ངོ་འཕྲད་བདེ་བའི་དྲ་འབྲེལ།

 
ཨ་རི་དང་རྒྱ་ནག་གཉིས་དབར་གྱི་སྒོ་ཁྲལ་དམག་འཁྲུག་གིས་ཧོང་ཀོང་ལ་དོ་ཕོག།
གཟའ་ལྷག་པ། ༢༠༢༥/༠༤/༠༩

ཨ་རི་དང་རྒྱ་ནག་གཉིས་དབར་གྱི་སྒོ་ཁྲལ་དམག་འཁྲུག་གིས་ཧོང་ཀོང་ལ་དོ་ཕོག།


༢༠༢༥ ལོའི་ཟླ་བ༢ པའི་ཚེས་༢༡ ཉིན། ཧོང་ཀོང་གི་ཀའེ་ཏག་རྫོང་ཁོངས་ཀྱི་ཁང་པ་མང་པོ་ཞིག་ལ་མཁའ་ཐོག་ནས་བླངས་པའི་པར་རིས་ཤིག།
༢༠༢༥ ལོའི་ཟླ་བ༢ པའི་ཚེས་༢༡ ཉིན། ཧོང་ཀོང་གི་ཀའེ་ཏག་རྫོང་ཁོངས་ཀྱི་ཁང་པ་མང་པོ་ཞིག་ལ་མཁའ་ཐོག་ནས་བླངས་པའི་པར་རིས་ཤིག།

ཨ་རིའི་སྲིད་འཛིན་ཊམ་གྱིས་རྒྱ་ནག་གི་ཚོང་ཟོག་ཐོག་སྒོ་ཁྲལ་སྤར་སྐབས། ཁོང་གིས་ཐེངས་དང་པོར་ཧོང་ཀོང་དང་རྒྱ་ནག་གཉིས་གཅིག་མཚུངས་སུ་བརྩིས་ཡོད་པ་རེད།

རྒྱ་ནག་དང་ཧོང་ཀོང་གི་དཔལ་འབྱོར་གནས་སྟངས་ལ་རྒྱུས་མངའ་ཡོད་པའི་མཁས་དབང་དང་། ཆེད་མཁས་པ་ཚོས་དེ་ནི་ཧོང་ཀོང་ལ་མཚོན་ན་ཚེ་སྲོག་འཕྲོག་པ་ལྟ་བུའི་དོ་ཕོག་ཅིག་ཡིན་པར་མ་ཟད། འཕྲལ་སེལ་རིང་ཧོང་ཀོང་གི་ཕྱིར་འཚོང་དང་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་རྒྱུ་ཙམ་ལས་འདས་ཏེ། ཡུན་རིང་པོའི་ཆ་ནས་བལྟས་ན། དེས་ཕུགས་སུ་ཧོང་ཀོང་གིས་རྒྱལ་སྤྱིའི་སྟེང་གི་དམིགས་བསལ་གྱི་གནས་བབ་ཤོར་འཇུག་རྒྱུ་རེད། ཅེས་བརྗོད་འདུག།

ཊམ་སྲིད་གཞུང་གིས་སྤྱི་ཟླ་༢ པའི་ཚེས་༤ ནས་བཟུང་། རྒྱ་ནག་གི་ཐོན་རྫས་ཡོངས་རྫོགས་ལ་སྒོ་ཁྲལ་བརྒྱ་ཆ་༡༠ འཕར་མ་བསྡུ་ལེན་བྱེད་འགོ་འཛུགས་རྒྱུ་དང་ཆབས་ཅིག། སྒོ་ཁྲལ་དེ་བཞིན་ཧོང་ཀོང་ནས་ཡོང་བའི་ཚོང་ཟོག་ལའང་གཅིག་མཚུངས་སུ་ལག་བསྟར་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་ཡོད་པ་རེད།

དེ་དང་དུས་མཚུངས་སུ་ཨ་སྒོར་༨༠༠ ཡས་མས་གྱི་རིན་གོང་གནས་པའི་ཧོང་ཀོང་གི་ཚོང་ཟོག་འགའ་ཞིག་ལ་རྒྱ་ནག་གི་ཚོང་ཟོག་དང་གཅིག་མཚུངས་སུ་རིན་གོང་དམའ་བའི་ཁྲལ་ཆག་གི་ཐོབ་ཐང་མི་སྤྲོད་རྒྱུ་བཟོས་ཡོད་པ་རེད། ད་ལྟ་ཐེ་ཝན་དུ་གནས་སྡོད་བྱེད་བཞིན་པའི་ཆབ་སྲིད་ཉེན་ཁའི་སློབ་སྟོན་པ་རོ་སི་ཧྥེན་གྷོལ་ཌི་ལགས་ཀྱིས་དེ་ནི་ཧང་སངས་དགོས་པ་ཞིག་མ་རེད། ཅེས་བརྗོད་འདུག།

ཁོང་གིས་གསུངས་དོན་ལྟར་ན། ཨ་རིས་སྤྱི་ལོ་༢༠༡༩ ལོའི་ཧོང་ཀོང་གི་བཅའ་ཁྲིམས་བསྒྱུར་བཅོས་ལ་ངོ་རྒོལ་གྱི་ལས་འགུལ་སྐབས་ནས་བཟུང་། ཧོང་ཀོང་དང་རྒྱ་ནག་སྐམ་ས་ཆེན་མོ་གཉིས་ལ་ཁྱད་པར་མེད་པར་ངོས་འཛིན་བྱས་ཡོད་པ་རེད།

སྤྱི་ལོ་༢༠༢༠ ལོར་ཊམ་ཨ་རིའི་སྲིད་འཛིན་གྱི་ལས་དུས་དང་པོའི་དུས་ཡུན་རིང་། ཨ་རིའི་གཞུང་གིས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ལག་བསྟར་བྱས་པའི་རྐྱེན་གྱིས་ཧོང་ཀོང་སྲིད་ཇུས་ཀྱི་ཁྲིམས་ལུགས་ལ་བསྒྱུར་བཅོས་བཏང་ཡོད་པ་དང་། ཧོང་ཀོང་རྒྱུན་ལྡན་དུ་གཏོང་བའི་འཛིན་སྐྱོང་བཀོད་ཁྱབ་བཏང་ནས་ཧོང་ཀོང་གི་དམིགས་བསལ་རང་དབང་ཅན་གྱི་ཁྲལ་ཁོངས་ས་ཁུལ་གྱི་ཐོབ་ཐང་ཕྱིར་འཐེན་བྱ་རྒྱུའི་ཐག་གཅོད་བྱས་པ་རེད།

༢༠༢༥ ལོའི་ཟླ་བ༢ པའི་ཚེས་༢༡ ཉིན། ཧོང་ཀོང་གི་ཀའེ་ཏག་རྫོང་ཁོངས་ཀྱི་ལུས་རྩལ་རྩེད་ར་ཞིག་ལ་མཁའ་ཐོག་ནས་བླངས་པའི་པར་རིས་ཤིག།
༢༠༢༥ ལོའི་ཟླ་བ༢ པའི་ཚེས་༢༡ ཉིན། ཧོང་ཀོང་གི་ཀའེ་ཏག་རྫོང་ཁོངས་ཀྱི་ལུས་རྩལ་རྩེད་ར་ཞིག་ལ་མཁའ་ཐོག་ནས་བླངས་པའི་པར་རིས་ཤིག།

ཨ་རིའི་སྒོ་ཁྲལ་ལས་ཁུངས་ཀྱིས་ཧོང་ཀོང་གི་ཚོང་ཟོག་ཐོག་ཧོང་ཀོང་ནང་བཟོས་པ་ཞེས་པའི་མཚོན་རྟགས་འགོད་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད་ཀྱང་། སྐབས་དེར་ཧོང་ཀོང་གི་ཚོང་ཟོག་ལ་སྒོ་ཁྲལ་འཕར་མ་འཕྲལ་དུ་བསྡུ་ལེན་བྱས་མེད་མོད། འོན་ཀྱང་ཐེངས་འདིར་ཨ་རིའི་གཞུང་གིས་སྒོ་ཁྲལ་གྱི་ཁྱབ་ཁོངས་ནང་ནས་ཧོང་ཀོང་དང་རྒྱ་ནག་གཉིས་ལ་གཞུང་འབྲེལ་གྱི་ཐོག་ནས་གཅིག་མཚུངས་སུ་བརྩི་རྒྱུ་ངེས་གཏན་བྱས་ཡོད་པ་རེད།

གླེང་སྟེགས།

XS
SM
MD
LG