ངོ་འཕྲད་བདེ་བའི་དྲ་འབྲེལ།

 
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ནང་ཁུལ་ལམ་སྟོན་ཡིག་ཆའི་ནང་རྒྱ་ནག་དམར་ཤོག་ཚོགས་པ་དང་རྒྱ་ནག་མི་དམངས་དབར་དབྱེ་བ་གསལ་པོར་ཕྱེ་བ།
གཟའ་ཉི་མ། ༢༠༢༥/༠༤/༡༣

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ནང་ཁུལ་ལམ་སྟོན་ཡིག་ཆའི་ནང་རྒྱ་ནག་དམར་ཤོག་ཚོགས་པ་དང་རྒྱ་ནག་མི་དམངས་དབར་དབྱེ་བ་གསལ་པོར་ཕྱེ་བ།


ཚོང་ཁང་ཞིག་ཏུ་ཨ་རི་དང་རྒྱ་ནག་དམར་ཤོག་ཚོགས་པའི་དར་ཆ་གཉིས་བཤམས་སྟོན་བྱས་ཡོད་པ།
ཚོང་ཁང་ཞིག་ཏུ་ཨ་རི་དང་རྒྱ་ནག་དམར་ཤོག་ཚོགས་པའི་དར་ཆ་གཉིས་བཤམས་སྟོན་བྱས་ཡོད་པ།

ཨ་རིའི་རླུང་འཕྲིན་ཁང་ལ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ནང་ཁུལ་གྱི་ཡིག་ཆ་ཞིག་རྙེད་སོན་བྱུང་བ་ལྟར་ན། ཨ་རིས་རྒྱ་ནག་དམར་ཤོག་ཚོགས་པ་དང་རྒྱ་ནག་མི་དམངས་གཉིས་དབར་དབྱེ་བ་གསལ་པོ་ཕྱེ་སྟེ། ཨ་རིའི་གཞུང་གིས་པེ་ཅིང་གཞུང་ཉིད་འཐབ་ཇུས་ཀྱི་འགྲན་ཟླར་ངོས་འཛིན་བྱས་པ་ལས། རྒྱ་ཆེའི་མང་ཚོགས་རྣམས་མིན་པའི་མདོ་དོན་སྙིང་པོ་གསལ་སྟོན་བྱས་འདུག།

བྱེད་བབ་དེ་བཞིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱི་གཞུང་འཛིན་སྐབས་དང་པོའི་མཇུག་ལ། མངོན་གསལ་དོད་པོས་ཡོངས་བསྒྲགས་བྱས་པའི་བརྡ་ལན་དང་གཞི་རྩའི་ཆ་ནས་རྩེ་མཐུན་ཡིན་པ་རེད།

ཉེ་ཆར་བཏོན་པའི་རྒྱ་ནག་དང་འབྲེལ་བའི་ཐ་སྙད་ཀྱི་ལམ་སྟོན་ཡིག་ཆ་དེ་ཉིད་ལས། ཕྱི་སྲིད་དྲུང་ཆེ་མར་ཀོ་རུ་བྷི་ཨོ་Marco Rubio ཡིས་ཨ་རིའི་གཞུང་ཚབ་ཁང་དང་དོན་གཅོད་ཁང་གི་ལས་བྱེད་ཚོར། ཁྱད་གཞི་དང་ཁྱད་ཆོས་བརྗོད་པའི་ཚིག་གཉིས་ཀྱི་ཁོངས་ནས་སྐབས་འདིར་ཁྱད་ཆོས་བརྗོད་པའི་ཚིག་Chinese ཞེས་པ་རྒྱ་ནག་གི་དང་རྒྱ་མིའི་ཞེས་པའི་མིང་ཚིག་འདི་བཞིན་བེད་སྤྱོད་བྱེད་སྐབས། སྒྲ་ཡངས་འཇུག་གི་སྐབས་བབ་ཀྱི་ཆ་ནས་རྒྱ་ནག་མི་དམངས་སྤྱི་ཡོངས་སམ། རྒྱ་ནག་གི་རིག་གཞུང་དང་། ཡང་ན་རྒྱ་ནག་གི་སྐད་ཡིག་བཅས་ལ་མཐོང་ཚུལ་ངན་པའི་གོ་བ་ལོག་སྒྲུབ་ཡོང་སྲིད་པས། དེ་ལས་ཞིབ་ཆ་ཆེ་བའི་སྤྲོས་བརྗོད་ཀྱི་ཐ་སྙད་བེད་སྤྱོད་གཏོང་དགོས་པར་མ་ཟད། Chinese ཞེས་པའི་ཚིག་འདི་བེད་སྤྱོད་གཏོང་ཐལ་མེད་པའི་ལམ་སྟོན་གནང་ཡོད་འདུག།

ལམ་སྟོན་གསལ་ཤོས་འདི་དག་མ་ཕེབས་པའི་སྔོན་དུ། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲ་ཚིགས་སུ་རྒྱ་ནག་གཞུང་གླེང་སྐབས། People’s Republic of China (རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ) ཅེས་པའི་བརྗོད་སྟངས་དེ་བསུབས་ཡོད་པ་དང་། ད་ལྟའི་དངོས་དོན་མཚོན་པའི་ཐོ་གཞུང་ཁོངས་སུ་རྒྱལ་ཁབ་དེ་ཉིད་ལ་China (རྒྱ་ནག)ཅེས་སྟབས་བདེ་ཙམ་གྱིས་འབོད་ནས་འཐུས་པར་བྱས་ཡོད་པ་རེད།

ནང་ཁུལ་ཡིག་ཆ་དེས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཡོངས་གྲགས་ཀྱི་གཏམ་བཤད་དང་། གསར་འགོད་གསལ་བསྒྲགས་ནང་གཞུང་དོན་གླེང་སྐབས། CCP (རྒྱ་ནག་དམར་ཤོག་ཚོགས་པ) ཞེས་པའི་ཐ་སྙད་བེད་སྤྱོད་བྱེད་དགོས་པའི་ལམ་སྟོན་བྱས་ཡོད་ཅིང་། དེ་ནི་རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་ནག་གི་ཆབ་སྲིད་དང་། དཔལ་འབྱོར། དམག་དོན། དེ་བཞིན་ཐག་གཅོད་རིགས་མང་པོའི་ཐོག་ལ་མཐའ་མའི་ཐག་གཅོད་ཀྱི་དབང་ཆ་ཡོད་པར་ངོས་འཛིན་བྱས་པ་ཞིག་ཡིན་པ་རེད།

དེ་ལྟ་ནའང་། ཟིན་བྲིས་འདི་ཉིད་ལས་གསལ་བ་ལྟར་ན། རྒྱ་ནག་གི་ངན་སྤྱོད་བརྗོད་སྐབས། ཡིག་ཆ་དེས་ Chinese ཞེས་ཁྱད་ཆོས་བརྗོད་པའི་ཚིག་ཏུ་བེད་སྤྱོད་གཏོང་རྒྱུ་མེད་པའི་ལམ་སྟོན་བྱས་ཡོད་ཅིང་། དེ་ནི་ཨ་རིའི་གཞུང་གིས་རྒྱ་ནག་གི་ངན་སྤྱོད་བགྲང་བའི་ཚེ་དེ་དག་རྒྱ་ནག་མི་དམངས་ལ་བརྗོད་ཀྱི་ཡོད་པ་ལྟ་བུའི་སེམས་ཚོར་གོ་འཛོལ་ཅན་མི་ཡོང་ཕྱིར་ཡིན་པ་རེད།

ཡིག་ཆ་དེའི་ནང་ད་དུང་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་གི་འདུ་ཤེས་འཛིན་སྟངས་མཚོན་པའི་ཚིག་སྦྱོར་སྤང་དགོས་པའི་བླང་བྱ་ཡང་བཏོན་འདུག།

