ངོ་འཕྲད་བདེ་བའི་དྲ་འབྲེལ།

 
ཨ་རིའི་རྒྱལ་སྲུང་དྲུང་ཆེ་གསར་པ་ཡོ་རོབ་ནང་ཕེབས་ཡོད་པ།
གཟའ་པ་སངས། ༢༠༢༥/༠༤/༡༨

ཨ་རིའི་རྒྱལ་སྲུང་དྲུང་ཆེ་གསར་པ་ཡོ་རོབ་ནང་ཕེབས་ཡོད་པ།


ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཕཱི་ཌེ་ཧེག་སི་ཐི་ཡོ་རོབ་ནང་དུ་ཕེབས་ཡོད་པ།
ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཕཱི་ཌེ་ཧེག་སི་ཐི་ཡོ་རོབ་ནང་དུ་ཕེབས་ཡོད་པ།

༄༅། ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཕཱི་ཌེ་ཧེག་སི་ཐི་ཡོ་རོབ་ནང་དུ་ཕེབས་ཡོད་པ་དང་།ཟླ་བ་སྔོན་མ་ཁོང་ནས་རྒྱལ་སྲུང་དྲུང་ཆེའི་ཐུགས་འགན་བཞེས་པའི་རྗེས་སུ་ཕྱིའི་རྒྱལ་ཁབ་ལ་ཕེབས་པ་ཐེངས་དང་པོ་དེ་ཡིན་པ་དང་།ད་རེས་གཙོ་བོ་འཇར་མ་ནི་དང་བྷལ་ཇམ།པོ་ལན་སོགས་ཀྱི་ནང་དུ་ཕེབས་རྒྱུ་ཡིན་པ་རེད།

ཐོག་མར་འཇར་མ་ནི་ནང་བདེ་སྲུང་དྲུང་ཆེས་ཨ་རི་དང་ཡོ་རོབ་ཀྱི་མཉམ་འབྲེལ་དམག་དོན་སྤྱི་ཁྱབ་ལས་ཁུངས་དང་ཨ་རི་དང་ཨ་ཧྥི་རི་ཀའི་དམག་དོན་སྤྱི་ཁྱབ་ལས་ཁུངས་གཉིས་ལ་གཟིགས་སྐོར་གྱིས་རྒྱལ་སྲུང་དྲུང་ཆེ་གསར་པའི་ངོས་ནས་དམག་དོན་ལས་ཁུངས་དེ་དག་གི་གནས་སྟངས་སྐོར་གོ་བསྡུར་སོགས་གནང་བའི་རྗེས་སུ་གཟའ་མིག་དམར་ཉིན་མོ་གསར་འགོད་ལྷན་ཚོགས་ཐོག་ལ་བཀའ་མོལ་གནང་ཡོད་པ་རེད།

རྒྱལ་སྲུང་དྲུང་ཆེ་ཧེག་སེ་ཐི་ནས་འཇར་མ་ནིའི་ནང་གི་ཕེབས་དོན་ཁག་གྲུབ་པའི་རྗེས་སུ་ཡོ་རོབ་མཉམ་འབྲེལ་གྱི་ལྟེ་གནས་གྲོང་ཁྱེར་བྷ་རཱ་སལ་སེ་ལ་ཕེབས་ནས་ནུབ་ཆིངས་སྒྲིག་འཛུགས་ཀྱི་རྒྱལ་སྲུང་བློན་ཆེན་ཚོ་དང་མཇལ་འཕྲད་ཁག་གནང་བའི་རྗེས་སུ་འདི་གར་ཡུཀ་རེན་སྲུང་སྐྱོབ་ཐད་ཀྱི་མཐུན་ཕྱོགས་རྒྱལ་ཁབ་ཚོའི་ཚོགས་ཆེན་ལ་ཕེབས་རྒྱུ་དང་།ཚོགས་ཆེན་དེ་རེ་གཟའ་ལྷག་པ་དང་ཕུར་བུ་ཉིན་གཉིས་རིང་འཚོག་གི་ཡོད་པ་རེད།

ཨ་རིའི་རྒྱལ་སྲུང་ལྷན་ཁང་ནས་རྒྱལ་སྲུང་དྲུང་ཆེ་ཧེག་སེ་ཐི་ཡིས་ནུབ་ཆིངས་སྒྲིག་འཛུགས་ཀྱི་རྒྱལ་སྲུང་བློན་ཆེན་ཚོ་དང་མཇལ་འཕྲད་ཀྱི་སྐབབས་སུ་ཡོ་རོབ་ཀྱི་རྒྱལ་ཁབ་ཚོས་རང་ཉིད་སྲུང་སྐྱོབ་ཆེད་དུ་རྒྱལ་སྲུང་ཐད་ཀྱི་འགྲོ་་གྲོན་སྤར་དགོས་པ་དང་ཡུཀ་རེན་གྱི་དཀའ་ངལ་ལ་གདོང་ལེན་ཐད་འགོ་ཁྲིད་ཀྱི་འགན་འཁུར་མང་ཙམ་ལེན་དགོས་པའི་རེ་འདུན་འདོན་རྒྱུ་ཡིན་པ་སོགས་གནས་ཚུལ་སྤེལ་འདུག

ཡུཀ་རེན་གྱི་སྲིད་འཛིན་ཛ་ལན་སི་ཀི་
ཡུཀ་རེན་གྱི་སྲིད་འཛིན་ཛ་ལན་སི་ཀི་

ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཧེག་སེ་ཐི་ནས་གཟའ་ལྷག་པ་དང་ཕུར་བུའི་ཉིན་ཡུཀ་རེན་སྲུང་སྐྱོབ་ཆེད་ཀྱི་མནའ་མཐུན་རྒྱལ་ཁབ་༥༠ཡི་ཚོགས་ཆེན་ཐོག་ལ་ཨ་རིའི་སྲིད་འཛིན་ཌོ་ནལ་ཌམ་ནས་ཡུཀ་རེན་དང་ཨུ་རུ་སུའི་དམག་འཁྲུག་དེ་ཕྱི་འབྲེལ་གྱི་ཐབས་ལམ་ཐོག་ནས་མཚམས་འཇོག་ཡོང་ཐབས་དགོས་རྒྱུ་གསུངས་པ་དང་དེ་བཞིན་ཡོ་རོབ་ཀྱི་རྒྱལ་ཁབ་ཚོའི་ངོས་ནས་བདེ་འཇགས་ཐད་ཀྱི་དཀའ་ངལ་ལ་གདོང་ལེན་ཐད་འགོ་ཁྲིད་ཀྱི་འགན་ཁུར་ལེན་དགོས་པའི་སྐོར་གསུངས་པ་ཁག་གསལ་བརྗོད་གནང་རྒྱུ་ཡིན་པ་རེད།

ཡུཀ་རེན་སྲུང་སྐྱོབ་ཆེད་ཀྱི་རྒྱལ་ཁབ་༥༠ཡི་མཐུན་ཚོགས་ཀྱི་ཚོགས་ཆེན་དེ་ནི་ཨུ་རུ་སུས་ཡུག་ཁེ་རན་ཐོག་ལ་དམག་རྒྱབ་པའི་རྗེས་ལ་ཚོགས་ཆེན་ཐེངས་༢༦པ་དེ་ཡིན་པ་དང་།ད་བར་དུ་ཚོགས་ཆེན་ཁག་ཨ་རིས་གཙོ་སྐྱོང་གནང་ཡོད་ནའང་ད་རེས་དབྱིན་ཡུལ་ནས་གཙོ་སྐྱོང་གནང་གི་ཡོད་པས་དབྱིན་ཇིའི་རྒྱལ་སྲུང་ལྷན་ཁང་ནས་གཟའ་འཁོར་སྔོན་མ་སྤེལ་བའི་གསལ་བསྒྲགས་ཤིག་ནང་།ཡུཀ་རན་ནས་ཨུ་རུ་སུའི་སྲིད་འཛིན་པུ་ཌིན་གྱི་ཁྲིམས་འགལ་བཙན་འཛུལ་ལ་ཁ་གཏད་བཅོག་པར་རྒྱལ་སྤྱིའི་སྤྱི་ཚོགས་ནས་མུ་མཐུད་དེ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།

ཡུཀ་རེན་གྱི་སྲིད་འཛིན་ཛ་ལན་སི་ཀི་ཡིས་ཚོགས་ཆེན་འདིའི་གོང་དུ་ཡུཀ་རེན་ལ་རྒྱབ་སྐྱོར་བའི་མཐུན་ཚོགས་ནས་དམག་ཐོག་ལ་རོགས་རམ་ཁག་འཚམས་འཇོག་མ་གནང་རོགས་ཞེས་འབོད་སྐུལ་ཁག་བསྐྱར་དུ་གནང་ཡོད་པ་རེད།

ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཧེག་སེ་ཐི་ཡི་ཐེངས་འདིའི་ཡོ་རོབ་ཀྱི་གཟིགས་སྐོར་འཐའ་མ་དེ་པོ་ལན་ཡུལ་གྲུའི་ནང་ཕེབས་ནས་འདི་གར་ཡོད་པའི་ཨ་རིའི་དམག་དོན་ལས་ཁུངས་ལ་གཟིགས་ཞིབ་དང་དམག་མི་ཚོ་དང་མཇལ་འཕྲད་སོགས་གནང་རྒྱུ་ཡིན་པ་ལས་འཇར་མ་ནིའི་གྲོང་ཁྱེར་མཱུ་ནི་ཁི་ནང་ཕྱི་ཟླ་༢པའི་ཚེས་༡༤ནས་༡༦བར་ལ་ལོ་རེའི་རྒྱལ་སྤྱིའི་བདེ་འཇགས་སྐོར་གྱི་ཚོགས་ཆེན་ལ་ཕེབས་འཆར་མེད་པ་དང་།ཚོགས་ཆེན་དེར་ཨ་རིའི་སྲིད་འཛིན་གཞོན་པ་ཝན་སཱི་དང་ཕྱི་སྲིད་དྲུང་ཆེ་རུ་བྷི་ཡོ་ཕེབས་ཀྱི་ཡོད་པ་རེད།

གླེང་སྟེགས།

XS
SM
MD
LG