ངོ་འཕྲད་བདེ་བའི་དྲ་འབྲེལ།

 
ཨ་རིའི་དམིཊ་བསལ་སྐུ་ཚབ་དང་ཡུཀ་རེན་སྲིད་འཛིན་གཉིས་ཐུག་འཕྲད་བྱུང་།
གཟའ་ཉི་མ། ༢༠༢༥/༠༤/༡༣

ཨ་རིའི་དམིཊ་བསལ་སྐུ་ཚབ་དང་ཡུཀ་རེན་སྲིད་འཛིན་གཉིས་ཐུག་འཕྲད་བྱུང་།


ཨ་རི་དང་ར་ཤི་ཡའི་གྲོས་མོལ།
ཨ་རི་དང་ར་ཤི་ཡའི་གྲོས་མོལ།

༄༅།། སྲིད་འཛིན་ཊམ་གྱིས་བསྐོས་པའི་ཡུཀ་རེན་གྱི་དམིགས་བསལ་སྐུ་ཚབ་ཁེ་ལཱོག་རྒྱལ་ས་ཀིབ་ལ་ཕེབས་ནས་སྲིད་འཛིན་ཛེ་ལན་སི་ཀིར་ཐུག་འཕྲད་བྱས་ནས་ལོ་གསུམ་འཁོར་ལ་ཉེ་བའི་ཡུཀ་རེན་གྱི་དམག་འཁྲུག་མཇུག་སྒྲིལ་ཇི་ལྟར་བྱ་དགོས་མིན་བསམ་ཚུལ་མཉན་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༢་པའི་ཚེས་༡༩་ཉིན་རོ་ཡེ་ཊར་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་གཟའ་མིག་དམར་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་རྒྱལ་སྲུང་སློབ་སྟོན་པ། ཡུཀ་རེན་གྱི་དམིགས་བསལ་སྐུ་ཚབ་དང་ར་ཤི་ཡའི་ཕྱི་སྲིད་བློན་ཆེན། སྲིད་འཛིན་ཕུ་ཊིན་གྱི་ཕྱི་སྲིད་སློབ་སྟོན་པ་བཅས་ཀྱིས་སོ་ཌི་ཨ་རེ་བྷི་ཡའི་རྒྱལ་སར་ཡུཀ་རེན་གྱི་དམག་འཁྲུག་མཇུག་སྒྲིལ་བྱེད་ཕྱོགས་སུ་གྲོས་སྡུར་བྱས་ཤིང་། ཨ་རིའི་དམིགས་བསལ་སྐུ་ཚབ་ཁེ་ལཱོག་གིས་ང་སྲིད་འཛིན་ཛེ་ལན་སི་ཀིར་ཐུག་ན་གྲོས་མོལ་ལྷུག་པོ་ཞིག་བྱེད་ཐུབ་པའི་གོ་སྐབས་ཡོད་པ་དང་ཡུཀ་རེན་གྱི་བདེ་འཇགས་ལ་འགན་ལེན་བྱ་དགོས་པ་ཤེས་ཀྱི་ཡོད་ཅེས་བཤད་འདུག

ཡུཀ་རེན་གྱིས་ཡང་ནས་ཡང་དུ་ར་ཤི་ཡར་ཞི་བའི་གྲོས་མོལ་བྱས་ནས་དམག་འཁྲུག་མཚམས་འཇོག་བྱ་དགོས་ན་ཕྱིས་སུ་བསྐྱར་དུ་བཙན་འཛུལ་མི་འབྱུང་བ་ཨ་མི་རི་ཀས་འགན་ལེན་བྱ་དགོས་ཞེས་འབོད་སྐུལ་ཞུས། ཨ་རིའི་དམིགས་བསལ་སྐུལ་ཚབ་ཀྱིས་ངས་གནས་ཚུལ་ཚང་མ་སྲིད་འཛིན་ཊམ་ལ་སྙན་སེང་ཞུ་ཆོག ད་ཐེངས་ཡུཀ་རེན་གྱི་དམག་འཁྲུག་འདི་མཇུག་བསྡུ་བའི་ཐག་གཅོད་ཡག་པོ་ཞིག་བྱ་དགོས་ཟེར། ཐོག་མའི་འཆར་གཞི་ལྟར་ན་དེ་རིང་གཟའ་ལྷག་པའི་ཉིན་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀི་དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་སོ་ཌི་ཨ་རེ་བྷི་ཡར་བསྐྱོད་འཆར་ཡོད་མོད། འོན་ཀྱང་ཁ་སང་ཨ་རི་དང་ར་ཤི་ཡའི་སྐུ་ཚབ་ཚོས་སོ་ཌི་ཨ་རེ་བྷི་ཡར་གྲོས་མོལ་བྱས་པ་དེ་ལུགས་མཐུན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པའི་རྣམ་འགྱུར་མི་སྟོན་བའི་ཆེད་དུ་ཕྱོགས་སྐྱོད་དེ་ཕྱིར་འགྱངས་བྱས་འདུག མདང་དགོང་སྲིད་འཛིན་ཊམ་ནས་ཡུཀ་རེན་གྱིས་ར་ཤི་ཡར་འགྲིག་མཐུན་མ་བྱས་པར་དམག་འཁྲུག་ལངས་པ་རེད་ཅེས་སྐྱོན་བཙུགས།།

སྲིད་འཛིན་ཊམ་གྱིས་བསྐོས་པའི་ཡུཀ་རེན་གྱི་དམིགས་བསལ་སྐུ་ཚབ་ཁེ་ལཱོག
སྲིད་འཛིན་ཊམ་གྱིས་བསྐོས་པའི་ཡུཀ་རེན་གྱི་དམིགས་བསལ་སྐུ་ཚབ་ཁེ་ལཱོག

ཨ་རིའི་ཕྱི་སྲིད་དྲུང་ཆེ་སོགས་ལ་ཐུག་འཕྲད་གྲོས་མོལ་བྱས་པའི་སྐབས་སུ་ར་ཤི་ཡའི་ལངས་ཕྱོགས་ཇེ་མཁྲེགས་སུ་སོང་། ཁོ་ཚོས་ཡུཀ་རེན་ནུབ་ཆིངས་ཀྱི་ཁོངས་སུ་འཇུག་མི་ཆོག ནུབ་ཆིངས་ཀྱི་ཞི་བདེ་སྲུང་དམག་ཡུཀ་རེན་གྱི་ས་ཐོག་ཏུ་འགྲེམ་འཇོག་བྱེད་མི་ཆོག ཡུཀ་རེན་དམག་དཔུང་མེད་པ་དང་གཏན་དུ་བར་གནས་ཀྱི་རྒྱལ་ཁབ་ཅིག་ལ་འགྱུར་དགོས་ཞེས་སྔོན་འགྲོ་ཆ་རྐྱེན་བཞག སྲིད་འཛིན་ཊམ་གྱིས་གྲོས་མོལ་དེ་ཡག་པོ་ཡོང་གི་རེད། ཟླ་བ་འདི་མ་རྫོགས་གོང་དུ་ང་ར་ཤི་ཡའི་སྲིད་འཛིན་ཕུ་ཊིན་ལ་ཐུག་འཕྲད་བྱ་འཆར་ཡོད། ཡུཀ་རེན་གྲོས་མོལ་ཁོངས་སུ་མཉམ་ཞུགས་བྱེད་དུ་མ་བཅུག་པ་དེ་གནད་འགག་ཅིག་མིན། ཁོ་ཚོས་སྔ་མོ་ནས་གྲོས་མོལ་བྱས་ཏེ་དམག་འཁྲུག་མཚམས་འཇོག་བྱས་དགོས་པ་རེད། ངའི་སེམས་པར་ང་ལ་དམག་འཁྲུག་འདི་མཇུག་བསྒྲིལ་དུ་འཇུག་ཐུབ་པའི་ནུས་པ་ཡོད་བསམ་གྱི་ཡོད་ཅེས་བསྒྲགས། སྲིད་འཛིན་ཛེ་ལན་སི་ཀིས་ཡུཀ་རེན་གྱི་སྟེང་དུ་གྲོས་མཐུན་ཞིག་བཙན་འགེལ་བྱས་ན་ངོས་ལེན་བྱ་རྒྱུ་མིན་ཞེས་ཨ་རི་དང་ར་ཤི་ཡའི་གྲོས་མོལ་ལ་དགག་པ་བརྒྱབ།།

ཡུ་རོབ་རྒྱལ་ཁབ་ཁག་གིས་ཨ་མི་རི་ཀས་གྲོས་མོལ་འགོ་མ་བཙུགས་གོང་ནས་ཡུཀ་རེན་ནུབ་ཆིངས་ཁོངས་སུ་འཇུག་རྒྱུ་མིན་པ་དང་ཨ་རིའི་དམག་དཔུང་ཡུཀ་རེན་གྱི་བདེ་འཇགས་སྲུང་སྐྱོབ་ལ་གཏོང་གི་མིན། ཡུཀ་རེན་གྱི་བདེ་འཇགས་སྲུང་སྐྱོབ་ལ་ནུབ་ཆིངས་ཀྱི་དམག་དཔུང་གཏོང་གི་མིན། ཡུཀ་རེན་གྱི་ས་ཆ་བརྒྱ་ཆ་༢༠་ཤོར་ཚར་བ་རྣམས་ཕྱིར་འཐེན་བྱ་རྒྱུ་ཡིན་ཟེར་གྱི་ཡོད་པ་དེ་འཁྲུལ་སྣང་རེད་ཅེས་སྔོན་ནས་ར་ཤི་ཡར་གུ་བཤངས་བྱས་པ་རེད། ཡུ་རོབ་གྲོས་མོལ་ཁོངས་སུ་མཉམ་ཞུགས་བྱེད་དུ་འཇུག་དགོས་ཞེས་ལངས་ཕྱོགས་བཟུང་། གཟའ་འཁོར་འདིར་ཧྥ་རན་སིའི་སྲིད་འཛིན་གྱིས་ཡུ་རོབ་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོ་ཛ་དྲག་གི་ཚོགས་འདུར་བསྐོངས་ནས་ཡུ་རོབ་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་ཞི་བདེ་སྲུང་དམག་གཏང་དགོས་ཞེས་གྲོས་གཞི་བཏོན། ཡིན་ནའང་འཇར་མན་ཎི་དང་སི་པེན། པོ་ལན་ཌི་སོགས་ཀྱིས་དམག་དཔུང་གཏོང་རྒྱུ་མིན་ཞེས་ཡུ་རོབ་རྒྱལ་ཁབ་ཁག་བློ་ཁ་གཅིག་ཏུ་མ་མཐུན།།

ཡུ་རོབ་ཀྱི་འགོ་ཁྲིད་ཚོའི་ཛ་དྲག་ཚོགས་འདུ།
ཡུ་རོབ་ཀྱི་འགོ་ཁྲིད་ཚོའི་ཛ་དྲག་ཚོགས་འདུ།

ཁ་སང་གི་གྲོས་མོལ་སྐབས་སུ་ར་ཤི་ཡའི་གཞུང་འབྲེལ་མི་སྣ་ཚོས་གུ་བཤངས་ཅི་ཡང་བྱས་མེད་པ་དང་ཨ་རིའི་གཞུང་འབྲེལ་མི་སྣ་ཚོས་ཀྱང་ར་ཤི་ཡས་གུ་བཤངས་བྱས་བྱུང་ཞེས་གླེང་གི་མེད་ཅིང་། ཕྱི་སྲིད་བློན་ཆེན་སར་གྷེ་ལཱ་ཝ་རོབ་ཀྱིས་ཨ་རི་དང་ཡུ་རོབ་ཀྱིས་ར་ཤི་ཡར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཀལ་ཡོད་པ་རེད། ད་ཐེངས་ཀྱི་གྲོས་མོལ་རྗེས་སུ་ཉེས་ཆད་དེ་རྣམས་ཕྱིར་འཐེན་བྱ་རྒྱུའི་རེ་བ་ཆེན་པོ་ཡོད་ཅེས་བཀྲལ། ཨ་རིའི་ཕྱི་སྲིད་དྲུང་ཆེ་མར་ཀོ་རུ་བྷི་ཡོས་དཔལ་འབྱོར་དང་ཚོང་ལས་ཀྱི་ཉེས་ཆད་དེ་ཨ་རི་དང་ཡུ་རོབ་གཉིས་ཀས་བཅད་པ་རེད། ཉེས་ཆད་དེ་རྣམས་ཕྱིར་འཐེན་བྱ་དགོས་ན་ཡུ་རོབ་རྒྱལ་ཁབ་ཁག་གྲོས་མོལ་ལ་མཉམ་ཞུགས་བྱེད་དུ་འཇུག་དགོས། གལ་སྲིད་དམག་འཁྲུག་དེ་མཇུག་བསྒྲིལ་ཐུབ་ན་ཨ་རི་དང་ར་ཤི་ཡ་གཉིས་ཀྱི་དཔལ་འབྱོར་འབྲེལ་བ་སླར་གསོ་བྱེད་སྲིད་ཅེས་ལྟ་ཚུལ་བརྗོད།།

ཕྱི་ཟླ་༢་པའི་ཚེས་༡༩་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་སྲིད་འཛིན་ཊམ་ནི་ར་ཤི་ཡའི་འཁྱོག་བཤད་ཀྱི་ཀློང་དུ་ཚུད་འདུག ཨ་རིའི་གཞུང་འབྲེལ་མི་སྣ་ཚོས་ར་ཤི་ཡའི་ལས་སྣེ་ཚོར་གྲོས་མོལ་བྱེད་ཀྱི་ཡོད་པའི་རྒྱུ་རྐྱེན་ཡང་དེ་འདྲ་རེད། སྲིད་འཛིན་ཊམ་གྱི་གྲོས་མོལ་རུ་ཁག་གིས་དྲང་བདེན་བྱ་དགོས་ཞེས་ནན་གྱིས་བསྐུལ། སྲིད་འཛིན་བྷ་ཌན་གྱི་དུས་སུ་ཨ་མི་རི་ཀས་ཡུཀ་རེན་ལ་མཚོན་ཆ་དང་དཔལ་འབྱོར་རོགས་རམ། གསང་བའི་གནས་ཚུལ་མཁོ་སྤྲོད་བྱས་ནས་རྒྱབ་སྐྱོར་བྱས་ཀྱང་ཌོ་ནལ་ཊམ་གྱིས་ར་ཤི་ཡ་གྲོགས་མེད་ཁེར་རྐྱང་དུ་འཇོག་རྒྱུ་དང་ཡུཀ་རེན་ལ་རྒྱབ་སྐྱོར་བྱ་རྒྱུའི་སྲིད་ཇུས་རྣམས་དོར། ད་དུང་སྲིད་འཛིན་ཊམ་གྱིས་ཡུཀ་རེན་ལ་སྲིད་འཛིན་འོས་བསྡུ་བྱ་དགོས་ཞེས་ཕུ་ཊིན་གྱི་མངོན་འདོད་རྣམས་བསྒྲུབས། འདས་པའི་ལོ་བཅུ་ཕྲག་མང་པོར་ཨ་རི་དང་དཔུང་པ་མཉམ་གཤིབ་བྱས་པའི་ཡུ་རོབ་ཀྱི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་འབྲེལ་བ་སྡུག་ཏུ་གཏོང་བའི་སྲིད་ཇུས་ཤིག་ལག་ལེན་བསྟར།།

སྲིད་འཛིན་ཛེ་ལན་སི་ཀི།
སྲིད་འཛིན་ཛེ་ལན་སི་ཀི།

སྲིད་འཛིན་ཛེ་ལན་སི་ཀིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། ཡུཀ་རེན་གྱི་མཚོན་ཆ་བརྒྱ་ཆ་༣༤་རྒྱལ་ནང་དུ་བཟོ་སྐྲུན་བྱེད་ཀྱི་ཡོད་པ་དང་བརྒྱ་ཆ་༣༠་ཐམ་པར་ཡུ་རོབ་རྒྱལ་ཁབ་ཁག་གིས་རོགས་སྐྱོར་རེད། ཨ་མི་རི་ཀས་མཚོན་ཆ་བརྒྱ་ཆ་༤༠་ཐམ་པ་རོགས་སྐྱོར་སྤྲོད་ཀྱི་ཡོད། ཡུཀ་རེན་ལ་རག་གི་ཡོད་པའི་རོགས་སྐྱོར་བརྒྱ་ཆ་༩༠་ཐམ་པ་ཨ་མི་རི་ཀས་སྤྲད་པ་མ་རེད་ཅེས་བསྟན། ཉེ་བའི་ཟླ་ཤས་ནང་དུ་ཡུཀ་རེན་གྱི་ཤར་ཕྱོགས་སུ་ར་ཤི་ཡས་དཔུང་འཇུག་བྱས་ནས་ས་ཆ་ཁག་ཅིག་རིམ་བཞིན་ཤོར། ཨ་རིའི་དམིགས་བསལ་སྐུ་ཚབ་ཁེ་ལཱོག་གིས་ཡུཀ་རེན་གྱི་བདག་དབང་དང་རང་བཙན་ནི་གནད་འགག་ཆེན་པོ་ཡིན་པ་ང་ཚོས་ཤེས་ཀྱི་ཡོད། ངའི་ལས་འགན་དེ་མར་བསྡད་ནས་ཉན་རྒྱུ་དེ་རེད་ཅེས་བཤད། ཉམས་ཞིབ་པ་ཚོས་ར་ཤི་ཡས་གུ་བཤངས་ཅི་ཡང་མ་བྱས་པར་དམག་འཁྲུག་མཇུག་བསྒྲིལ་དགོས་ན་ཡུཀ་རེན་ལ་ཕམ་གྱོང་རག་རྒྱུ་ཉག་གཅིག་རེད་ཅེས་དཔྱད་བརྗོད་སྤེལ། སོ་ཌི་ཨ་རེ་བྷི་ཡའི་གྲོས་མོལ་སྐབས་སུ་ཨ་རི་དང་ར་ཤི་ཡ་གཉིས་ཀྱིས་སྐུ་ཚབ་ཚོགས་ཆུང་བཙུགས་ནས་འཕྲལ་དུ་དམག་འཁྲུག་མཇུག་སྒྲིལ་གྱི་གྲོས་མོལ་བྱ་རྒྱུའི་ཐག་བཅད།།

ར་ཤི་ཡའི་སྲིད་འཛིན་ཕུ་ཊིན།
ར་ཤི་ཡའི་སྲིད་འཛིན་ཕུ་ཊིན།

ཕྱི་ཟླ་༢་པའི་ཚེས་༡༩་ཉིན་ཨ་རིའི་ཨེན་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ནུབ་ཕྱོགས་རྒྱལ་ཁབ་ཁག་གི་གསང་བའི་མི་སྣ་ཁག་དང་ཨ་རིའི་གྲོས་ཚོགས་ཀྱི་ལས་སྣེ་ཚོས་ར་ཤི་ཡའི་སྲིད་འཛིན་ཕུ་ཊིན་ལ་ཞི་བའི་གྲོས་མོལ་བྱས་ནས་ཡུཀ་རེན་གྱི་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་འདོད་པ་མི་འདུག ད་ལྟའི་དུས་སྐབས་འདིར་ཕུ་ཊིན་ལ་ཞི་བའི་གྲོས་མོལ་བྱས་ནས་དམག་འཁྲུག་མཇུག་སྒྲིལ་བྱ་རྒྱུའི་འདོད་པ་སྤུ་ཙམ་མེད་པ་དང་ཁོ་པར་རྒྱལ་ཁ་ཐོབ་ཀྱི་འདུག ར་ཤི་ཡའི་དམག་མི་ཅི་ཙམ་བསད་རྨས་བྱུང་ཡང་ཕུ་ཊིན་ལ་ཁྱད་པར་མི་འདུག ཁོ་པས་ཡུཀ་རེན་ཧྲིལ་པོ་ཧམ་འཕྲོག་བྱ་རྒྱུ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ཨར་མི་བརྟེན་པ་ཞིག་ལ་འགྱུར་དུ་འཇུག་རྒྱུའི་ཀུན་སློང་བཅངས་ཡོད་པ་རེད། ཌོ་ནལ་ཊམ་གྱིས་ཕྱི་ཟླ་༤་པའི་ཚེས་༢༠་སྟེ། ཡེ་ཤུའི་འདས་ལོག་དུས་ཆེན་སྔོན་དུ་ཡུཀ་རེན་གྱི་དམག་འཁྲུག་མཚམས་འཇོག་གི་གྲོས་མཐུན་ཞིག་འཇོག་ཐུབ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་པའི་གསར་འགྱུར་ཐོན་འདུག

གླེང་སྟེགས།

XS
SM
MD
LG