ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༩/༡༧

ཨ་རིའི་སྲིད་འཛིན་འོས་བསྡུའི་བརྒྱུད་རིམ་ནས་མི་ཁོངས་རྒྱ་གར་ཡིན་པ་ཚོ་བློ་བསྐྱེད་ཆེ་རུ་འགྲོ་བཞིན་པ།


ཨ་རིའི་སྲིད་འཛིན་སྐུ་གཞོན་ལྕམ་ཀ་མ་ལ་ཧེ་རི་སི་མང་གཙོ་ཚོགས་ཁོངས་ཀྱི་སྲིད་འཛིན་གྱི་འོས་མི་
ཨ་རིའི་སྲིད་འཛིན་སྐུ་གཞོན་ལྕམ་ཀ་མ་ལ་ཧེ་རི་སི་མང་གཙོ་ཚོགས་ཁོངས་ཀྱི་སྲིད་འཛིན་གྱི་འོས་མི་

ཨ་རི་སྲིད་འཛིན་གྱི་འོས་བསྡུ་ནས་ཨ་རིའི་ནང་མི་ཁོངས་རྒྱ་གར་ནས་ཡིན་པ་ཚོར་སྤྱི་ཚོགས་ནང་སྙིང་སྟོབས་དང་བློ་བསྐྱེད་ཆེ་རུ་འགྲོ་ཡི་ཡོད་ཅིང་། དེ་ཡང་ཨ་རིའི་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བའི་ནང་ཨ་རིའི་སྲིད་འཛིན་སྐུ་གཞོན་ལྕམ་ཀ་མ་ལ་ཧེ་རི་སི་མང་གཙོ་ཚོགས་ཁོངས་ཀྱི་སྲིད་འཛིན་གྱི་འོས་མིར་འདེམས་བསྐོ་བྱ་རྒྱུར་ཚོགས་པའི་གནད་ཡོད་མི་སྣ་མང་པོས་རྒྱབ་སྐྱོར་བྱས་ཏེ་སྲིད་འཛིན་འོས་མི་ཆགས་ངེས་པར་བརྟེན་ཨ་རིའི་ནང་མི་འབོར་འཕེལ་རྒྱས་ ཧ་ཅང་མྱུར་པོ་འགྲོ་བཞིན་པ་རྒྱ་གར་གྱི་མི་ཁོངས་ཀྱི་སྤྱི་ཚོགས་ཁྲོད་དགའ་འཚོར་དང་བློ་སྐྱེད་ཆེ་རུ་འགྲོ་ཡི་ཡོད་རེད་ཅེས་འགྲེལ་བརྗོད་བྱས་འདུག

ཨ་རིའི་སྲིད་འཛིན་ཇོ་བྷའི་ཌན་གྱིས་མང་གཙོ་ཚོགས་ཁོངས་ཀྱི་སྲིད་འཛིན་འོས་མི་ནས་ཕྱིར་འཐེན་གནང་རྗེས་ཕ་ཇཱ་མེ་ཁ་མཚོ་གླིང་གི་མི་རིགས་ནག་པོ་དང་ མ་རྒྱ་གར་བ་ཡིན་པའི་བོུ་ཀ་མ་ལ་ ཧེ་རི་སི་ཨ་རིའི་ནང་བུད་ཀྱི་སྲིད་འཛིན་འོས་མི་ཆགས་ལ་ཉེ་བ་གྱུར་ཡོད་པ་དང་། དེ་ནི་ཨ་རིའི་ལོ་རྒྱུས་ནང་མི་རིགས་ནག་པོ་དང་ཨེ་ཤ་ཡའི་མི་རིགས་གཅིག་སྲིད་འཛིན་འོས་མི་ཆགས་པ་དང་པོ་ཡིན་ཅིང་། རྒྱ་གར་གྱི་མི་ཁོངས་ཡིན་པའི་ཨ་རི་བ་ཚོའི་ཆབ་སྲིད་ལངས་ཕྱོགས་ཇི་ཡིན་ལ་མ་ལྟོས་པར་རྒྱ་གར་མི་ཁོངས་ཨ་རི་བ་ཚོས་མི་རིགས་གཅིག་པའི་མི་སྣ་གྲགས་ཅན་འགའ་ཤས་གཟེངས་སུ་ཐོན་པ་བྱུང་ཡོད། དེའི་ཁོངས་སྤྱི་མཐུན་ཚོགས་ཁོངས་ཀྱི་སྲིད་འཛིན་སྐུ་གཞོན་གྱི་འོས་མི་ཇེ་ཌི་ཝེན་སིའི་སྐུ་ཟླ་ཨུ་ཤ་ཝེན་སི་དང་ལྕམ་ནི་ཀི་ཧེལ། དེ་བཞིན་ཝི་ཝེག་ ར་མ་ས་ཝཱ་མི་བཅས་ཐོན་པར་དགའ་འཚོར་དང་སྤོབས་པ་ཆེན་པོ་བྱེད་ཀྱི་ཡོད། ད་ལྟའི་ཆར་རྒྱ་གར་མི་ཁོངས་ཡིན་མཁན་མི་ས་ཡ་༥ཙམ་ཨ་རིའི་ནང་གནས་སྡོད་བྱེད་ཀྱི་ཡོད་པ་དང་། དེ་ནི་མེག་སི་ཀོའི་རྗེས་ཨ་རིའི་ནང་ཕྱི་མི་གཞིས་ཆགས་བྱེད་མཁན་གྱི་གྲངས་འབོར་མང་ཤོས་དེ་ཆགས་ཡོད།

ཕྱི་ལོ་༡༩༩༠གོ་གྲངས་ཀྱི་ལོ་སྟོད་ནས་བཟུང་ཨ་རིའི་ནང་ཕྱི་མི་གཞིས་སྤོས་བྱེད་མཁན་ཁོངས་ནས་འཕེལ་རྒྱས་མྱུར་ཤོས་ནི་མི་ཁོངས་རྒྱ་གར་བ་ཚོ་ཆགས་ཡོད། རྒྱ་གར་བ་ཚོས་ཨེ་ཤི་ཡའི་མི་རིགས་ཀྱི་སྤྱི་ཚོགས་གཞན་ལས་མང་གཙོ་ཚོགས་པར་འོས་ཤོག་འཕེན་མཁན་མང་བ་བྱུང་ཡོད་ཅིང་། ཚོད་དཔག་བྱས་ན་རྒྱ་གར་བ་མི་འབོར་བརྒྱ་ཆ་༢༠ཙམ་གྱིས་སྤྱི་མཐུན་ཚོགས་པའི་འོས་མིར་འོས་ཤོག་འཕེན་གྱི་ཡོད་པ་གསལ་བཏོན་བྱས་འདུག ཡང་དེ་སྔ་ཕྱི་ལོ་༢༠༡༩ལོར་ཊེག་ས་སིའི་མངའ་སྡེ་གྲོང་ཁྱེར་ཧུ་སི་ཊོན་དུ་མང་ཚོགས་ཁྲི་ལྔ་ལྷག་ཙམ་འདུ་འཛོམས་བྱ་ཡུལ་ཞིག་ཏུ་སྤྱི་མཐུན་ཚོགས་པའི་སྲིད་འཛིན་གྱི་འོས་མི་སྲིད་འཛིན་ཟུར་པ་ཌོ་ནོལ་ཀྲམ་སྐབས་དེར་སྲིད་འཛིན་ཡིན་པའི་སྐབས་རྒྱ་གར་གྱི་སྲིད་བློན་ན་རིན་དྷ་ར་མོ་དྷི་མང་ཚོགས་ཁྲོད་མགྲོན་འབོད་བྱས་ནས་མོ་དྷི་ནི་ཨ་རིའི་གྲོགས་པོ་བློ་ཐུབ་གཅིག་ཡིན་ལུགས་གསུངས་པར་བརྟེན་རྒྱ་གར་བ་ཨ་རིའི་ཡུལ་མི་མང་པོ་ཞིག་གིས་སྲིད་འཛིན་ཟུར་པ་ཌོ་ནོལ་ཀྲམ་ལ་རྒྱབ་སྐྱོར་བྱས་ཡོད་ལུགས་སྤྱི་མཐུན་ཚོགས་པར་རྒྱབ་སྐྱོར་བྱེད་མཁན་ནིའུ་ཇར་སིའི་མངའ་སྡེའི་ནང་གནས་སྡོད་བྱེད་མཁན་རྒྱ་གར་བ་པེན་ཌི་ཡ་ པ་ཊེལ་གྱིས་བརྗོད་འདུག

ཨེ་ཤི་ཡའི་མི་རིགས་ཚོས་ཨ་རིའི་ཆབ་སྲིད་ཚོགས་པ་གང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་མེད་ཀྱི་བསམ་ཚུལ་བསྡུ་ལེན་བྱས་པའི་ནང་ཕྱི་ལོ་༢༠༢༠ལོར་མང་གཙོ་ཚོགས་པར་རྒྱབ་སྐྱོར་བྱེད་མཁན་རྒྱ་གར་བ་མི་འབོར་བརྒྱ་ཆ་༥༤ཙམ་བྱུང་ཡོད་ནའང་། ཕྱི་ལོ་༢༠༢༤ལོར་མང་གཙོ་ཚོགས་པར་རྒྱབ་སྐྱོར་བྱེད་མཁན་གྱི་གྲངས་འབོར་མར་ཆག་ནས་ད་ལྟ་རྒྱབ་སྐྱོར་བྱེད་མཁན་བརྒྱ་ཆ་༤༧ཙམ་ཡོད་པ་གསལ་བཏོན་བྱས་འདུག དེ་བཞིན་སྤྱི་མཐུན་ཚོགས་པར་ཕྱི་ལོ་༢༠༢༠ཐམ་པའི་ལོར་རྒྱབ་སྐྱོར་བྱེད་མཁན་རྒྱ་གར་བ་བརྒྱ་ཆ་༡༦ཙམ་བྱུང་ཡོད་པ་ནས་ད་ཆ་ཡར་འཕར་ནས་བརྒྱ་ཆ་༢༡ཆགས་ཡོད་པ་གསལ་སྐོར་བཤད་འདུག

ཨ་རི་རླུང་འཕྲིན་ཁང་གི་གསར་ཁང་ནས་བཏུས།

གསར་འགོད་པ། ཀུན་བཟང་སྒྲོལ་མ་ཡིན།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG