ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༡༡/༢༤

ཨོ་རྒྱན་རྟ་མང་གིས་ཡུཀ་རེན་ནས་སྐྱོབ་རོཊ་བྱོས་ཞེས་རྒྱ་གར་ལ་འབོད་སྐུལ་ཞུས།


ཨོ་རྒྱན་རྟ་མང་རྒྱ་གར་གྱི་དམག་མི་ཟུར་པ་ཁག་ཅིག་ར་ཤི་ཡའི་དམག་ཁོངས་སུ་ཞུགས་ནས་ཡུཀ་རེན་གྱི་འཐབ་འཁྲུག་ལ་ཞུགས།
ཨོ་རྒྱན་རྟ་མང་རྒྱ་གར་གྱི་དམག་མི་ཟུར་པ་ཁག་ཅིག་ར་ཤི་ཡའི་དམག་ཁོངས་སུ་ཞུགས་ནས་ཡུཀ་རེན་གྱི་འཐབ་འཁྲུག་ལ་ཞུགས།

༄༅།། ཨོ་རྒྱན་རྟ་མང་(Urgen Tamang)་དང་རྒྱ་གར་གྱི་དམག་མི་ཟུར་པ་ཁག་ཅིག་ར་ཤི་ཡའི་དམག་ཁོངས་སུ་ཞུགས་ནས་ཡུཀ་རེན་གྱི་འཐབ་འཁྲུག་ལ་ཞུགས། ཕྱི་ཟླ་༩་པའི་ཚེས་༡༨་ཉིན་བི་བི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨོ་རྒྱན་རྟ་མང་གིས་ང་ལ་འཇིགས་སྣང་ཆེན་པོ་ཡོང་གི་འདུག ང་ནི་རང་ཡུལ་དུ་གསོན་པོར་ལོག་ཐུབ་པའམ། ཡང་ན་རོ་སྒམ་ནང་དུ་རོ་བྱས་ནས་ལོག་ཐུབ་རྒྱུ་ཡིན་མིན་དེར་ངེས་གཏན་ཅི་ཡང་མི་འདུག རྒྱ་གར་གཞུང་གིས་ངའི་ཚེ་སྲོག་སྐྱོབ་རོགས་བྱོས་ཞེས་འབོད་སྐུལ་ཞུས། ཨོ་རྒྱན་རྟ་མང་སོགས་དམག་ས་ནས་ཕྱིར་འཐེན་མ་བྱས་པའི་ཉིན་ཤས་སྔོན་དུ་ཡུཀ་རེན་གྱི་ལྷོ་ཕྱོགས་གྲོང་མཐའ་ཞིག་ནས་བི་བི་སི་གསར་འགྱུར་ལས་ཁང་གི་གསར་འགོད་པ་བརྒྱུད་དེ་རྒྱ་གར་གཞུང་ལ་འབོད་སྐུལ་གྱི་འཕྲིན་དེ་བསྐུར། རྒྱ་གར་གྱི་དབུལ་ཕོངས་ཁྱིམ་ཚང་ཁང་གི་སྐྱེས་པ་ཚོ་གླ་ཕོགས་ཀྱི་ཆེད་དུ་ར་ཤི་ཡའི་དམག་ཁོངས་སུ་ཞུགས་ནས་ཡུཀ་རེན་གྱི་དམག་ས་ཁག་ཏུ་བཏང་སྟེ་བསད་རྨས་ཚབས་ཆེན་འབྱུང་གི་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་གར་གྱི་མི་ཚོང་རྒྱག་མཁན་ཚོས་ཨོ་རྒྱན་རྟ་མང་སོགས་རྒྱ་གར་གྱི་དམག་མི་ཟུར་པ་༩༡་མགོ་སྐོར་བཏང་ནས་ར་ཤི་ཡར་ཁྲིད་དེ་དམག་ཁོངས་སུ་བཅུག ད་ལྟའི་བར་དུ་ཡུཀ་རེན་གྱི་དམག་ས་ཁག་ཏུ་རྒྱ་གར་བ་༩་བསད་པ་ངེས་གཏན་ཐུབ་ཀྱང་འཆི་གསོན་ཅི་ཡིན་མ་ཤེས་པའང་ཡོད་ཤས་ཆེ། རྒྱ་གར་གཞུང་གིས་མི་ཚོང་རྒྱག་མཁན་མི་༡༩་འཛིན་བཟུང་བྱས་ནས་ཁྲིམས་ལ་སྦྱར། བདུན་ཕྲག་སྔོན་མར་ལྡི་ལི་གསར་པའི་ལས་སྣེ་ཚོས་ར་ཤི་ཡའི་དམག་ཁོངས་སུ་རྒྱ་གར་བ་༩༡་ཡོད་པའི་གྲས་ཀྱི་མི་༣༥་དམག་ཁོངས་ནས་ཕྱིར་སློག་བྱས་བྱུང་། མི་ཁག་ཅིག་རང་ཡུལ་དུ་བསླེབས་ཟིན་ཡོད་པ་དང་མི་ཁག་ཅིག་ཕྱིར་ལོག་བྱ་རྒྱུའི་རྒྱུད་རིམ་ཁྲོད་དུ་ཡོད་ཅེས་བསྒྲགས། ཨོ་རྒྱན་རྟ་མང་གིས་རང་ཡུལ་ལ་མགྱོགས་ནས་མྱུར་དུ་ལོག་ཐུབ་རྒྱུའི་རེ་ལྟོས་འཆང་ཡོད་ཅེས་གསར་འགོད་པར་གླེང་མོལ་བྱས་འདུག

སུ་ནིལ་ཀར་བ་(Sunil Karwa)་ནི་རྒྱ་གར་གྱི་ར་ཇ་སི་ཐན་མངའ་སྡེའི་གློག་བཟོ་བ་ཞིག་ཡིན་ཞིང་། ཁ་སྔོན་ཕྱི་ཟླ་༢་ནང་ར་ཤི་ཡའི་དམག་ཁོངས་སུ་ཞུགས་ཏེ་ཡུཀ་རེན་གྱི་ཤར་ཕྱོགས་སུ་ཆགས་པའི་བྷག་མུ་ཏ་གྲོང་ཁྱེར་དུ་ལྷགས། སྔ་ལོ་བྷག་མུ་ཏ་གྲོང་ཁྱེར་ནི་ཁྲག་སྦྱོར་གྱི་འཁོར་ལོ་བསྐོར་སའི་དམག་ས་ཞིག་ཏུ་གྱུར། མོ་སི་ཀོའི་གནམ་ཐང་དུ་སུ་ནིལ་ཀར་བ་རྒྱ་གར་ལ་ཕྱིར་ལོག་བྱ་རྒྱུའི་གནམ་གྲུར་སྒུག་ཡོད་པའི་སྐབས་དེར་བི་བི་སི་གསར་ཁང་གི་གསར་འགོད་པར་ང་ནི་མ་ཤི་བར་ཡུཀ་རེན་གྱི་དམག་ས་ནས་གསོན་པོར་ཐར་པ་རེད་ཟེར་ན་ཡིད་ཆེས་ཀྱི་མི་འདུག ང་ཚོར་དམག་སྦྱོང་ཡག་པོ་ཞིག་མ་སྤྲད་པར་ར་ཤི་ཡའི་དམག་གིས་བླངས་ཟིན་པའི་ཡུཀ་རེན་གྱི་ས་གནས་ཁག་ཏུ་བཏང་བ་རེད། ས་མེ་འབར་གས་དང་ཁ་ལོ་བ་མེད་པའི་འཕུར་གྲུ། འཕུར་མདེལ་དང་ལྐོག་མདའ་རྒྱག་མཁན་སོགས་ཀྱི་རྒོལ་རྡུང་ཁྲོད་དུ་སྲོག་མགོ་ཐོན་ཐུབ་རྒྱུ་ཤིན་ཏུ་དཀའ་ཞེས་བཀྲལ།།

ཨུ་རུ་སུས་ཡུ་ཁེ་རེན་གྱི་དམག་དོན་ཆེད་དུ་བསྡུ་རུབ་བྱས་པའི་དམག་མི།
ཨུ་རུ་སུས་ཡུ་ཁེ་རེན་གྱི་དམག་དོན་ཆེད་དུ་བསྡུ་རུབ་བྱས་པའི་དམག་མི།

སུ་ནིལ་ཀར་བས་མུ་མཐུད་དུ་བཤད་པ་ལྟར་ན། ཁོ་པའི་ཕ་ཡུལ་གྱི་ཉེ་འཁྲིས་སུ་ཆགས་པའི་གྲོང་གསེབ་ཅིག་གི་རྒྱ་གར་བ་ཞིག་གི་མགོ་ལ་མདེའུ་ཕོག་ནས་ལྔ་ལམ་དུ་བརྫངས། རྒྱ་གར་བ་གཞན་ཞིག་ལ་རྨས་སྐྱོན་ཕོག་ཀྱང་ཉིན་བཅོ་ལྔའི་རྗེས་སུ་སླར་ཡང་དམག་སར་བཏང་སྟེ་དྲན་པ་བརྒྱལ་ནས་ས་རུ་འགྱེལ། དེང་སང་རྒྱ་གར་བ་དེར་གཟའ་འགྲིབ་ཕོག་ནས་འགུལ་མི་ཐུབ་པར་གྱུར། ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་རྨས་བྱུང་བ་རྣམས་ཡིད་ལ་དྲན་ན་སྐྱི་གཡའ་བ་ཞིག་རེད་ཅེས་ཉམས་མྱོང་རྣམས་བཤད། ཨོ་རྒྱན་རྟ་མང་གིས་ང་ཕྱི་ཟླ་དང་པོའི་ནང་དུ་ར་ཤི་ཡའི་དམག་ཁོངས་སུ་ཞུགས་པ་ཡིན། ང་ཚོའི་བཅུ་ཤོག་ལ་མི་༡༥་ཡོད་པ་དེའི་ནང་གི་ར་ཤི་ཡའི་དམག་མི་མ་ཡིན་པའི་མི་༡༣་གྱི་ཚེ་སྲོག་ཤོར་སོང་། ངས་ཕྱི་ཟླ་༨་ནང་དམག་ཁོངས་ནས་ཕྱིར་འཐེན་བྱ་རྒྱུའི་ཡིག་ཆར་མིང་རྟགས་བཀོད་པའི་རྗེས་སུའང་དམག་སར་ཐེངས་གཉིས་བཏང་བྱུང་ཞེས་མགྲིན་ཚབ་པ་ཞིག་བརྒྱུད་ནས་རྒྱ་གར་གྱི་བང་ཆེན་ཚགས་པར་གྱི་གསར་འགོད་པར་གླེང་མོལ་བྱས་འདུག

ར་ཤི་ཡའི་དམག་ཁོངས་སུ་ཞུགས་པའི་རྒྱ་གར་བ་དེ་རྣམས་ལོ་༡༩་ནས་༣༥་བར་དུ་སོན། ཁོ་ཚོ་རྒྱ་གར་གྱི་དམག་མི་ཟུར་པ་དང་གླ་ཕོགས་དམའ་བའི་ལས་བྱེད་པ་ཡིན་པས་རྒྱ་གར་དང་དྷུ་བྷེ། ར་ཤི་ཡ་བཅས་སུ་ཡོད་པའི་དམག་བསྡུ་ལས་ཁུངས་ཁག་གིས་གླས། ཁོ་ཚོའི་གན་རྒྱ་རྣམས་ར་ཤི་ཡའི་ཡི་གེར་བྲིས་ཏེ་ནང་དོན་མི་ཤེས་ཀྱང་གོ་སྐབས་ཡག་པོ་ཞིག་འཐོབ་རྒྱུའི་རེ་བ་བཅངས་ནས་མིང་རྟགས་བཀོད། སུ་ནིལ་ཀར་བས་ར་ཤི་ཡའི་དམག་ཁོངས་སུ་ཞུགས་རྒྱུ་ནི་སྟབས་བདེ་པོ་རེད། མིང་རྟགས་འགའ་ཞིག་བཀོད་ནས་འདྲ་པར་ཁག་ཅིག་བླངས་ན་འགྲིག་གི་འདུག་ཟེར། ར་ཇ་པ་ཐན་(Raja Pathan)་ཞེས་པའི་རྒྱ་གར་བ་དེ་ཕྱི་ཟླ་༢་པའི་ནང་སློབ་སྦྱོང་ལ་འཁྲིད་དགོས་ཞེས་མགོ་སྐོར་བཏང་ནས་ར་ཤི་ཡར་ཁྲིད། ཁོ་པ་བྱ་ཐབས་ཟད་ནས་ར་ཤི་ཡའི་དམག་ཁོངས་སུ་ཞུགས་རྒྱུའི་གན་རྒྱ་བཞག ཁོ་པས་ངས་གང་ས་གང་དུ་དམག་ལ་ཞུགས་དགོས་ཞེས་འཁོད་པའི་འཕྲེད་དར་འཐེན་ཡོད་པ་མཐོང་བྱུང་། ངས་དུས་ཚོད་དང་དངུལ་སྒོར་མང་པོ་ཆུད་ཟོས་སུ་བཏང་ཟིན་པས་དམག་ཁོངས་སུ་ཞུགས་རྒྱུའི་མོས་མཐུན་བྱས་པ་ཡིན་ཞེས་བཤད།།

ར་ཇ་པ་ཐན་གྱི་གྲོགས་པ་གཉིས་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་པས་ཁོ་པ་དམག་ཁོངས་ནས་ཕྱིར་འཐེན་བྱ་རྒྱུའི་སེམས་ཐག་བཅད། ཁ་སྔོན་ཕྱི་ཟླ་༨་པའི་ནང་ར་ཤི་ཡའི་དམག་དཔོན་ཞིག་གིས་སྙིང་རྗེ་བསྒོམས་ནས་ར་ཇ་པ་ཐན་ལ་དགོངས་པ་སྤྲད། དེང་སྐབས་ཁོ་པ་ར་ཤི་ཡའི་རྒྱལ་ས་མོ་སི་ཀོར་བསྡད་ནས་རྒྱ་གར་བ་རྣམས་དམག་ཁོངས་ནས་ཕྱིར་ལེན་བྱ་རྒྱུའི་རོགས་ཕན་སྒྲུབ་ཀྱི་ཡོད་ཅིང་། ཟླ་བ་འདིའི་ཕྱི་ཚེས་༡༢་ཉིན་རྒྱ་གར་གྱི་ཏེ་ལན་གྷ་ན་མངའ་སྡེའི་ཡུལ་མི་མྷོ་མེ་ད་སུ་ཧྥི་ཡན་(Mohammad Sufyan)་དང་རོགས་པ་༥་རང་ཡུལ་དུ་བསླེབས། ཁོ་པས་ཡུཀ་རེན་གྱི་དམག་ས་ཁག་ནི་དམྱལ་བ་ལྟ་བུ་ཞིག་རེད། ངས་ཉི་མ་༢༥་ལ་བཟའ་མི་ཚོར་ཁ་པར་བཏང་ནས་སྐད་ཆ་བཤད་མ་ཕོད། ངའི་འཁྲིས་དེར་གུ་ཇ་ར་ད་བ་ཧེ་མིལ་མན་གུ་ཀི་ཡ་(Hemil Mangukiya)་ཞེས་པ་ཞིག་གིས་ས་དོང་འབྲུ་བཞིན་པའི་སྐབས་དེར་འཕུར་མདེལ་ཕོག་ནས་བསད་སོང་། ངས་འདས་པོ་དེའི་ཕུང་པོ་རླངས་འཁོར་ནང་དུ་བཞག་པ་ཡིན། ངས་རང་གི་འཐབ་གྲོགས་ཀྱི་ཕུང་པོ་མཐོང་བའི་རྗེས་སུ་ལུས་སེམས་ཀྱི་སྟབས་ཤུགས་ཡོངས་སུ་ཟད་སོང་ཞེས་འགྲེལ་བརྗོད་བྱས་འདུག

ཨ་ཛ་ད་ཡུ་སེབ་ཀུ་མར་(Azad Yusuf Kumar)་ཞེས་པ་ནི་ཀསྨིར་གྱི་ཡུལ་མི་ཞིག་ཡིན་པ་དང་ཕྱི་ཟླ་༢་པའི་ནང་ར་ཤི་ཡའི་དམག་ཁོངས་སུ་ཞུགས། ཁོ་པས་ང་མ་ཤི་བར་རང་ཡུལ་དུ་ལོག་ཐུབ་པ་ནི་ངོ་མཚར་ཆེ། ཡུཀ་རེན་གྱི་དམག་སར་སྐད་ཅིག་དང་པོ་དེར་ས་དོང་འབྲུ་བཞིན་ཡོད་ན་སྐད་ཅིག་གཉིས་པ་དེར་སྒྱོགས་མདེལ་ཕོག་ནས་ཐམས་ཅད་བསྲེག་པར་འགྱུར། སྒྱོགས་མདེལ་དེ་རང་གི་མགོ་རུ་ལྷུང་རྒྱུ་ཡིན་ནམ། ཡང་ན་མི་གཞན་ཞིག་གི་སྟེང་དུ་ལྷུང་རྒྱུ་ཡིན་མིན་དེ་ཀླུང་རྟ་མཐོ་དམན་ཙམ་རེད། ང་ཚོའི་བཀོད་འདོམས་པས་ལག་པ་གཡས་གཡོན་གཉིས་ཀས་མེ་མདའ་རྒྱོབས། གནམ་ལ་རྒྱོབས། ས་ལ་རྒྱོབས་ཞེས་སློབ་ཁྲིད་བྱས་ཀྱང་ངས་སྔོན་ཆད་མེ་མདའ་ཞིག་ལ་ལག་པ་འཆང་མ་མྱོང་། ངས་གཟབ་ནན་མ་བྱས་པར་རང་གི་རྐང་པར་མེ་མདའ་བརྒྱབ་པ་རེད། བཀོད་འདོམས་པས་ངས་བསམ་བཞིན་དམག་འཁྲུག་ལ་ཞུགས་རྒྱུར་གཡོལ་ཐབས་སུ་རྐང་པའི་སྟེང་དུ་མེ་མདའ་བརྒྱབ་པ་རེད་ཅེས་ཉེས་འཛུགས་བྱས་བྱུང་། སྐབས་དེར་ང་ཚོའི་སྒར་ཤོག་གི་མི་༤་དམག་སར་བསད། གལ་སྲིད་ང་རྨས་མེད་ན་སྲོག་སྐྱོན་ཕོག་པ་དེ་དག་གི་གྲས་ཀྱི་གཅིག་ང་ཡིན་སྲིད་ཅེས་བཤད་འདུག

ཕྱི་ཟླ་༩་པའི་ཚེས་༩་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་རྒྱ་གར་གྱི་དབུས་ཞིབ་གཅོད་ལས་ཁུངས་ཀྱི་ལས་སྣེ་ཚོ་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་བྱང་ཕྱོགས་ཀྱི་ཀསྨིར་དང་ལྷོ་ཕྱོགས་ཀྱི་ཏ་མིལ་ན་དྷུ་བར་དུ་མི་ཚོང་རྒྱག་མཁན་ཚོས་ཚོགས་པ་ཚུགས། ཁོ་ཚོས་རྒྱ་གར་བ་ཚོར་ཕྱི་རྒྱལ་གྱི་སྒེར་གཉེར་སློབ་ཆེན་ཁག་ཏུ་སློབ་སྦྱོང་གི་གོ་སྐབས་འདུག ཕྱི་རྒྱལ་དུ་ལས་ཀ་ཡོད་པ་དང་གླ་ཕོགས་ཆེན་པོ་སྤྲོད་ཀྱི་འདུག་ཅེས་གཡོ་ཐབས་ཀྱིས་ར་ཤི་ཡར་ཁྲིད། རྒྱ་གར་བ་དེ་རྣམས་མོ་སི་ཀོར་འབྱོར་བའི་རྗེས་སུ་ཕྱིར་སྐྱོད་ལག་འཁྱེར་རྣམས་ཕྲོགས། ཁོ་ཚོ་ར་ཤི་ཡའ་དམག་ཁོངས་བཅུག་སྟེ་ཉིན་ཤས་ཀྱི་དམག་སྦྱོང་སྤྲད་ནས་ཡུཀ་རེན་ལ་ཁྲིད་ཀྱི་ཡོད་པ་རྩད་གཅོད་ཐུབ། ཉེ་ཆར་ཕྱི་ཟླ་༧་ནང་སྲིད་བློན་མོ་དྷི་དང་ཕུ་ཊིན་གཉིས་ཐུག་འཕྲད་བྱུང་བའི་སྐབས་སུ་རྒྱ་གར་བ་རྣམས་ར་ཤི་ཡའི་དམག་ཁོངས་ནས་ཕྱིར་སློག་བྱ་དགོས་ཞེས་གྲོས་མོལ་བྱས་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG