ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༩/༠༨

ཨ་རིའི་ནོར་སྲིད་དྲུང་ཆེ་ལྕམ་ཡེ་ལེན་དང་རྒྱ་ནག་གི་སྲིད་བློན་ལི་ཆང་གཉིས་ཐུག་འཕྲད།


༢༠༢༤ ལོའི་ཟླ་བ༤ པའི་ཚེས་༧ ཉིན། ཨ་རིའི་ནོར་སྲིད་དྲུང་ཆེ་ལྕམ་ཡེ་ལེན་ལགས་དང་། རྒྱ་ནག་གི་སྲིད་བློན་ལི་ཆང་གཉིས་པེ་ཅིང་དུ་མཇལ་འཕྲད་སྐབས།
༢༠༢༤ ལོའི་ཟླ་བ༤ པའི་ཚེས་༧ ཉིན། ཨ་རིའི་ནོར་སྲིད་དྲུང་ཆེ་ལྕམ་ཡེ་ལེན་ལགས་དང་། རྒྱ་ནག་གི་སྲིད་བློན་ལི་ཆང་གཉིས་པེ་ཅིང་དུ་མཇལ་འཕྲད་སྐབས།

༄༅། །སྤྱི་ཟླ་༤ པའི་ཚེས་༧ རེས་གཟའ་ཉི་མའི་ཉིན། ཨ་རིའི་ནོར་སྲིད་དྲུང་ཆེ་ལྕམ་ཡེ་ལེན་ལགས་ཀྱིས་པེ་ཅིང་དུ་རྒྱ་ནག་གི་སྲིད་བློན་ལི་ཆང་ལ་མཇལ་འཕྲད་གནང་སྟེ། ཨ་རིའི་ངོས་ནས་རྒྱ་ནག་ནང་དགོས་མཁོ་ཉུང་ཞིང་ཐོན་རྫས་འཐོལ་པ་མང་བའི་གནས་སྟངས་ལ་བློ་འཚབ་ཡོད་པ་གླེང་སློང་གིས་ཕྱོགས་གཉིས་དབར་གྲོས་མོལ་དཀའ་ཚེགས་ཅན་གནང་བར་བརྒྱུད། འདས་པའི་ལོ་གཅིག་རིང་ལ་འབྲེལ་ལམ་གཏན་འཇགས་གནས་ཐུབ་པའི་རྨང་གཞི་བཏིང་ཡོད་ཅེས་གསུངས་འདུག།

ཨ་རིའི་ནོར་སྲིད་ལས་ཁུངས་ཀྱིས་སྤྱི་ཟླ་༤ པའི་ཚེས་༧ ཉིན་གྱི་ཞོགས་པར་སྤེལ་བའི་གསལ་བསྒྲགས་ལྟར་ན། ལྕམ་ཡེ་ལེན་ལགས་དང་ལི་ཆང་གཉིས་ཀྱི་མཇལ་འཕྲད་ལ་དོན་ཕན་ལྡན་པའི་གྲུབ་འབྲས་སོན་སོང་ཞེས་བརྗོད་ཡོད་པ་དང་། ཕྱོགས་གཉིས་དབར་ན་ནིང་ལོའི་སྤྱི་ཟླ་༡༡ པའི་ནང་། ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་མཆོག་དང་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་གཉིས། ཨ་རིའི་མངའ་སྡེ་སན་ཧྥུ་རན་སེ་སི་ཁོའི་ནང་མཇལ་འཕྲད་བྱུང་བ་ཚུན་ཆད། རྒྱལ་ཁབ་གཉིས་པོའི་འབྲེལ་ལམ་ལ་གཞི་རྟེན་བརྟན་པོ་བཏིང་ཐུབ་ཡོད་པའི་ཐད་བགྲོ་གླེང་བྱུང་ཡོད་པ་རེད།

གོང་ཞུས་གསལ་བསྒྲགས་དེ་ལས། ལྕམ་ཡེ་ལེན་ལགས་ཀྱིས་ཨ་རི་དང་རྒྱ་ནག་གཉིས་ཀྱི་བཟོ་གྲྭའི་ལས་མི་དང་། ཁེ་ལས་ཁག་ལ་དྲང་བདེན་གྱི་ལམ་ནས་འགྲན་རྩོད་བྱེད་པའི་དཔལ་འབྱོར་གྱི་འབྲེལ་ལམ་རྒྱུན་ལྡན་ཅན་ཞིག་བསྐྲུན་རྒྱུའི་ཐུན་མོང་གི་དམིགས་ཡུལ་ཐད་ལ་ཕན་ཚུན་དགོངས་ཚུལ་གསུང་རེས་གནང་ཡོད་པ་དང་། དེ་ལས་གཞན་དུ་ལྕམ་ཡེ་ལེན་ལགས་ཀྱིས་ཨ་རིས་དོ་སྣང་བྱེད་བཞིན་པའི་གནད་དོན་ཏེ། རྒྱ་ནག་ནང་དགོས་མཁོ་ཉུང་ཞིང་ཐོན་རྫས་འཐོལ་པ་མང་བའི་གནས་སྟངས་ཀྱིས་ཨ་རིའི་ལས་མི་དང་ཁེ་ལས་ལ་ཤུགས་རྐྱེན་ཐེབས་སྐོར་དང་། དེ་བཞིན་ཐུན་མོང་ཐོག་གདོང་ལེན་གནང་དགོས་པའི་རྒྱལ་སྤྱིའི་གནད་དོན་གྱི་གལ་ཆེ་ལུགས་ཆེ་ཚུལ་གྱི་གནས་སྟངས་དང་། ཡོང་འབབ་ཉུང་བའི་དཀའ་ངལ་དང་གསར་དར་དཔལ་འབྱོར་ལས་བྱུང་བའི་བུ་ལོན་གྱི་དཀའ་ངལ་སོགས་ཀྱི་སྐོར་ལའང་གླེང་སློང་གནང་འདུག།

༢༠༢༤ ལོའི་ཟླ་བ༤ པའི་ཚེས་༧ ཉིན། ཨ་རིའི་ནོར་སྲིད་དྲུང་ཆེ་ལྕམ་ཡེ་ལེན་ལགས་དང་། རྒྱ་ནག་གི་སྲིད་བློན་ལི་ཆང་གཉིས་པེ་ཅིང་དུ་མཇལ་འཕྲད་སྐབས།
༢༠༢༤ ལོའི་ཟླ་བ༤ པའི་ཚེས་༧ ཉིན། ཨ་རིའི་ནོར་སྲིད་དྲུང་ཆེ་ལྕམ་ཡེ་ལེན་ལགས་དང་། རྒྱ་ནག་གི་སྲིད་བློན་ལི་ཆང་གཉིས་པེ་ཅིང་དུ་མཇལ་འཕྲད་སྐབས།

རེ་ཊྲེ་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ལྕམ་ཡེ་ལེན་ལགས་ཀྱིས་ལི་ཆང་དང་མཇལ་འཕྲད་མ་གནང་སྔོན་གཏམ་བཤད་ཟིན་ཐོ་ལས། ད་དུང་ལས་དོན་མང་པོ་བསྒྲུབ་རྒྱུ་ལུས་བསྡད་ཡོད་ཀྱང་། འདས་པའི་ལོ་ངོ་གཅིག་གི་རིང་ལ་ཕྱོགས་གཉིས་བར་གྱི་འབྲེལ་ལམ་དེ་བཞིན་བརྟན་པོ་ཡོང་བའི་གཞི་རྟེན་ཞིག་བཏིང་ཐུབ་ཡོད་པའི་ངོས་འཛིན་གནང་ཡོད་པར། ཁོང་མོས། དེ་ནི་ང་ཚོ་ཕན་ཚུན་བར་གྱི་མི་མཐུན་ས་དང་དཀའ་ཚེགས་ཆེ་བའི་གྲོས་མོལ་ལ་སྣང་ཆུང་བཏང་བ་མ་ཡིན་པར། ཐད་ཀར་ཐད་སོ་དང་། ཕྱི་གསལ་ནང་གསལ་ཡོངས་གྲགས་ཀྱི་ཐོག་ནས་འབྲེལ་འདྲིས་གནང་བ་ཡིན་ན། ང་ཚོ་ད་གཟོད་མདུན་བསྐྱོད་བྱ་ཐུབ་ཀྱི་རེད། རྒྱལ་ཁབ་གཉིས་ཆ་ལ་འགན་ཁུར་ཡོད་པའི་སྒོ་ནས་རྙོང་ཟིང་ཅན་གྱི་ཕྱོགས་གཉིས་བར་གྱི་འབྲེལ་ལམ་ལ་བདག་ཚགས་གནང་རྒྱུའི་འགན་ཡོད་པ་རེད། ཅེས་གསུངས་འདུག།

དེའི་ཐད་རྒྱ་ནག་སྲིད་བློན་ལི་ཆང་གིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་བརྟན་བརླིང་ཆགས་བཞིན་པ་ཡིན། ཡེ་ལེན་གྱིས་རྒྱ་ནག་ཏུ་འཚམས་འདྲི་བྱས་པར་འཛུགས་སྐྲུན་རང་བཞིན་གྱི་དོན་འབྲས་སོན་སོང་ཞེས་དང་། རྒྱ་ནག་གིས་ཕྱོགས་ནས་ལྷག་བསམ་རྣམ་དག་གིས་རྒྱལ་ཁབ་གཉིས་བར་མཛལ་འབྲེལ་མཐུན་ལམ་ཡོང་རྒྱུའི་རེ་བ་ལས་ཁ་གཏད་ཆགས་འདོད་མེད། ཕན་ཚུན་བརྩི་བཀུར་དང་། ཞི་བདེ་མཉམ་གནས། གཉིས་སྨན་མཉམ་རུབ་བྱེད་དགོས་ངེས་རེད་ཅེས་བརྗོད་འདུག

ལྕམ་ཡེ་ལེན་ལགས་ཀྱི་རེས་གཟའ་ཉི་མའི་ཉིན་གྱི་པེ་ཅིང་གི་མཛད་རིམ་ལས། ད་དུང་པེ་ཅིང་གྲོང་ཁྱེར་གྱི་སྤྱི་ཁྱབ་དབྱིན་ཡུང་དང་མཇལ་འཕྲད་གནང་ཡོད་པར་མ་ཟད། པེ་ཅིང་སློབ་གྲྭ་ཆེན་མོའི་དགེ་རྒན་དང་སློབ་ཕྲུག་ཚོར་ཐུག་འཕྲད་གནང་ཡོད་པ་རེད། ད་ལན་ལྕམ་ཡེ་ལེན་ལགས་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་པ་དེ་ནི། ཁོང་མོ་དུས་ཡུན་ཟླ་བ་དགུའི་ནང་ཚུན་དུ་རྒྱ་ནག་ལ་འཚམས་འདྲིར་ཕེབས་པ་ཐེམངས་མ་གཉིས་པ་དེ་ཡིན་ཞིང་། ལྕམ་ཡེ་ལན་ལགས་རྒྱ་ནག་ཏུ་ཉིན་གྲངས་༤ ཡི་རིང་གི་འཚམས་འདྲིའི་དམིགས་ཡུལ་གཙོ་བོ་ནི། རྒྱ་ནག་གི་དཔོན་རིགས་ཚོར་རྒྱ་ནག་གི་གློག་གི་མོ་ཏྲ་དང་ཉི་མའི་ནུས་པའི་གློག་རྫས་དང་། དེ་བཞིན་ནུས་ཁུངས་གཙང་བཟོ་བྱེད་པའི་ལག་རྩལ་སོགས་ཀྱི་ལས་རིགས་ཁག་དང་། རྒྱ་ནག་ནང་དགོས་མཁོ་ཉུང་ཞིང་ཐོན་རྫས་འཐོལ་པ་མང་བའི་ཐོན་སྐྱེད་ལྷག་མ་དེ་དག་ལ་ཚོད་འཛིན་བྱེད་དུ་འཇུག་རྒྱུ་དེ་ཡིན་པ་རེད། རྒྱུ་མཚན་ཅི་ལགས་ཞེ་ན། རྒྱ་ནག་གི་ལས་རིགས་དེ་དག་གིས་ཐོན་རྫས་ལྷག་མ་རྣམས་ཨ་རི་དང་རྒྱལ་ཁབ་གཞན་གྱི་ཁྲོམ་རའི་ནང་བཏང་ནས། རྒྱལ་ཁབ་གཞན་ཚོའི་བཟོ་ཚོང་ཁང་གི་ཁེ་ཕན་ལ་གནོད་སྐྱོན་བཟོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ་རེད།

རེས་གཟའ་སྤེན་པའི་ཉིན་ལྕམ་ཡེ་ལན་ལགས་དང་རྒྱ་ནག་གི་སྲིད་བློན་གཞོན་པ་ཧེ་ལི་ཧྥུང་སོགས་ནས་རྒྱ་ནག་གི་གྲོང་ཁྱེར་ཀོང་ཀྲུའུ་ནང་དུ་ཆུ་ཚོད་༤ དང་ཕྱེད་ཀ་ཙམ་གྱི་རིང་ལ་གྲོས་མོལ་ཚོགས་འདུ་ཞིག་འཚོགས་ཡོད་པ་དང་། ཚོགས་འདུ་གྲོས་ཚར་བའི་ཕྱི་དྲོར་ལྕམ་ཡེ་ལེན་ལགས་ཀྱིས་གསར་འགོད་པ་ཚོར། ཁོང་ཚོས་ཐོན་སྐྱེད་བྱེད་རྒྱུ་མང་དྲགས་པའི་གནད་དོན་ཐད་ཆུ་ཚོད་གཉིས་ལྷག་རིང་ལ་གྲོས་བསྡུར་བྱས་ཡོད་པ་གསུངས་འདུག། གཞན་ཡང་ལྕམ་ཡེ་ལན་ལགས་དང་ཧེ་ལི་ཧྥུང་གཉིས་དབར་གྲོས་འཆམ་བྱུང་བའི་ལས་གཞི་གཉིས་པ་ཞིག་ནི། ཨ་རིའི་ནོར་སྲིད་ལས་ཁུངས་དང་རྒྱ་ནག་མི་དམངས་དངུལ་ཁང་གཉིས་བར་ཁྲིམས་འགལ་གྱི་མ་དངུལ་དང་ནོར་སྲིད་ནག་ཉེས་བསགས་པ། དཔེར་ན། ཁྲིམས་འགལ་གྱི་དངུལ་ནག་པོ་བཀྲུས་ནས་ཁྲིམས་མཐུན་དཀར་པོ་བཟོ་རྒྱུར་འགོག་ཐབས་ཐད་ནས་མཉམ་ལས་དང་གྲོས་བསྡུར་བྱ་རྒྱུ་དེ་རེད་འདུག། ད་ལན་ལྕམ་ཡེ་ལེན་ལགས་ཀོང་ཀྲུའུ་ནང་ཧེ་ལི་ཧྥུང་དང་ཐུག་འཕྲད་གྲོས་མོལ་གནང་དུས་ཨ་རིའི་ཚོང་དོན་སྡེ་ཚན་གྱི་དཔོན་རིགས་ཁག་དང་རྒྱ་ནག་གི་ཚོང་དོན་དཔོན་རིགས་ཚོའི་བར་ལ་ཡང་ཨ་རི་དང་རྒྱ་ནག་ཕྱོགས་གཉིས་བར་གྱི་དཔལ་འབྱོར་དང་ཚོང་དོན་གྱི་འབྲེལ་ལམ་སྐོར་ནས་གྲོས་མོལ་གནང་འདུག།

དེ་ལྟར་ལགས་ཀྱང་རྒྱ་ནག་གིས་བཟོ་སྐྲུན་ལས་རིགས་ལ་མ་རྩ་གཏོང་ཕྱོགས་ཐད་ཚོད་འཛིན་བྱ་རྒྱུའི་ཚབ་ཏུ་མ་དངུལ་ལྡབ་མང་པོ་ཁ་སྣོན་བྱས་ཏེ། ཞི་ཅིན་ཕིང་གིས་བཏོན་པའི་ཐོན་སྐྱེད་ནུས་ཤུགས་གསར་པ་ཞེས་པ་ཡར་རྒྱས་གཏོང་དགོས་པའི་འབོད་ཚིག་དེར་བསྟུན་ཐབས་བྱེད་ཀྱི་ཡོད་པ་རེད། ཐོན་ལས་དེའི་ཁོངས་སུ་གློག་གི་མོ་ཊ་དང་། ཚོང་དོན་གྱི་འཕུར་སྐྱོད་གནམ་གྲུ། ཚན་རིག་སོགས་ལག་རྩལ་ཚད་མཐོའི་གྲས་ཡིན་པ་དང་། ལྕམ་ཡེ་ལེན་ལགས་རྒྱ་ནག་ཏུ་འཚམས་གནང་རིང་། རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཁག་གིས་ལྕམ་ཡེ་ལེན་ལགས་ཀྱི་རྒྱ་ནག་ནང་དགོས་མཁོ་ཉུང་ཞིང་ཐོན་རྫས་འཐོལ་པ་མང་བའི་ཐོན་སྐྱེད་ལྷག་མའི་སྐོར་གྱི་བཀའ་མོལ་ལ་དགག་པ་བརྒྱབ་སྟེ། དགོངས་ཚུལ་དེ་ནི་ཨ་རིའི་སྲུང་སྐྱོབ་རིང་ལུགས་པའི་སྲིད་ཇུས་ཀྱི་ཁ་གཡར་ས་ཡིན་པར་མ་ཟད། དེ་ལ་བརྟེན་ནས་ཨ་རིའི་བཟོ་ཚོང་ཁང་ལ་སྲུང་སྐྱོབ་བྱ་འདོད་རེད། ཅེས་བརྗོད་འདུག།

གླེང་སྟེགས།

XS
SM
MD
LG