ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

བོད་མི་མང་སྤྱི་འཐུས་ཀྱི་དམ་འབུལ་དཀའ་རྙོག་ལ་ཨ་རིས་བློ་འཚབ།


༄༅།། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་ཚན་པའི་དྲུང་ཆེའི་ཕྱག་རོགས་ལས་ཚབ་ལི་ས་ཕི་ཊར་སན་གྱིས་ཕྱི་ཟླ་བརྒྱད་པའི་ཚེས་༢་ཉིན་ཚོགས་དྲུང་ལས་ཁུངས་ཀྱི་དྲུང་ཡིག་ཆེན་མོ་ཚེ་དབང་དངོས་གྲུབ་ཀྱི་མཚན་ཐོག་ཏུ་ཕྱག་བྲིས་ཤིག་ཕུལ་ཡོད་ཅིང་། ཕྱག་བྲིས་དེར་བོད་མི་མང་སྤྱི་འཐུས་ཚོའི་དམ་འབུལ་ཞུ་སྟངས་ཀྱི་དཀའ་རྙོག་ལ་བློ་འཚབ་ཡོད་ཅེས་བཀོད། ཕྱི་ཚེས་༢༤་ཉིན་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཕྱག་བྲིས་དེ་ཁྱབ་ཡོད་པས་གསར་འགོད་པས་དངོས་བདེན་ཡིན་མིན་འདྲི་རྩད་བྱས་ནས་ཚོགས་དྲུང་ཚེ་དབང་དངོས་གྲུབ་ལ་རྩད་གཅོད་ཞུས། ཁོང་གིས་ཕྱག་བྲིས་དེ་ཚོགས་དྲུང་ལས་ཁུངས་སུ་འབྱོར་བྱུང་། ང་ཉེ་དུས་ཉིན་ཤས་རིང་དགོངས་ཞུས་ནས་ཁ་སང་ལས་བཅར་ཞུས་པ་ཡིན། དེ་རིང་འབྲེལ་ཡོད་འདེམས་ཐོན་སྤྱི་འཐུས་ཚོར་ཕུལ་ཟིན་ཞེས་འགྲེལ་བརྗོད་གནང་འདུག

ཕྱི་ཟླ་བརྒྱད་པའི་ཚེས་༢་ཉིན་འཁོད་པའི་ལི་ས་ཕི་ཊར་སན་གྱི་ཕྱག་བྲིས་དེར་ད་ལོ་ནད་ཡམས་དང་དཀའ་ངལ་གཞན་པ་མང་དག་ཅིག་ཡོད་ཀྱང་བོད་པ་བཙན་བྱོལ་བ་ཚོ་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོར་མཉམ་ཞུགས་ཀྱིས་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་རྣམས་འདེམས་ཐོན་བྱུང་བར་བསྔགས་བརྗོད་ཞུ། བོད་མིའི་སྒྲིག་འཛུགས་ཀྱིས་འཛམ་གླིང་གི་ས་ཕྱོགས་གང་སར་ཁྱབ་པའི་བོད་པ་བཙན་བྱོལ་བའི་བདེ་སྡུག་ལ་གཟིགས་རྟོག་གནང་རྒྱུ་གལ་ཆེན་ཡིན་པ་ཇི་བཞིན་དམངས་གཙོའི་ལམ་ལུགས་དང་མཐུན་པའི་འཛིན་སྐྱོང་དང་ཁྲིམས་ལུགས་དབང་འཛིན་གྱི་སྒྲིག་འཛུགས་ཤིག་སྐྱོང་ཐུབ་པ་དགོས་རྒྱུ་ཡང་ཧ་ཅང་གནད་འགག་ཆེ། ཨ་རིའི་གཞུང་ནི་ཁ་ཞེ་གཉིས་མེད་ཀྱི་བོད་མིའི་སྒྲིག་འཛུགས་ཀྱི་ཟླ་གྲོགས་ཤིག་ཡིན་པས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་མཐའ་དག་འགྲུབ་ཐབས་སུ་ཕྱོགས་ཡོངས་ནས་མུ་མཐུད་དེ་རྒྱབ་སྐྱོར་གང་ཐུབ་ཞུ་རྒྱུ་ཡིན། འདེམས་ཐོན་སྤྱི་འཐུས་ཚོས་དམ་འབུལ་ཞུ་མ་ཐུབ་པར་ཡུན་རིང་ལུས་ཡོད་པར་དོ་སྣང་བྱུང་སོང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དབུ་ཁྲིད་ཚོས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ལ་སྲུང་སྐྱོབ་ཐུབ་ཐབས་དང་བོད་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་འཛམ་གླིང་ཡོངས་ལ་ཁྱབ་བསྒྲགས་ཐུབ་ཐབས། དེ་བཞིན་བོད་རང་སྐྱོང་ལྗོངས་ཁུལ་གྱི་བོད་པ་ཚོར་དོན་དམ་གྱི་རང་སྐྱོང་ཡོང་ཐབས་བཅས་ཀྱི་ཆེད་དུ་རྒྱ་ནག་གཞུང་ལ་གྲོས་མོལ་སླར་གསོ་བྱེད་ཐུབ་པའི་ངང་སྒུག་བྱེད་བཞིན་ཡོད། ཕྱི་ཟླ་དགུ་པའི་ནང་དུ་གྲོས་ཚོགས་ངེས་པར་དུ་འཚོགས་ཐུབ་པ་དགོས་པར་མ་ཟད། དུས་ཡུན་ཐུང་ཐུང་ཞིག་གི་ནང་དུ་བསྒྲུབ་དགོས་པ་མང་དག་ཅིག་ཡོད་པ་སོགས་དྲན་སྐུལ་གནང་འདུག

