ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༩/༡༩

ཨ་རིའི་ནང་འོས་བསྡུ་བྱེད་ལ་ཉེ་བའི་སྐབས་འདིར་དཔལ་འབྱོར་གནས་སྟངས་མགོ་རྙོག་ཆ་རུ་སོང་བ།


ཨ་རིའི་ནང་འོས་བསྡུ་བྱེད་ལ་ཉེ་བའི་སྐབས་འདིར་དཔལ་འབྱོར་གནས་སྟངས་མགོ་རྙོག་ཆ་རུ་སོང་བ།
ཨ་རིའི་ནང་འོས་བསྡུ་བྱེད་ལ་ཉེ་བའི་སྐབས་འདིར་དཔལ་འབྱོར་གནས་སྟངས་མགོ་རྙོག་ཆ་རུ་སོང་བ།

ཨ་རིའི་ནང་སྲིད་འཛིན་གྱི་འོས་བསྡུ་བྱ་རྒྱུར་དུས་ཡུན་ཟླ་བ་གསུམ་ཙམ་ལས་མེད་པའི་སྐབས་འདིར་མང་ཚོགས་ཀྱི་འཕྲོད་བསྟེན་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་གནས་སྟངས་ཐད་སྲིད་འཛིན་གྱི་འོས་མི་གཉིས་ཀྱིས་རྙོག་གླེང་ཅན་གྱི་གཏམ་བཤད་མི་འདྲ་བ་སྤེལ་བའི་རྐྱེན་གྱིས་མང་ཚོགས་ཧ་ཅང་བློ་འཚབ་སྐྱེ་གཞིར་གྱུར་ཡོད་པའི་གནས་ཚུལ་ཞིག་སྤེལ་འདུག

སྤྱི་མཐུན་ཚོགས་ཁོངས་ཀྱི་སྲིད་འཛིན་འོས་མི་སྲིད་འཛིན་ཟུར་པ་ཌོ་ནོལ་ཊམ་གྱིས་ཨ་རིའི་དཔལ་འབྱོར་གནས་སྟངས་བཟང་ངན་གཉིས་ནས་གཅིག་ལ་ཐག་གཅོད་བྱ་རྒྱུའི་དུས་ལ་སླེབས་ཡོད་ལུགས་ཡང་ཡང་གསལ་བསྒྲགས་གནང་གི་ཡོད་པ་དང་། དེ་ཡང་ཉེ་ཆར་སྲིད་འཛིན་ཟུར་པ་ཊམ་གྱིས་རང་ལ་རྒྱབ་སྐྱོར་བྱེད་མཁན་མང་ཚོགས་ཀྱི་འདུ་འཛོམས་ཞིག་ལ་གཏམ་བཤད་གནང་བའི་ནང་ཨ་རིའི་དཔལ་འབྱོར་གནས་སྟངས་ནི་ཧ་ཅང་བློ་འཚབ་སྐྱེ་གཞི་ཞིག་ཆགས་ཡོད་པའི་འགྲེལ་བརྗོད་བྱས་པ་དང་ཆབས་ཅིག དེང་སྐབས་ཨ་རིའི་ནང་དངོས་ཟོག་གི་རིན་གོང་ཡར་འཕར་ཏེ་མི་མང་དཀྱུས་མ་རྣམས་ཧ་ཅང་ཐབས་རྡུག་གི་གནས་སུ་གྱུར་ཡོད་ལུགས་གསུངས་ཡོད། ཡང་མང་གཙོ་ཚོགས་ཁོངས་ཀྱི་སྲིད་འཛིན་གྱི་འོས་མི་ལྕམ་ཀ་མ་ལ་ཧེ་རི་སི་གཙོས་པའི་མཐུན་ཕྱོགས་ཚོས་ཏོག་དབྱིབས་རིམ་ནད་ཀྱི་རྗེས་ཨ་རིའི་ནང་ཡུལ་ཐང་མར་ཆག་པ་དང་། ལས་མེད་ཀྱི་གྲངས་འབོར་ཉུང་དུ་ཕྱིན་པ། དེ་བཞིན་ལས་མིའི་ལས་གླ་འཕར་བ་སོགས་ལ་བརྟེན་ནས་ཨ་རིའི་དཔལ་འབྱོར་གནས་སྟངས་སྔར་ལས་བཟང་བ་ཡོད་པ་མ་ཟད། སྟོབས་འབྱོར་ཆེ་རུ་འགྲོ་ཡི་ཡོད་ལུགས་མཛུབ་འདོན་བྱས་ནས་ཊམ་གྱིས་གསུངས་བབས་ལ་དགག་པ་བྱས་འདུག

དཔལ་འབྱོར་རིག་པར་མཁས་པ་དང་ཆེད་ལས་མཁས་པ་ཚོས་དཔྱད་ཞིབ་བྱས་པའི་དཔལ་འབྱོར་གྱི་གྲངས་ཐོར་གཞིགས་ན། སྤྱི་མཐུན་ཚོགས་ཁོངས་ཀྱི་སྲིད་འཛིན་འོས་མི་སྐུ་ཞབས་ཌོ་ནོལ་ཊམ་དང་མང་གཙོ་ཚོགས་ཁོངས་ཀྱི་སྲིད་འཛིན་འོས་མི་ལྕམ་ཀ་མ་ལ་ཧེ་རི་སི་གཉིས་ཀྱིས་འོས་བསྡུའི་ལས་འགུལ་སྤེལ་སྐབས་དཔལ་འབྱོར་གྱི་གནད་དོན་སྐོར་ལ་འགྲེལ་བཤད་གནང་བ་དེ་དག་ནི་དཀའ་རྙོག་དེ་བས་ཆེ་བ་ཆགས་ཡོད་སྟབས་དཔལ་འབྱོར་ཐད་མང་ཚོགས་ལ་དཀའ་ངལ་འཕྲད་སྲིད་པའི་བློ་འཚབ་བྱེད་ཀྱི་ཡོད། དེ་ཡང་རྒྱལ་ས་ཝ་ཤིང་ཀྲོན་དུ་བརྟེན་གཞི་བྱས་པའི་དཔལ་འབྱོར་རིག་པའི་སྡེ་ཚན་གྱི་འགན་འཛིན་མརག ཧེམ་རིག་གིས་སྤྱི་ཡོངས་ཀྱི་ཐོག་ནས་བཤད་ན། ཨ་རིའི་དཔལ་འབྱོར་གྱི་གནས་སྟངས་ཇི་འདྲ་ཆགས་ཡོད་མེད་མང་ཚོགས་ལ་འདྲི་ཞིབ་བྱེད་དགོས་པ་ལས་ཆབ་སྲིད་མི་སྣ་ལ་ཨ་རིའི་དཔལ་འབྱོར་གྱི་གནས་སྟངས་ག་འདྲ་ཞིག་ལ་སླེབས་ཡོད་མེད་འདྲི་ཞིབ་བྱས་ན་ཏག་ཏག་གསུངས་ཀྱི་མ་རེད། གང་ལགས་ཞེ་ན། ཆབ་སྲིད་པ་ཚོས་རང་ལ་རྒྱབ་སྐྱོར་གྱི་འོས་ཤོག་ཐོབ་ཐབས་སུ་དམིགས་ཏེ་དཔལ་འབྱོར་གནས་བབ་སྐོར་འགྲེལ་བརྗོད་བྱེད་ཀྱི་རེད་ཅེས་གསུངས་འདུག

ཨ་རིའི་ནང་ཏོག་དབྱིབས་ནད་ཡམས་མེད་པར་གྱུར་རྗེས་འཛམ་གླིང་གི་ཡར་ཐོན་ཅན་གྱི་རྒྱལ་ཁབ་གཞན་ལས་དཔལ་འབྱོར་སླར་གསོ་མྱུར་བ་བྱུང་ཡོད་ཅིང་། ཨ་རིའི་ནང་ལས་ཀ་མང་དུ་སོང་བ་དང་ལས་མེད་ཀྱི་གྲངས་འབོར་ཡང་ལོ་ངོ་༥༥འི་ནང་ཉུང་ཤོས་ཆགས་པ། དེ་བཞིན་མང་རྐང་ཁྲོམ་རྭའི་ནང་མ་རྩ་འཇོག་མཁན་མང་དུ་ཕྱིན་པ་སོགས་བྱུང་ཡོད་པ་དང་དུས་མཉམ་དུ་ཡང་ཨ་མི་རི་ཀའི་ནང་ཡུལ་ཐང་ལ་འཕར་ཆ་ཕྱིན་པའི་དཀའ་ངལ་ཡང་འཕྲད་བཞིན་ཡོད།

སྤྱི་མཐུན་ཚོགས་པའི་སྲིད་འཛིན་གྱི་འོས་མི་སྐུ་ཞབས་ཊམ་གྱིས་འོས་བསྡུའི་ལས་འགུལ་སྤེལ་སྐབས་ཕྱིའི་རྒྱལ་ཁབ་ཁག་ནས་དངོས་ཟོག་ནང་འདྲེན་བྱ་རྒྱུའི་ཐོག་སྒོ་ཁྲལ་ཆེན་པོ་རྒྱག་རྒྱུ་ཡིན་པའི་སྔོན་བརྡ་གཏོང་གི་ཡོད་པ་དང་། ཡང་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཀ་མ་ལ་ཧེ་རི་སི་ཡིས་མང་ཚོགས་ཀྱི་བདེ་དོན་ལ་འགྲོ་སོང་མང་ཙམ་གཏོང་རྒྱུའི་འཆར་གཞི་ཡོད་སྐོར་གསུངས་ཀྱི་ཡོད། འོན་ཀྱང་འགྲོ་སོང་གཏོང་རྒྱུའི་དངུལ་དེ་དག་གང་ནས་ཡོང་རྒྱུ་ཡིན་མིན་སྐོར་འགྲེལ་བརྗོད་གང་ཡང་གནང་གི་མེད།

དབྱེ་ཞིབ་པ་ཚོས་གལ་ཏེ་སྐུ་ཞབས་ཊམ་གྱི་ཚོང་དོན་སྲིད་བྱུས་ནང་ཨ་རིའི་ནང་ཕྱིའི་རྒྱལ་ཁབ་ཁག་ནས་ནང་འདྲེན་བྱ་རྒྱུའི་དངོས་ཟོག་ལ་དཔྱ་ཕྲལ་ཆེན་པོ་རྒྱག་རྒྱུ་ཡིན་ལུགས་གསུངས་ཀྱི་ཡོད་པ་དེ་ལག་བསྟར་གནང་བ་ཡིན་ན་དེས་རྒྱལ་ནང་དུ་ཡུལ་ཐང་སླར་ཡང་འཕར་རྒྱུ་ཡིན་པ་མ་ཟད། ཕྱིའི་རྒྱལ་ཁབ་ཚོས་ཀྱང་ཨ་རིར་ཡ་ལན་སློག་རྒྱུའི་དོན་དུ་ཨ་རིའི་དངོས་ཟོག་ཕྱིར་ཚོང་བྱ་རྒྱུར་དཔྱ་ཁྲལ་ཆེན་པོ་རྒྱག་སྲིད་ཀྱི་རེད་ཅེས་ཉེན་བརྡ་བཏང་འདུག

ཨ་རི་རླུང་འཕྲིན་ཁང་གི་གསར་ཁང་ནས་བཏུས།

གསར་འགོད་པ། ཀུན་བཟང་སྒྲོལ་མ།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG