༄༅། །ད་ལྟའི་ཆར་ཨ་རིའི་མི་སེར་མ་ཡིན་པ་ཚོས་ཨ་རིའི་ས་ཐོག་ཏུ་སྐྱེས་པའི་ཕྲུ་གུ་རྣམས་རང་བཞིན་གྱིས་ཨ་མེ་རི་ཀའི་མི་སེར་ཆགས་པའི་ལྷན་སྐྱེས་མི་སེར་གྱི་ཐོབ་ཐང་སྤྲོད་དགོས་མིན་ཐད་བགྲོ་གླེང་ཆེན་པོ་ཞིག་འགྲོ་བཞིན་པ་དང་། གནད་དོན་དེ་བཞིན་ཨ་རིའི་ངོ་བོའི་ངོས་འཛིན་དང་། རྒྱལ་རབས་ལོ་རྒྱུས། ཁྲིམས་ལུགས་བཅས་ལ་འབྲེལ་བ་ཡོད་པ་དང་། ཟླ་བ་གོང་མའི་ནང་སྲིད་འཛིན་ཊམ་གྱིས་འཛིན་སྐྱོང་བཀོད་ཁྱབ་ཅིག་བཏང་སྟེ། ཐོབ་ཐང་དེ་བཞིན་མཇུག་སྒྲིལ་ཐབས་གནང་ཡོད་ཀྱང་། ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་གཉིས་ཀྱིས་བཀག་འགོག་བྱས་ཡོད་པར་བརྟེན། ད་ཆ་གནས་སྐབས་རིང་དུས་ཚོད་ངེས་གཏན་མེད་པའི་ངང་མཚམས་བཞག་ཡོད་པ་རེད། གཤམ་ལ་ལྷན་སྐྱེས་མི་སེར་གྱི་ཐོབ་ཐང་ཞེས་པའི་གོ་དོན་ཅི་ཡིན་གྱི་ངོ་སྤྲོད་ཅིག་ལ་གཟིགས་འཚལ།
སྲིད་འཛིན་ཌོ་ནལ་ཊམ་མཆོག་སྤྱི་ཟླ་དང་པོའི་ཚེས་ ༢༠ ཉིན་ལ་ཕྱིར་ཕོ་བྲང་དཀར་པོར་ལོག་པ་ནས་བཟུང་། ཨ་རིའི་སྲིད་ཇུས་བསྐྱར་འཛུགས་བྱ་ཆེད་འཛིན་སྐྱོང་བཀོད་ཁྱབ་ཇི་སྙེད་ཅིག་བཏང་བའི་ཁོངས་ནས། ལྷན་སྐྱེས་མི་སེར་གྱི་ཐོབ་ཐང་ལ་རྫོགས་ཚིག་འགོད་ཐབས་ཤིག་གནང་ཡོད་པ་དང་། དེ་ནི་ཁོང་གིས་ལས་དུས་དང་པོའི་སྐབས་ནས་རིང་ནས་སྙིང་དུ་བརྣག་པའི་སྲིད་ཇུས་རིགས་ཤིག་ཡིན་པར་ངེས།
ལྷན་སྐྱེས་མི་སེར་ཐོབ་ཐང་ཞེས་པའི་ཚིག་དེའི་འབྱུང་ཁུངས་དངོས་ནི། ལཱ་ཊིན་སྐད་ལས་ཁྲིམས་ལུགས་རྩ་དོན་ jus soli ཞེས་པའི་སྐད་དོད་དེ། སྐྱེས་ཡུལ་རིང་ལུགས་སམ་ས་གཞིའི་བདག་དབང་ཞེས་པའི་དོན་ཡིན་པ་དང་། ད་ཕན་ཧ་ལམ་ཨ་རིའི་ས་ཐོག་ཏུ་སྐྱེས་པའི་མི་ཡོངས་རྫོགས་ལ་སྤྱི་འབངས་མི་སེར་གྱི་ཐོབ་ཐང་སྤྲད་ཡོད་པ་རེད། ཐོང་ཐང་དེ་བཞིན་ཨ་རིའི་རྩ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཨང་བཅུ་བཞི་པའི་དགོངས་དོན་ཡིན་ཞིང་། ཨ་རིའི་ནང་སྐྱེས་པའམ་རང་བཞིན་གྱིས་མི་སེར་ཆགས་པ། དེའི་ཁྲིམས་ཁོངས་སུ་གཏོགས་པའི་མི་ཚང་མ་ནི་ཨ་རི་དང་ཁོང་ཚོ་གནས་སྡོད་བྱེད་སའི་མངའ་སྡེའི་མི་སེར་ཡིན། ཞེས་འཁོད།
