ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༡༢/༢༤

ཨ་རིས་ཡུག་ཀེ་རེན་ལ་དམག་དོན་རོགས་མང་དུ་གཏོང་རྒྱུ་ཁས་བླངས།


༄༅།། ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཨོ་སི་ཊོན་ཡུག་ཀེ་རེན་གྱི་རྒྱལ་ས་ཀིབ་ལ་འཚམས་འདྲིར་ཕེབས་ཏེ་ཨ་སྒོར་དུང་ཕྱུག་གཅིག་དམག་དོན་རོགས་རམ་གསར་པ་སྤྲོད་རྒྱུའི་གསལ་བསྒྲགས་སྤེལ། ཕྱི་ཟླ་༡༡་པའི་ཚེས་༢༠་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱལ་སྲུང་དྲུང་ཆེ་ཨོ་སི་ཊོན་གྱིས་ཨ་མི་རི་ཀས་ཡུག་ཀེ་རེན་ལ་ཡུན་རིང་རོགས་སྐྱོར་བྱ་རྒྱུ་ཡིན་ཞེས་བསྐྱར་དུ་བཟློས། ཡུག་ཀེ་རེན་གྱི་གཞུང་འབྲེལ་མི་སྣ་ཚོར་ཐུག་འཕྲད་གྲོས་མོལ་བྱས་པའི་སྐབས་སུ་རྒྱལ་སྲུང་དྲུང་ཆེ་ཨོ་སི་ཊོན་གྱིས་ཨ་མི་རི་ཀས་ཡུག་ཀེ་རེན་ལ་ལྕགས་ཁྲབ་འཁོར་ལོ་གཏོར་སྤྱད་དང་མཁའ་དབྱིངས་སྲུང་སྐྱོབ་མཚོན་ཆ། མེ་སྒྱོགས་དང་མེ་ཤུགས་འཕུར་མདའི་མ་ལག་རྣམས་རོགས་རམ་སྤྲོད་རྒྱུ་ཡིན། དེ་རིང་ངས་སྲིད་འཛིན་ཛེ་ལེན་སི་ཀིར་ཞུ་རྒྱུ་ཞིག་ལ་ཨ་མི་རི་ཀ་ཡུག་ཀེ་རེན་གྱི་མཉམ་དུ་ཡོད། ང་ཚོས་ཡུག་ཀེ་རེན་ལ་ཡུན་རིང་གི་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གཏམ་བཤད་བྱས་ཤིང་། རྒྱལ་སྲུང་དྲུང་ཆེའི་མཉམ་དུ་ཡུ་རོབ་ཀྱི་ཨ་རིའི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་ཡང་ཡུག་ཀེ་རེན་ལ་ཕེབས་འདུག

སྲིད་འཛིན་ཛེ་ལན་སི་ཀིས་ང་ཚོས་ཨ་མི་རི་ཀར་བློ་བཀལ་ཡོད། ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཨོ་སི་ཊོན་ཡུ་རེན་ཀེ་ལ་འཚམས་འདྲིར་ཕེབས་པར་མཚོན་དོན་ཧ་ཅང་ཆེན་པོ་ཡོད་ཅེས་དགའ་སྤྲོས་བརྟས། ༢༠༢༢་ལོའི་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཨུ་སུ་རུས་ཁྱིམ་མཚེས་རྒྱལ་ཁབ་ཡུག་ཀེ་རེན་ལ་བཙན་འཛུལ་བྱས་ནས་བཟུང་། ཨ་མི་རི་ཀས་ཡུག་ཀེ་རེན་ལ་ཨ་སྒོར་དུང་ཕྱུར་༤༤༠་ཐམ་པའི་དམག་དོན་རོགས་རམ་སྤྲད་ཟིན་ཡོད་ཅིང་། ཨ་རིའི་རྒྱལ་སྲུང་དྲུང་ཆེས་ངའི་སེམས་པར་ཡུག་ཀེ་རེན་གྱིས་དགུན་དུས་འཐབ་རྒོལ་བྱ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པ་འདྲ། སྔ་ལོ་ཡུག་ཀེ་རེན་གྱིས་ཨུ་རུ་སུའི་དམག་ལ་ཕར་རྒོལ་བྱས་ནས་གྲུབ་འབྲས་གཟེངས་སུ་ཐོན་པ་ཞིག་བྱུང་སོང་། ངས་སྲིད་འཛིན་ཛེ་ལན་སི་ཀིར་གྲོས་མོལ་བྱས་པར་གཞིགས་ན་ལོ་འདིར་ཡུག་ཀེ་རེན་གྱི་དམག་གིས་སྔ་ལོ་ལས་ལྷག་པའི་ཕར་རྒོལ་དྲག་པོ་བྱ་རྒྱུའི་རྟགས་མཚན་འདུག་ཅེས་གསར་འགོད་པ་ཚོར་གླེང་མོལ་བྱས་འདུག ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་གྱིས་ཀྱང་ཨ་རིའི་གྲོས་ཚོགས་གྱིས་ཡུག་ཀེ་རེན་ལ་དམག་དོན་རོགས་དངུལ་མྱུར་དུ་ཆོག་མཆན་འགོད་དགོས་ཞེས་ནན་བསྐུལ་བྱས་འདུག

