགས་སོགས་སུ་བསྐྱོད་པའི་གཞུང་ལམ་གཙོ་བོ་དེ་ཡིན་ཞིང་། གཟའ་འཁོར་འདིར་ཧི་མ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལར་ཡང་ཆར་པ་བབས་པའི་རྗེས་སུ་གནམ་གཤིས་ཇེ་གྲང་དུ་སོང་། ད་དུང་སྨུག་པ་འཐིབས་ཏེ་མཐོང་རྒྱ་བཀག དུས་རྒྱུན་གྱི་འགྲིམ་འགྲུལ་དང་སྐྱེལ་འདྲེན་ལས་དོན་ལ་བར་ཆད་བྱུང་། བཞུགས་སྒར་རྡ་རམ་ས་ལའི་ཁུལ་དུའང་སྨུག་པ་འཐིབས། ཧི་མ་ཅལ་མངའ་སྡེའི་གནམ་གཤིས་བརྟག་དཔྱད་ཁང་གིས་ཆམ་པ་དང་ཀང་ར། ཨུ་ན་དང་ཧ་མིར་པུར། བྷི་ལ་ས་པུར་དང་སོ་ལན། མན་ཌི་སོགས་སུ་ཆར་པ་བབས་ཏེ་རླུང་འཚུབ་ལྡང་། ཧི་མ་ཅལ་མངའ་སྡེ་གནས་ཁག་ཅིག་ལ་ཆར་པ་དང་ཁ་བ་བབས་པའི་རྗེས་སུ་རླུང་འཚུབ་གཡུགས་ཏེ་གློག་དང་འཐུང་ཆུ་ཆད། ཁ་པར་དང་དྲྭ་རྒྱའི་འབྲེལ་མཐུད་ཀྱང་ཆད་སྲིད། སྐྱིད་ལུང་དང་སུམ་མདོ། ནར་ཁན་དཱ་སོགས་སུ་གནམ་གཤིས་ཧ་ཅང་གྲང་དུ་འགྲོ་རྒྱུ་རེད་ཅེས་སྔོན་བརྡ་བཏང་འདུག

འཛམ་གླིང་གི་སའི་གོ་ལའི་གཤམ་གཤིས་འགྱུར་ལྡོག་ཆེན་པོ་ཐེབས་ཀྱི་ཡོད་པའི་རྐྱེན་གྱིས་གར་ཞ་དང་སྤྱི་ཏི། ཁུ་ནུ་སོགས་ཧི་མ་ལ་ཡའི་ལྗོངས་ཀྱི་ས་གནས་ཁག་ཏུ་གནམ་གཤིས་འགྱུར་ལྡོག་ཐེབས་ཏེ་ཐན་པ་བྱུང་བ་དང་ཆུ་ལོག་བརྒྱུགས། གནམ་གཤིས་ཚ་གྲང་ཆ་མཉམ་མེད་པར་རང་བྱུང་ཁམས་ཀྱི་དཀའ་ངལ་སྣ་ཚོགས་ཤིག་འཕྲད་ཀྱི་ཡོད་ཅིང་། ཕྱི་ཟླ་༡༡་པའི་ཚེས་༡༠་ཉིན་རྒྱ་གར་གྱི་ཊི་རི་བྷུན་གསར་ཤོག་ལ་གནས་ཚུལ་ཐོན་པ་ལྟར་ན། གར་ཞ་སྤྱི་ཏི་རྫོང་ཁོངས་ཀྱི་གྲོང་ཚོ་༦་གིས་རྫོང་སྲིད་གཞུང་ལ་ཐན་པ་དང་ཆུ་ལོག་གི་ཉེན་ཁ་འགོག་པར་ཆུ་ཡུར་འཛུགས་སྐྲུན་བྱ་དགོས། ལོ་འདིའི་ཕྱི་ཟླ་༨་པའི་ནང་ཆུ་ལོག་བརྒྱུགས་ཏེ་ཆུ་རྐ་མེད་པར་གྲོང་གསེབ་ཁག་ཅིག་འདམ་རྙོག་གིས་བསྣུབས་སོང་ཞེས་སྙན་ཞུ་ཕུལ། གར་ཞ་སྤྱི་ཏི་རྫོང་གིས་ཧི་མ་ཅལ་མངའ་སྡེ་གཞུང་ལ་ཆུ་ཡུར་འཛུགས་སྐྲུན་གྱི་འགྲོ་གྲོན་ཧིན་སྒོར་དུང་ཕྱུར་༡་དང་བྱེ་བ་༨་རོགས་སྐྱོར་ཞུས་པའི་གནས་ཚུལ་ཐོན་འདུག

ད་ལོའི་ཆར་ཞོད་དུས་སུ་ཆུ་ལོག་བརྒྱུགས་ནས་ཁོག་གསར་གྲོང་གསེབ་ཀྱི་ཁང་པ་རྣམས་ཆུ་ལོག་གིས་ཁྱེར། ས་ཞིང་སོན་ཁལ་༥༠་ཐམ་པའི་རྒྱ་ཁྱོན་འདམ་རྙོག་གིས་མནན། གྲོང་གསེབ་པ་ཚོ་བྲོས་ནས་སྲོག་མགོ་ཐར་ཙམ་བྱུང་ཡང་མི་མང་གི་རྒྱུ་དངོས་ལ་གནོད་འཚེ་ཆེན་པོ་ཐེབས། ཁོག་གསར་གྲོང་གསེབ་ཀྱི་མི་མང་རྣམས་ཟླ་བ་མང་པོར་གཞུང་གི་ཉེན་སྐྱོབ་ཁང་དུ་གནས་མལ་བཅའ་དགོས་བྱུང་ཞིང་། དེ་བཞིན་རྒྱུ་གྲོང་ཚོ་ལའང་ཆུ་ལོག་བརྒྱུགས་ཏེ་ཁ་པར་གྱི་འབྲེལ་ལམ་བཅད་པ་སླར་གསོ་བྱེད་ཐུབ་མེད་པར་མ་ཟད། གྲོང་གསེབ་དེའི་ས་ཞིང་སོན་ཁལ་༢༠༠་ལྷག་གི་རྒྱ་ཁྱོན་ཆུ་ལོག་གིས་བསྣུབས། རྒྱུ་གྲོང་ཚོའི་འགོ་པ་པདྨ་རྡོ་རྗེས་ང་ཚོའི་ཉེ་འཁྲིས་སུ་རྒྱུག་ཆུ་ཞིག་ཡོད། ཆར་ཞོད་དུས་སུ་རྟག་ཏུ་རྒྱུག་ཆུ་དེ་བྲུག་ནས་གྲོང་གསེབ་པ་ཚོར་གནོད་འཚེ་འཕོག་གི་འདུག རྒྱུ་གྲོང་གསེབ་ལ་ཆུ་ཡུར་ཞིག་ངེས་པར་དུ་འཐེན་དགོས་ཀྱི་འདུག་ཅེས་འབོད་སྐུལ་ཞུས་འདུག

བྲག་མཁར་གྲོང་ཚོའི་འགོ་པ་བསྟན་འཛིན་ཆོས་སྒྲོན་དང་སག་རྣམ་གྲོང་ཚོའི་འགོ་པ་བདེ་ཆེན་བཟང་མོ་གཉིས་ཀྱིས་ཀྱང་བྲག་མཁར་དང་སྨུད། ཁོག་གསར་དང་རྒྱུ། སག་རྣམ་དང་ཤུ་ཤུ། ཤཱི་ཆི་གླིང་བཅས་གྲོང་ཚོ་དེ་དག་ལ་ཆུ་ལོག་གི་དཀའ་ངལ་འཕྲད་ཀྱི་ཡོད་པ་རྣམས་རྫོང་སྲིད་གཞུང་ལ་ཞུས། ཧི་མ་ཅལ་མངའ་སྡེ་གྲོས་ཚོགས་ཀྱི་གར་ཞ་དང་སྤྱི་ཏི། མན་ཌི་བཅས་ཀྱི་འཐུས་མི་ར་ཝི་ཐ་ཀུར་གྱིས་ཧིན་སྒོར་དུང་ཕྱུར་༡་དང་བྱེ་བ་༨་ལྷག་ཆུ་ཡུར་འཛུགས་སྐྲུན་ལ་དགོས་ཀྱི་འདུག་ཅེས་སྙན་ཞུ་ཕུལ་ཡོད། འགྲོ་གྲོན་ཆོག་མཆན་བཀོད་པའི་རྗེས་སུ་ཆུ་ཡུར་འཛུགས་སྐྲུན་གྱི་ལས་གཞི་མགོ་བརྩམ་ཆོག་ཅེས་ཁས་བླངས། ཧི་མ་ཅལ་མངའ་སྡེའི་གཞུང་གིས་འགྲོ་གྲོན་ཆོག་བཀོད་ནས་ཆུ་ཡུར་འཛུགས་སྐྲུན་བྱེད་ཐུབ་ཚེ། གར་ཞ་དང་སྤྱི་ཏི་ཁུལ་གྱི་གྲོང་ཚོ་དེ་དག་ལ་ཆུ་ལོག་གི་དཀའ་ངལ་མི་འབྱུང་བ་དང་ཐན་པའི་དུས་སུ་རྒྱུག་ཆུ་ཡུ་བུར་དྲངས་ཏེ་ས་ཞིང་འདེབས་ལས་བྱེད་ཆོག་པའི་དགེ་མཚན་ཆེ།།

ཉེ་ཆར་ཕྱི་ཟླ་༡༠་པའི་ཚེས་༣༡་ཉིན་རྒྱ་གར་གྱི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཧ་མ་ཅལ་མངའ་སྡེའི་ཁོངས་ཀྱི་གར་ཞ་དང་སྤྱི་ཏི་སོགས་ལ་ཐན་པ་བྱུང་སྟེ་ཏན་དི་དང་ཝར་པ་ས་གནས་གཉིས་ཀྱི་གྲོང་ཚོ་༢༠་ལྷག་ལ་ལོ་ལྟར་དཀའ་ངལ་འཕྲད་ཀྱི་འདུག གྲོང་ཚོ་དེ་དག་གི་ཐན་པའི་དཀའ་ངལ་སེལ་ཐབས་སུ་ཆུ་ཡུར་འཛུགས་སྐྲུན་བྱ་དགོས། གྲོང་ཚོ་དེ་རྣམས་རྒྱ་མཚོ་ནས་མཐོ་ཚད་ཧྥི་ཁྲུ་༡༥༠༠༠་ཡན་ཆད་དུ་ཆགས་འདུག ཆུ་ཡུར་རིང་ཚད་སྤྱི་ལེ་༥་དང་མཱི་ཊར་༤༧༠་ཅན་ཞིག་འཛུགས་སྐྲུན་བྱེད་པར་ཧིན་སྒོར་བྱེ་༩་དང་ས་ཡ་༣་ལྷག་འགྲོ་གྲོན་གཏོང་དགོས་ཀྱི་འདུག ཆུ་ཡུར་དེ་འཛུགས་སྐྲུན་བྱས་པའི་རྗེས་སུ་ས་གནས་མི་མང་༡༢༦༤་ལ་ཕན་ཐོགས་བྱུང་སྟེ་འཚོ་བའི་གནས་སྟངས་ཡར་རྒྱས་གཏོང་ཐུབ། ཧི་མ་ཅལ་མངའ་སྡེའི་རི་གྲོང་མང་པོར་ཆུ་ཡུར་འཐེན་ཐུབ་མེད་ཀྱང་རིམ་བཞིན་ཆུ་རྐ་འཛུགས་སྐྲུན་གྱི་ལས་གཞི་རྣམས་འགོ་ཚུགས་ཀྱི་འདུག་ཅེས་གནས་ཚུལ་སྤེལ་འདུག

XS
SM
MD
LG