༡༨༩༨ ལོར་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གིས་ཨ་རིར་སྐྱེས་པའི་རྒྱ་མི་ཧོང་ཅིན་དཱེ་Wong Kim Ark ཞེས་པ་ཞིག་གི་གྱོད་དོན་ལ་ཁྲིམས་མཐུན་གཅོད་རྒྱ་གཏོང་སྐབས། གང་ཟག་གང་ཞིག་ཕ་མའི་གནས་བབས་ཕྱི་མི་གནས་སྤོ་ཡིན་མིན་ཅི་རིགས་ལ་མ་ལྟོས་པར་ཨ་རིའི་ས་ཐོག་ཏུ་སྐྱེས་མ་ཐག་མི་སེར་ཆགས་པའི་རྩ་དོན་འདི་སྤྱོད་བེད་ཀྱིས་གཏན་འབེབས་བྱས་ཡོད་པ་རེད། ཨ་རི་ནི་སྔར་བཞིན་ཁ་ན་ཊ་དང་། མེག་སི་ཁོ་སོགས་ཨ་མེ་རི་ཀའི་གླིང་ཆེན་གྱི་རྒྱལ་ཁབ་ཁག་ལྟར། ལྷན་སྐྱེས་མི་སེར་གྱི་ཐོབ་ཐང་སྤྲོད་མཁན་གྱི་རྒྱལ་ཁབ་ ༣༠ ཐམ་པའི་ནང་གི་གཅིག་ཡིན།
ཊམ་གྱི་འཛིན་སྐྱོང་བཀོད་ཁྱབ་དེས་ཡིག་ཆ་མེད་པའི་ཕྱི་མི་གནས་སྤོ་བ་དང་གནས་སྐབས་རིང་འགྲོ་སྐྱོད་ཐོངས་མཆན་ཡོད་པོ་ཚོས་ཨ་རིའི་ས་ཐོག་ཏུ་སྐྱེས་པའི་ཕྲུ་གུར་མི་སེར་གྱི་ཐོབ་ཐང་སྤྲོད་རྒྱུ་མེད་པར་བཟོ་ཐབས་ཤིག་ཡིན་ཡང་། ཁྲིམས་དོན་མཁས་པ་ཚོས་དེ་ནི་རྩ་ཁྲིམས་ཀྱི་དགོངས་དོན་དང་འགལ་ཡོད་པ་འདོད་ཀྱི་ཡོད་པ་དང་། ཨ་རིའི་ས་གནས་ཁྲིམས་དཔོན་ཇཱོན་ཁོ་ཧྥེ་ནོར་ལགས་ཀྱིས་བཀོད་ཁྱབ་དེ་ལག་བསྟར་བཏང་རྒྱུ་མཚམས་འཇོག་གནང་ཡོད་ཅིང་། ཁོང་ཚོས་རྩ་དོན་འདིར་བསྒྱུར་བཅོས་གཏང་དགོས་ཚེ་རྩ་ཁྲིམས་བསྐྱར་བཅོས་སམ་ཆེས་མཐོའི་ཁྲིམས་ཁང་གི་ཐག་གཅོད་དགོས་པར་འདོད།
སྲིད་འཛིན་ཊམ་གྱིས་སྲིད་ཇུས་འདིས་ཨ་རིའི་མི་སེར་མིན་པའི་ཕྲུ་གུར་རང་བཞིན་གྱིས་མི་སེར་ཐོབ་ཐང་སྤྲོད་པ་བརྒྱུད་ནས་ཁྱབ་འདོམས་ལྷོད་ཡངས་ཀྱིས་ཁྲིམས་འགལ་གྱི་གནས་སྤོ་ཡུལ་མིར་ཆུ་ངན་ལམ་ཤོར་གྱི་སྐུལ་མ་བྱེད་ཀྱི་ཡོད་པར་མ་ཟད། ཁོང་གིས་འདི་ནི་ཁུར་མེད་བསྐྱུར་འཇོག་མི་རུང་བའི་ཕྱི་མི་གནས་སྤོའི་ཁྲིམས་ལུགས་ཀྱི་སྐྱོན་ཆ་ཞིག་ཡིན་པར་འདོད་ཅིང་། བཀོད་ཁྱབ་དེ་ནི་སྟོང་གཅོད་ཅིག་མིན་པར་རྩ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཨང་ ༡༤ པའི་དགོངས་དོན་ལ་ད་ལྟའི་འགྲེལ་བཤད་རྒྱག་སྟངས་དེ་ནོར་འཁྲུལ་ཡིན་པ་དང་། དེས་ཨ་རིའི་མི་སེར་མ་ཡིན་པ་དང་། ཡིག་ཆ་མེད་མཁན་གྱི་ཕ་མ་ཚོའི་ཕྲུ་གུར་རང་བཞིན་གྱིས་མི་སེར་ཐོབ་ཐང་སྤྲོད་ཀྱི་ཡོད་པར་འདོད་ཀྱི་ཡོད་པ་རེད།
ལྷན་སྐྱེས་མི་སེར་ཐོབ་ཐང་ལ་ཤུགས་རྐྱེན་ཆེན་པོ་ལྡན་ཞིང་། འདིས་ཨ་རིའི་མི་འབོར་གྱི་སྒྲོམ་གཞི་གྲུབ་པར་གྲོགས་དན་བྱེད་ཅིང་། ཨ་རིའི་ས་ཐོག་ཏུ་སྐྱེས་པའི་མི་ས་ཡ་མང་པོར་ཨ་རིའི་མི་སེར་གྱི་ཐོབ་ཐང་སྤྲད་ཡོད་པར། སྨན་ཁང་ཁག་གིས་ནམ་རྒྱུན་ཕ་མ་ཚོར་ཁྲིམས་མཐུན་ཡིག་ཆ་བསྟན་དགོས་པའི་རེ་འདུན་འདོན་སྲོལ་མེད་པ་དང་། དེ་ཙམ་དུ་མ་ཟད། ཡུལ་གོམས་གཤིས་ལུགས་དང་སྒེར་གྱི་འདམ་ག་བཅས་ལས་ཕྲུ་གུ་སྨན་ཁང་གི་ཕྱི་ལོགས་སུ་སྐྱེ་མཁན་ཡང་མང་པོ་ཡོད་པས་གྲངས་ཀ་ཐིག་ཁག་པོ་ཡིན་པ་རེད།
དེར་སྐྱོན་བརྗོད་བྱེད་མཁན་ཚོས་ལྷན་སྐྱེས་མི་སེར་ཐོབ་ཐང་མེད་པར་བཏང་ཚེ། ཕྲུ་གུ་ཚོར་རྒྱལ་ཁོངས་ཡིག་ཆ་མེད་པའི་དཀའ་འཕྲད་དེ། ཁོང་ཚོའི་འཕྲལ་ཕུགས་བདེ་རྩ་སྟེ། ཤེས་རིག་སློབ་གསོ་དང་འཕྲོད་བསྟེན་སྨན་བཅོས་སོགས་གཞི་རྩའི་ཐོབ་ཐང་མེད་པར་ཆགས་སྲིད་པའི་ཉེན་བརྡ་བཏང་ཡོད་པ་དང་། རྩ་བའི་ཆ་ནས་རྩོད་གླེང་འདི་བཞིན་ད་ཆ་ཕྱི་མི་གནས་སྤོ་བའི་གནད་དོན་ལས་བརྒལ་ཏེ། སུ་ཞིག་ཨ་རིའི་མི་སེར་ཆགས་ཆོག་མིན་དང་། ཐག་གཅོད་དེ་བཞིན་ཆོག་པར་ཁུངས་ལྡན་ཡིན་མིན་དང་ཁུངས་བཅོལ་ཡིག་ཆའི་རྒྱབ་རྟེན་ཇི་ཡིན་གྱི་རྩོད་པ་ཞིག་སློང་བཞིན་པ་རེད།
གླེང་སྟེགས།