འཇར་མན་ཎིའི་རྒྱལ་སྲུང་བློན་ཆེན་བྷོ་རི་སི་ཕི་སི་ཊོ་རི་ཡ་སི་
འཇར་མན་ཎིའི་རྒྱལ་སྲུང་བློན་ཆེན་བྷོ་རི་སི་ཕི་སི་ཊོ་རི་ཡ་སི་

ཕྱི་ཟླ་༡༡་པའི་ཚེས་༢༡་ཉིན་ཨ་རིའི་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འཇར་མན་ཎིའི་རྒྱལ་སྲུང་བློན་ཆེན་བྷོ་རི་སི་ཕི་སི་ཊོ་རི་ཡ་སི་ཡུག་ཀེ་རེན་ལ་འཚམས་འདྲིར་ཕེབས་ཏེ་རྒྱབ་སྐྱོར་རྒྱུན་འཁྱོངས་བྱ་རྒྱུ་ཁས་བླངས། སྔ་ཉིན་དེར་ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཡུག་ཀེ་རེན་ལ་འབྱོར། ཨ་རི་དང་འཇར་མན་ཎི་གཉིས་ཀས་ཡུག་ཀེ་རེན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་ཀྱི་ཡོད་པར་མ་ཟད། རྒྱལ་སྲུང་བློན་ཆེན་གཉིས་ཀས་ཡུག་ཀེ་རེན་གྱི་དམག་འཁྲུག་འདི་ཡུན་རིང་འགོར་རྒྱུ་དང་དགུན་གྱི་དུས་སུ་དཀའ་ངལ་ཆེ་རུ་འགྲོ་སྲིད། གང་ཅིའི་ཐད་དུ་དཀའ་ངལ་ཇེ་ཆེར་འགྲོ་སྲིད་པའི་རྩིས་བརྒྱབ། ཨ་མི་རི་ཀའི་འཕྲོ་ནས་ཡུག་ཀེ་རེན་ལ་དམག་དོན་རོགས་རམ་སྤྲོད་མཁན་ཨང་གཉིས་པ་དེ་འཇར་མན་ཎི་ཡིན་ཞིང་། ༢༠༡༣་ལོའི་ཕྱི་ཟླ་༡༡་པའི་ནང་ཡུག་ཀེ་རེན་མི་དམངས་ཀྱིས་ཡུ་རོབ་ལ་འབྲེལ་བ་དམ་ཟབ་འཛིན་རྒྱུའི་དམངས་གཙོའི་གསར་བརྗེ་བསླངས། འཇར་མན་གྱི་རྒྱལ་སྲུང་བློན་ཆེན་ལོ་བཅུའི་དུས་དྲན་སྐབས་སུ་ཡུག་ཀེ་རེན་ལ་འཚམས་འདྲིར་ཕེབས་པ་ཡིན་འདུག

འཇར་མན་ཎིའི་རྒྱལ་སྲུང་བློན་ཆེན་གྱིས་གསར་འགོད་པ་ཚོར་ཐོག་མ་དེར་ང་རྒྱལ་ས་ཀིབ་ལ་བཅར་ནས་འཇར་མན་གཞུང་དམངས་གཉིས་ཀས་ཡུག་ཀེ་རེན་ལ་མུ་མཐུད་དུ་རྒྱབ་སྐྱོར་བྱ་རྒྱུའི་ཁས་ལེན་དང་གདུང་སེམས་མཉམ་སྐྱེད། ཡུག་ཀེ་རེན་མི་དམངས་ཀྱིས་དཔའ་སྟོབས་ཞུམ་པ་མེད་པར་འཐབ་རྒོལ་བྱེད་ཀྱི་ཡོད་པར་བསྔགས་བརྗོད་ཞུ་རྒྱུ་ཡིན་ཞེས་བསྒྲགས། སྲིད་འཛིན་ཛེ་ལན་སི་ཀིས་ལོ་བཅུའི་གོང་དུ་ཡུག་ཀེ་རེན་མི་དམངས་ཀྱིས་ཨུ་རུ་སུའི་ཕྱོགས་གཏོགས་སྲིད་འཛིན་ཡ་ནུ་ཁོ་ཝི་ཆིའི་སྲིད་གཞུང་ལ་ངོ་རྒོལ་བྱས་ནས་ལས་འགུལ་སྤེལ་བ་དང་ད་ལྟའི་དམག་འཁྲུག་གཉིས་འབྲེལ་བ་མཐུད། ཁོང་གིས་ང་ཚོ་སྐྲག་ནས་དཔའ་ཞུམ། མགོ་བསྒུར་ནས་བསྡད་ཡོད་པ་ཡིན་ན་གང་འདྲ་ཞིག་ཏུ་གྱུར་ཡོད་རྒྱུ་རེད། ང་ཚོས་དྲང་བདེན་དང་བདེན་པ་བརྩད། གཉའ་གནོན་ལ་མགོ་མ་བསྒུར་པར་རང་དབང་དང་ཐུན་མོང་གི་མདུན་ལམ་དོན་དུ་འཐབ་རྒོལ་བྱས་པ་ཁོ་ན་རྒྱལ་ཁ་ཆེན་པོ་ཞིག་རེད། ཡུག་ཀེ་རེན་གྱི་གསར་བརྗེའི་རྒྱལ་ཁབ་དེའི་གཟི་བརྗིད་ནི་ནམ་ཡང་ཉམས་མི་སྲིད་ཅེས་གཟའ་མིག་དམར་གྱི་དགོང་མོར་གཏམ་བཤད་བྱས་འདུག

ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཆལ་སི་མཱི་ཤཱེལ་
ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཆལ་སི་མཱི་ཤཱེལ་

ཕྱི་ཟླ་༡༡་པའི་ཚེས་༢༡་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་མིག་དམར་ཉིན་ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཆལ་སི་མཱི་ཤཱེལ་ཡུག་ཀེ་རེན་ལ་འཚམས་འདྲིར་ཕེབས་ཏེ་དམངས་གཙོའི་གསར་བརྗེ་ལངས་ནས་ལོ་བཅུ་འཁོར་བའི་དུས་དྲན་ལ་ཞུགས། ཁོང་གིས་ང་ཚོ་སླར་ཡང་རྒྱལ་ས་ཀིབ་ལ་འབྱོར་ཏེ་གྲོགས་པོ་ཚོར་ཐུག་པར་དགའ་པོ་བྱུང་ཞེས་ཨེག་སི་དྲྭ་ཚིགས་སུ་འཕྲིན་ཐུང་ཞིག་སྤེལ་ནས་རྒྱབ་སྐྱོར་གྱི་རྣམ་པ་བསྟན། ཟླ་བ་རྗེས་མ་ནས་ཡུག་ཀེ་རེན་རྒྱལ་ཁབ་༢༧་ཀྱི་སྒྲིག་འཛུགས་ཡུ་རོབ་མཉམ་འབྲེལ་ཁོངས་སུ་ཞུགས་རྒྱུའི་དངོས་གཞིའི་གྲོས་མོལ་འགོ་ཚུགས་རྒྱུའི་རྣམ་པ་མངོན། ཨུ་རུ་སུའི་དམག་གིས་ཡུག་ཀེན་ལ་བཙན་འཛུལ་བྱས་པའི་ཕྱི་ཉིན་དེར་སྲིད་འཛིན་ཛེ་ལན་སི་ཀིས་ཡུ་རོབ་མཉམ་འབྲེལ་ཁོངས་སུ་ཞུགས་རྒྱུའི་སྙན་ཞུ་ཕུལ། ཡུག་ཀེ་རེན་གྱི་ཁྱིམ་མཚེས་རྒྱལ་ཁབ་མོལ་ཌོ་ཝའི་སྲིད་འཛིན་མ་ཡ་ས་དྷུ་(Maia Sandu)་ཡང་ཡུག་ཀེ་རེན་ལ་ཕེབས་ནས་སྲིད་འཛིན་ཛེ་ལན་སི་ཀིར་ཐུག་འཕྲད་གྲོས་མོལ་བྱུང་། ཟླ་བ་རྗེས་མར་མོལ་ཌོ་ཝ་ཡང་ཡུ་རོབ་མཉམ་འབྲེལ་ཁོངས་སུ་ཞུགས་རྒྱུའི་དངོས་གཞི་གྲོལ་མོལ་འགོ་འཛུགས་ཐུབ་པའི་རེ་ལྟོས་འཆང་འདུག