ལམ་སྟོན་འདིར་གཞིགས་ན། ཞི་ཅིན་ཕིང་ལ་ President (སྲིད་འཛིན་དང་། རྒྱལ་ཁབ་ཀྱི་གཙོ་འཛིན་)ཞེས་འབོད་མི་རུང་བར། དམར་ཤོག་ཚོགས་པའི་General Secretary(སྤྱི་ཁྱབ་དྲུང་ཆེ)ཞེས་འབོད་དགོས་འདུག། དེས་རྒྱ་ནག་ཏུ་རྒྱ་ནག་དམར་ཤོག་ཚོགས་པ་ནི་རྒྱ་ནག་གཞུང་ལས་གལ་ཆེ་བ་ཡིན་པའི་དངོས་ཡོད་གནས་བབ་མཚོན་གྱི་ཡོད་ཅིང་། བྱེད་སྟངས་དེ་ནི་དེ་སྔོན་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་མའེ་ཁི་ཕོམ་ཕེ་ཨོ་Mike Pompeo ཡི་བྱེད་སྟངས་དང་ཧ་ལམ་གཅིག་མཚུངས་ཡིན་པ་རེད།

ཨ་རིའི་ཕྱི་སྲིད་དྲུང་ཆེ་མར་ཀོ་རུ་བྷི་ཨོ་མཆོག།
ཨ་རིའི་ཕྱི་སྲིད་དྲུང་ཆེ་མར་ཀོ་རུ་བྷི་ཨོ་མཆོག།

ནང་ཁུལ་ལམ་སྟོན་ཡིག་ཆ་དེའི་ནང་། མར་ཀོ་རུ་བྷི་ཨོ་ཡིས་ཕྱི་སྲིད་ལས་ཁུངས་ཀྱི་ཨ་རིས་རྒྱ་ནག་ཐོག་འཛིན་པའི་སྲིད་ཇུས་སྐོར་གྱི་དངོས་དོན་ཐོ་གཞུང་ནང་གི་ནན་བརྗོད་ལ་བསྐྱར་ཞིབ་བྱས་ཡོད་པ་དེ་ནི། ཨ་རིས་རྒྱ་ནག་དང་འབྲེལ་ལམ་འཛུགས་སྐབས་ཁེ་གུན་ཁོངས་འཐུས་སུ་"འདྲ་མཉམ་དང་དྲང་བདེན"གྱི་རྩ་དོན་ལྟར་ཐག་གཅོད་བྱ་རྒྱུ་ཡིན་པ་འཁོད་འདུག།

དེ་མིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་དེ་སྔོན་སྲིད་འཛིན་ཇཱོ་བྷ་ཌན་Joe Biden གཞུང་འཛིན་སྐབས་ཀྱི་ཐ་སྙད་དེ། དཔེར་ན། མ་རྩ་འཛུགས་འཇོག་དང་། མཉམ་སྒྲིག། འགྲན་རྩོད། འགན་འཁྲི་དང་ལྡན་པའི་སྒོ་ནས་དོ་དམ་བྱ་རྒྱུ་ཞེས་སོགས་ལྟ་བུའི་ཚིག་སྦྱོར་རྣམས་བེད་སྤྱོད་གཏོང་མཚམས་འཇོག་རྒྱུ་ཡིན་པ་རེད།

པེ་ཅིང་དུ་རྒྱ་ནག་གི་དམར་ཤོག་དཔོན་རིགས་ཚོས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་དངོས་དོན་ཐོ་གཞུང་གི་ཚིག་སྦྱོར་ལ་བཟོ་བཅོས་བཏང་བར་མི་འདོད་པའི་རྣམ་འགྱུར་དང་། ངོ་རྒོལ་གྱི་རྣམ་པ་ཤུགས་ཆེ་བསྟན་ཏེ། རྒྱ་ནག་དང་ཨ་རིའི་དབར་གྱི་འཐབ་ཇུས་ཐོག་གི་འགྲན་རྩོད་ཅེས་པའི་ཨ་རིའི་སྐད་ཅོར་ཞེས་བསྙད་དེ་སྐྱོན་བརྗོད་ཤུགས་ཆེ་བྱས་འདུག།

རེས་གཟའ་ཟླ་བའི་ཉིན། རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ལིན་ཅཱན་གྱིས་འཆར་ཅན་གསར་འགོད་གསལ་བསྒྲགས་ལས། རུ་བྷི་ཨོས་ཉེ་ལམ་བརྒྱུད་ལམ་ཁག་གི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་པའི་སྐད་ཆའི་རྗེས་སུ། རྒྱ་ནག་གིས་ཨ་རིར་དེ་དོན་སྐད་ཆ་ནན་མོ་བཤད་ཟིན་པ་ཡིན། པེ་ཅིང་གི་ངོས་ནས་གླེང་མོལ་དེ་དག་ནི་གྲང་དམག་དུས་སྐབས་ཀྱི་བསམ་བློ་གཏོང་སྟངས་ཀྱིས་ཁེངས་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། ཅེས་བརྗོད་འདུག།

ཝ་ཤིང་ཊོན་དུ་དབྱེ་ཞིབ་པ་ཚོས་ཕྱི་སྲིད་ལས་ཁུངས་ཀྱིས་གང་གི་དྲ་ཚིགས་སུ་སྲིད་ཇུས་འགྲེལ་བརྗོད་ཐད་འགྱུར་བ་གཏོང་བ་དེ་ནི། ཧ་ལས་ཧང་སངས་དགོས་པའི་དོན་ཞིག་མིན་པར། སྲིད་གཞུང་གསར་པ་ཞིག་སླེབས་རིམ་བཞིན་འདི་ལྟ་བུའི་གནས་ཚུལ་རྒྱུན་དུ་འབྱུང་གིན་ཡོད་པ་རེད། ཅེས་བརྗོད་འདུག།

ཝ་ཤིང་ཊོན་དུ་རྟེན་གཞི་བྱས་ཡོད་པའི་འཐབ་ཇུས་དང་རྒྱལ་སྤྱིའི་ཞིབ་འཇུག་ལྟེ་གནས་ཀྱི་རྒྱ་ནག་ནུས་སྟོབས་ལས་གཞིའི་འགན་འཛིན་གཞོན་པ་བྷི་རེན་ཧར་ཊི་ Brian Hart ལགས་ཀྱིས་ང་ཚོས་ད་ཆ་ཊམ་སྲིད་གཞུང་གིས་མཐར་གཏུགས་ན་རྒྱ་ནག་དང་འབྲེལ་བའི་ཁྱབ་རྒྱ་ཆེ་བའི་འཐབ་ཇུས་འཆར་གཞི་ཇི་ལྟར་གཏན་འབེབས་བྱེད་མིན་ལ་ལྟ་བཞིན་པ་ཡིན། ཞེས་གསུངས་འདུག། འོན་ཀྱང་། ཉམས་ཞིབ་ཁང་དེས་རེས་གཟའ་ཟླ་བའི་ཉིན་བགྲོ་གླེང་ཞིག་ཚུགས་པའི་སྐབས་ལ། བྷི་རེན་ཧར་ཊི་ལགས་ཀྱིས་སྲིད་གཞུང་བརྗེ་པོ་བརྒྱབ་པའི་སྐབས་སུ་གཞུང་འབྲེལ་དྲ་ཚིགས་གསར་བཅོས་བྱེད་པ་ནི་རྒྱུན་ལྡན་སྣང་ཚུལ་ཞིག་ཡིན་སྐོར་གླེང་སློང་གནང་འདུག།

གླེང་སྟེགས།

XS
SM
MD
LG