Acting Under Secretary of State for Civilian Security, Democracy, and Human Rights
Acting Under Secretary of State for Civilian Security, Democracy, and Human Rights

ལི་ས་ཕི་ཊར་སན་གྱི་ཕྱག་བྲིས་དེར་གྲོས་ཚོགས་ཀྱི་འགྲོ་ལུགས་དང་ལས་དོན་སྒྲུབ་ཕྱོགས་ཐད་བསམ་ཚུལ་མ་མཐུན་པའི་དཀའ་ངལ་རྣམས་དུས་ཐོག་ཏུ་མ་སེལ་བ་དང་ཁྲིམས་དང་མཐུན་པའི་སྒོ་ནས་བསྒྲུབས་མ་ཐུབ་པ་དེས་བཙན་བྱོལ་བོད་མི་ཚོ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཡིད་ཆེས་བློ་འགེལ་ཡོང་ཐབས་ལ་འགོག་རྐྱེན་འཕྲད་སྲིད། མང་ཚོགས་ཀྱིས་འོས་འདེམས་བྱས་པའི་དབུ་ཁྲིད་ཚོས་ཕན་ཚུན་བསམ་ཚུལ་མི་མཐུན་པ་རྣམས་ཟུར་དུ་བཞག་སྟེ་ཐུགས་སྣང་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ང་ཚོས་ཁྱེད་རྣམ་པའི་ལྷན་དུ་མུ་མཐུད་དེ་ཕྱག་ལས་གནང་རྒྱུར་ངང་འགུག་བྱེད་བཞིན་ཡོད་ཅེས་བཀོད་འདུག

ཨ་རིའི་རླུང་འཕྲིན་ཁང་གི་དབུས་ལས་ཁུངས་ཀྱིས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལ་བཅར་འདྲི་ཞུས་པར་ཕྱག་བྲིས་དེ་གནང་བ་བདེན་པ་རེད། ཡིན་ནའང་བཅར་འདྲིར་དང་ལན་ཞུ་རྒྱུ་སྟབས་བདེ་པོ་མི་འདུག་ཅེས་ལན་བཏབ། འདི་གའི་གསར་འགོད་པས་སྐབས་བཅུ་བདུན་པའི་འདེམས་ཐོན་སྤྱི་འཐུས་ཁག་ཅིག་ལ་ཞལ་པར་བརྒྱུད་ནས་ཕྱག་བྲིས་དེར་དགོངས་ཚུལ་ཅི་ཡོད་དྲིས། ཁོང་ཚོ་ཚང་མས་དཀའ་རྙོག་དེ་སེལ་གལ་ཆེན་པོ་ཡིན་པའི་རྣམ་པ་སྟོན་གྱི་འདུག་ཀྱང་གནད་དོན་འདིའི་ཐད་གསར་འགོད་པར་དྲི་ལན་གསལ་པོ་ཞིག་འདེབས་རྒྱུ་སྟབས་བདེ་པོ་མ་རེད་ཅེས་བཀྲལ།། ལི་ས་ཕི་ཊར་སན་ནི་༡༩༨༩་ལོ་ནས་ཨ་རིའི་ཕྱི་སྲིད་ལས་དོན་ཁོངས་སུ་ཞུགས་ཏེ་སྲི་ཞུ་བསྒྲུབས། ཁོང་གིས་ཨ་རིའི་གཞུང་ཚབ་ཁང་མང་པོའི་ནང་དུ་ཕྱག་ལས་གནང་མྱོང་ཡོད་པ་དང་ལས་གནས་ཀྱང་མང་དག་ཅིག་བཟུང་མྱོང་ཡོད་ཅིང་། ཕྱི་ལོ་༢༠༢༠་ལོའི་ཕྱི་ཟླ་༡༢་པར་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་ཚན་པའི་དྲུང་ཆེའི་ཕྱག་རོགས་གཞོན་པར་བསྐོས། ལོ་འདིའི་ཕྱི་ཟླ་དང་པོ་ནས་དྲུང་ཆེའི་ཕྱག་རོགས་ལས་ཚབ་ཀྱི་ཐུགས་འགན་བཞེས་བཞིན་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

XS
SM
MD
LG