མོལ་ཌོ་ཝའི་སྲིད་འཛིན་མ་ཡ་ས་དྷུ་
མོལ་ཌོ་ཝའི་སྲིད་འཛིན་མ་ཡ་ས་དྷུ་

༡༩༩༡་ལོར་ཡུག་ཀེ་རེན་ལ་ཨུ་རུ་སུ་དམར་ཤོག་གི་དབང་བསྒྱུར་འོག་ནས་རང་བཙན་ཐོབ། ༢༠༠༤་དང་༢༠༡༤་ལོར་ཡུག་ཀེ་རེན་ལ་དམངས་གཙོ་དོན་གཉེར་གྱི་གསར་བརྗེ་སྔ་རྗེས་ཐེངས་གཉིས་ལངས། སྲིད་འཛིན་ཛེ་ལན་སི་ཀིས་ང་ཚོ་ཡུ་རོབ་མཉམ་འབྲེལ་ཁོངས་སུ་ཞུགས་རྒྱུ་ནི་ཡུག་ཀེ་རེན་མི་དམངས་ཀྱི་མཐར་ཐུག་གི་མངོན་འདོད་ཡིན། ད་ལྟ་ལོ་བཅུ་ཕྲག་གཉིས་ཀྱི་གོང་གི་ཕུགས་བསམ་དེ་མངོན་དུ་འགྱུར་རྒྱུའི་ཕྱོགས་སུ་སྐྱོད་ཀྱི་ཡོད། ཡུག་ཀེ་རེན་ཚོགས་འཐུས་ཀྱི་འོས་མིའི་གནས་བབ་ཐོག་ནས་ཡུ་རོབ་མཉམ་འབྲེལ་ཁོངས་སུ་ཚུད་རྒྱུའི་གྲོས་མོལ་མྱུར་དུ་བྱ་དགོས། མཐའ་མཇུག་ཡུག་ཀེ་རེན་ཡུ་རོབ་མཉམ་འབྲེལ་གྱི་ཚོགས་འཐུས་རྒྱལ་ཁབ་ངོ་མ་ཞིག་ཏུ་འགྱུར་དགོས། ང་ཚོས་དམག་འཁྲུག་གི་དུས་སུའང་ཡུ་རོབ་མཉམ་འབྲེལ་གྱི་ཆ་རྐྱེན་ཁག་བསྒྲུབས་ནས་གྲུབ་འབྲས་ཐོན་ཡོད་ཅེས་བརྙན་འཕྲིན་ཞིག་བཀྲམ། ཡུག་ཀེ་རེན་གྱི་ཆབ་སྲིད་ལམ་ལུགས་ལེགས་བཅོས་དང་ལྐོག་ཟ་རུལ་སུངས་བཀག་འགོག རྒྱལ་ཁབ་དེའི་སྤྱི་ཚོགས་ལ་འགྱུར་བཅོས་ཆེན་པོ་བཏང་བར་ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཚོ་དགའ་ཚོར་བྱུང་།།

ཕྱི་ཟླ་༡༡་པའི་ཚེས་༢༡་ཉིན་ཧྥ་རན་སི་གསར་འགྱུར་ལས་ཁུངས་དང་ཡུ་རོབ་གསར་འགྱུར་ལས་ཁང་གཉིས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་ཉི་མའི་ཉིན་ཡུག་ཀེ་རེན་གྱི་དམག་དཔུང་གིས་ཌི་ནིབ་རོ་གཙང་པོ་བརྒལ་ནས་གཡོན་འགྲམ་དུ་དམག་ས་བཟུང་ཡོད། ཨུ་རུ་སུའི་དམག་དཔུང་སྤྱི་ལེ་༣་ནས་༨་ཡས་མས་ཤིག་གི་མཚམས་སུ་མཐར་སྐྲོད་བཏང་བའི་གནས་ཚུལ་ཐོན། ཧྥ་རན་སིའི་ཉམས་ཞིབ་པ་མཱི་ཤཱེལ་གོ་ཡས་ཡུག་ཀེ་རེན་གྱི་དམག་ལ་རྒྱལ་ཁ་གང་འཚམ་ཞིག་ཐོབ་ཀྱང་དམག་འཁྲུག་ལ་འགྱུར་བ་ཐེབས་ཐུབ་པའི་འགག་སྒྲོལ་ཆེན་པོ་ཞིག་མ་རེད་ཅེས་བཀྲལ། ལོ་འདིའི་ཕྱི་ཟླ་༦་པའི་ཟླ་དཀྱིལ་ནས་ཡུག་ཀེ་རེན་གྱི་དམག་གིས་ཨུ་རུ་སུའི་བཙན་འཛུལ་དམག་ལ་ཕར་རྒོལ་བྱ་རྒྱུ་མགོ་བརྩམས། ཡུག་ཀེ་རེན་གྱི་དམག་གིས་ཌི་ནིབ་རོ་གཙང་པོ་བརྒལ་ནས་དམག་ས་བཟུང་ཡོད་པ་བདེན་ན་མདུན་སྐྱོད་ཆེན་པོ་ཞིག་ཏུ་བརྩི་ཆོག ཨུ་རུ་སུས་བསྐོ་བཞག་བྱས་པའི་ས་གནས་དེའི་འགོ་ཁྲིད་ཚོས་ཡུག་ཀེ་རེན་གྱི་དམག་དཔུང་ཌི་ནིབ་རོ་གཙང་པོ་བརྒལ་ནས་བསླེབས་བྱུང་ཞེས་ངེས་གཏན་བྱས་འདུག

ཨུ་རུ་སུའི་ཕྱོགས་གཏོགས་དམག་དོན་ཉམས་ཞིབ་ཨ་ལིག་ཛན་ཌར་ཀ་རམ་ཆི་ཁིན་གྱིས་ཡུག་རེན་གྱི་དམག་གིས་བླངས་པའི་ས་ཆ་དེ་རྣམས་ཧ་ཅང་ཆུང་ཆུང་རེད། ས་གནས་དེ་ཚོར་ཡུག་ཀེ་རེན་གྱི་དམག་གིས་མཚོན་སྐྱེལ་འདྲེན་བྱེད་ཐུབ་རྒྱུ་དཀའ་བར་སྣང་། ཁོ་ཚོར་མཚོན་ཆ་མེད་པར་དཔུང་འཇུག་བྱས་ཀྱང་ཕམ་ཉེས་འབྱུང་རྒྱུ་ལས་མ་འདས་ཞེས་བཤད། ཨུ་རུ་སུའི་དམག་དོན་གསར་འགོད་པ་མེ་ཁེལ་ནེ་ཁེ་ཞེས་པ་ཞིག་གིས་ཌི་ནིབ་རོ་གཙང་པོའི་འགྲམ་དུ་ཨུ་རུ་སུར་ཆེད་ལས་ཀྱི་དམག་དཔུང་མི་འདུག ཡུག་ཀེ་རེན་གྱི་དམག་གིས་ཨུ་སུ་རུའི་སྐྱེལ་འདྲེན་ལ་མཁོ་བའི་ལྕགས་ལམ་དང་རྒྱ་ལམ་རྣམས་དམིགས་འབེན་དུ་བཟུང་ནས་གཏོར་གྱི་འདུག་ཅེས་སྐད་ཆ་མ་འདྲ་བ་ཞིག་བཤད། ཟླ་བ་སྔོན་མར་ཌི་ནིབ་རོ་གཙང་པའི་འགྲམ་གྱི་ཨུ་རུ་སུའི་དམག་དཔུང་བཀོད་འདོམས་པ་འཕོ་འགྱུར་གཏོང་དགོས་པར་གྱུར། ཡུག་ཀེ་རེན་གྱི་དམག་གིས་ལྷོ་ཕྱོགས་སུ་དཔུང་འཇུག་བྱ་རྒྱུ་ཤུགས་ཆེ་རུ་ཕྱིན་ན་ཁེ་རེ་མཱི་ཡ་གླིང་ཟུར་ལ་གཏོར་རྒོལ་ཕོག་སྟེ་ཨུ་རུ་སུའི་དབང་བསྒྱུར་འོག་ནས་འཆོར་སྲིད་པའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG