ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༡༢/༢༥

རྒྱ་ནག་མཐོ་རིམ་ནང་ཁུལ་གྱི་ཟིང་ཆ་དང་ཡིད་ཆེས་ཉམས་ཉེན།


རྒྱ་ནག་གི་རྒྱལ་སྲུང་དཔོན་པོ་ལི་ཧྲང་ཧྥུ་སྤྱི་པའི་མཐོང་ལམ་དུ་མངོན་རྒྱུ་མེད་པར་ཆགས་ནས་བདུན་ཕྲག་གཉིས་ཙམ་ཕྱིན་པ་དེས་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ནང་ཁུལ་དུ་ཡོ་འཁྱོམ་ཆེ་ཞིང་ལྷིང་འཇགས་མེད་པའི་གནས་སྟངས་རིགས་གསར་པ་ཞིག་དར་བཞིན་ཡོད་པ་མཚོན་གྱི་ཡོད་པར་མ་ཟད། མི་རྣམས་ལ་ཞི་ཅིན་ཕིང་གི་དབང་བསྒྱུར་འོག་ཏུ་ཅི་ལའང་ངེས་གཏན་མེད་པའི་རང་བཞིན་ཞིག་ཀྱང་གསལ་སྟོན་བྱས་ཤིང་། གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་དོན་ལྟར་ན། ངེས་གཏན་ཆ་འཇོག་མི་འཕེར་བའི་གནས་སྟངས་ཇེ་མང་དུ་འགྲོ་བཞིན་པ་དེས། ཅིག་བྱས་ན་རྒྱལ་ཁབ་གཞན་པ་ཚོས་འཛམ་གླིང་ཐོག་དཔལ་འབྱོར་སྟོབས་ཤུགས་ཨང་གཉིས་པ་ཡིན་པའི་རྒྱ་ནག་གི་མཐོ་རིམ་ལ་ཡིད་ཆེས་ཡོང་རྒྱུའི་ཐད་ཤུགས་རྐྱེན་ཐེབས་རྒྱུ་རེད་འདུག།

ལི་ཧྲང་ཧྥུ་སྤྱི་ཟླ་༨ པའི་ཟླ་མཇུག་ཏུ་སྤྱི་པའི་མཐོང་ལམ་དུ་ཐེངས་ཤིག་མངོན་པ་ནས་བཟུང་། ད་ཕན་མ་མཐའ་ཡང་ཕྱིའི་རྒྱལ་ཁབ་ནས་འཚོགས་པའི་རྒྱལ་སྲུང་དཔོན་པོའི་ཚོགས་འདུ་ཐེངས་གཅིག་ལ་ཆད་ཡོད་ཅིང་། གནས་ཚུལ་ཐོན་གསལ་ལྟར་ན། ཁོ་པར་ད་ཆ་དམག་དོན་མཁོ་ཆས་ཉོ་སྒྲུབ་ཐད་ཀྱི་ལྐོག་ཟ་རུང་སུངས་ཀྱི་གྱོད་དོན་ཞིག་ལ་ལེ་ཐོགས་ཏེ་ཞིབ་བཤེར་བྱེད་བཞིན་ཡོད་པར་བརྗོད། དེ་བཞིན་གོ་གནས་སུ་འཁོད་ནས་ལོ་ཕྱེད་ཀ་ལས་སོང་མེད་པའི་ཕྱི་སྲིད་དཔོན་པོ་ཆིང་ཀང་ཁྱད་མཚར་ངང་གར་སོང་ཆ་མེད་དུ་གྱུར་བའི་ཐད་ཀྱང་། རྒྱ་ནག་གཞུང་གིས་འགྲེལ་བཤད་གང་ཡང་བྱས་མེད། དེ་དང་ཆབས་ཅིག། རྒྱ་ནག་གི་རྡུལ་ཕྲན་གོ་མཚོན་ལ་འགན་འཁུར་དོ་དམ་བྱེད་པོ་མེ་ཤུགས་འཕུར་མདེལ་གྱི་དཔུང་སྡེའི་མཐོ་རིམ་ལའང་གློ་བུར་དུ་བཅོས་སྒྲིག་བྱས་འདུག།

ཞི་ཅིན་ཕིང་གིས་ད་ཆ་ནུས་ཤུགས་རྩལ་སྤྲུགས་ཀྱིས་དམིགས་པ་མ་ལུས་རྒྱ་ནག་ནང་ཁུལ་དུ་སྤྲོད་བཞིན་ཡོད་པ་ལྟར་སྣང་། ཁོ་པ་ཉེ་ལམ་རྒྱ་གར་དུ་སྐོང་འཚོགས་གནང་བའི་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་སུ་མཉམ་ཞུགས་བྱས་མེད་པ་དེས། འཛམ་གླིང་གི་རྒྱལ་ཁབ་ཁག་གི་ཕྱི་སྲིད་དཔོན་པོ་ཚོའི་དོ་སྣང་བྱ་གཞི་ཞིག་ཏུ་ཆགས་ཤིང་། སྲིད་དོན་པ་དང་ཉམས་ཞིབ་པ། གསར་ཁང་སོགས་ཀྱིས་དེ་དོན་ཚོད་དཔག་སྣ་ཚོགས་བྱས་དང་བྱེད་མུས་སུ་གནས། རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་སུ་མཉམ་ཞུགས་བྱས་མེད་པ་དེ་ནི། ཞི་ཅིན་ཕིང་སྲིད་ཀྱི་སྡིངས་ཆར་འཁོད་ནས་ད་བར་ལོ་ངོ་བཅུའི་རིང་ལ་རྒྱལ་སྤྱིའི་དབུ་ཁྲིད་ལྷན་འཛོམས་སར་ཆད་པ་ཐེངས་མ་དང་པོ་དེ་ཆགས་ཡོད་པ་རེད། ལི་ཧྲང་ཧྥུ་གར་སོང་ཆ་མེད་དུ་གྱུར་བ་དང་ཞིབ་བཤེར་གྱི་དོན་རྐྱེན་ཐད། ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་ཞིག་གིས་རེས་གཟའ་པ་སངས་ཉིན་གསར་འགོད་པར་དེ་དོན་གནས་ཚུལ་ཤེས་རྟོགས་བྱུང་མེད་པའི་སྐོར་ལན་འདེབས་གནང་འདུག་པ་དང་། ཨ་རིའི་རྒྱལ་སྲུང་ལྷན་ཁང་དང་ཕྱི་སྲིད་ལྷན་ཁང་གི་ངོས་ནས་དེའི་ཐད་དཔྱད་བརྗོད་སྤེལ་མེད་པ་རེད།

ཨ་རིའི་རྒྱལ་སྲུང་ལས་ཁུངས་ཀྱི་དཔོན་རིགས་ཟུར་པ་དང་། ད་ལྟ་སིང་གྷ་ཕོའི་གཞུང་བཙུགས་གཙུག་ལག་སློབ་གྲྭ་ཆེན་མོའི་ཉམས་ཞིབ་པ་ཐོ་མ་སོན Drew Thompson ལགས་ཀྱིས་གསུངས་དོན་དུ། ད་ལྟ་དབྱེ་ཞིབ་གསལ་པོ་ཞིག་བྱ་དགོས་འདུག། དེ་ནི་རྒྱ་ནག་དེ་བཞིན་མཉམ་ལས་དང་འགྲན་རྩོད་བྱ་ཡུལ་གང་ཡིན་གྱི་རྩོད་པ་ཙམ་ལ་འབྲེལ་བ་ཡོད་པ་ཁོ་ན་མ་ཡིན་པར། དེ་དང་དུས་མཚུངས་སུ་དཔལ་འབྱོར་དང་ཆབ་སྲིད། དམག་དོན་བཅས་ཀྱི་ཉེན་ཁའི་འབྱུང་གཞི་ཞིག་ཡིན་མིན་གྱི་གནད་དོན་ལ་འབྲེལ་བ་ཆགས་ཀྱི་ཡོད་པ་རེད། ཅེས་དང་། ཡང་ཁོང་གིས་གསལ་སྟོན་གནང་དོན་ལ། མི་སྣ་བསྐོ་བཞག་བྱེད་ལུགས་ཕྱི་གསལ་ནང་གསལ་མེད་པའི་རྐྱེན་གྱིས་འགྲེལ་བཤད་སྣ་ཚོགས་པ་ཚང་མར་རྒྱུ་མཚན་ལྡན་པར་སྣང་ཡང་། དེ་ལས་ལྡོག་སྟེ་དོན་ལ་རྒྱ་ནག་གཞུང་ལ་ཡིད་ཆེས་བརླག་པའི་ཉམས་ཉེན་ཇེ་ཆེར་ཕྱིན་འདུག་པར་འདོད།

ལི་ཧྲང་ཧྥུ་རྒྱལ་སྲུང་དཔོན་པོའི་གོ་གནས་སུ་འཁོད་པ་ནས་བཟུང་། རྒྱ་ནག་གི་རྒྱ་བསྐྱེད་དང་སྡིགས་སྐུལ་གྱི་དམག་དོན་ཕྱི་འབྲེལ་སྲིད་ཇུས་ཀྱི་མགྲིན་ཚབ་པ་ཞིག་ཏུ་ངེས་ཤིང་། སྤྱི་ཟླ་༦ པའི་ནང་བདེ་འཇགས་གླེང་སྟེགས་ཤིག་གི་ཐོག་ཨ་རིའི་དམག་དོན་བྱ་སྤྱོད་འགའ་ཤས་ཐད་བློ་འཚབ་ཀྱི་རྣམ་འགྱུར་བསྟན་ཡོད་པ་དང་། སྤྱི་ཟླ་༨ པའི་ནང་ཁོ་པ་ཨུ་རུ་སུ་དང་བྷེ་ལ་རུ་སིར་འཚམས་འདྲིར་ཕྱིན་ཡོད་པ་རེད། མ་གཞིར་ལི་ཧྲང་ཧྥུ་ཡིས་སྤྱི་ཟླ་༡༠ པའི་ནང་པེ་ཅིང་དུ་རྒྱལ་སྤྱིའི་བདེ་འཇགས་ཚོགས་འདུ་ཞིག་གཙོ་སྐྱོང་བྱ་འཆར་ཡོད་པར་མ་ཟད། རྒྱ་ནག་དམག་དཔུང་གི་ཚབ་བྱས་ཏེ་སྤྱི་ཟླ་༡༡ པའི་ནང་ཨིན་རྡུ་ནེ་ཞི་ཡའི་ནང་སྐོང་འཚོགས་གནང་འཆར་ཡོད་པའི་རྒྱལ་སྲུང་དཔོན་པོའི་ཚོགས་འདུ་ཞིག་ལ་མཉམ་ཞུགས་བྱ་རྒྱུ་ཡིན་པ་རེད། ལྐོག་ཟ་རུལ་སུངས་ཀྱི་གནད་དོན་དེ་རྒྱ་ནག་གི་དམག་དཔུང་དང་རྒྱལ་ཁབ་ཀྱི་ལས་ཁུངས་ཀུན་ལ་ཁྱབ་ཡོད་ཙང་། གནད་དོན་དབྱེ་ཞིབ་པ་དང་ཕྱི་སྲིད་དཔོན་རིགས་ཚོ་ལྟར་ན། ཞི་ཅིན་ཕིང་གི་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གི་བྱ་སྤྱོད་དེ་བཞིན་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དོན་སྤྱི་ལ་གཙང་སེལ་བྱ་རྒྱུའི་ལས་འགུལ་ཞིག་ཡིན་པ་མཚོན་གྱི་ཡོད་པ་རེད།

འཇར་མན་དུ་རྟེན་གཞི་བྱས་ཡོད་པའི་རྒྱ་ནག་ཉམས་ཞིབ་ལྟེ་གནས་ཤིག་གི་ཞིབ་འཇུག་པ་སྐུ་བགྲེས་པ་ཧེ་ལེ་ནཱ་ལེ་གྷར་ཌ་ Helena Legarda ལགས་ནས་གསུང་དོན་དུ། རྒྱུ་རྐྱེན་ཅི་ཡིན་ལ་མ་ལྟོས་པར། གར་སོང་ཆ་མེད་དུ་གྱུར་བའི་གནད་དོན་དེ་དག་རྒྱུན་ཆད་མེད་པར་བྱུང་དང་འབྱུང་བཞིན་པའི་ཉམས་སྣང་ཞིག་ཡོང་གིན་འདུག། དེས་ཕྱིའི་རྒྱལ་ཁབ་དང་རྒྱ་ནག་གི་ལས་རིགས་གཅིག་ཚོའི་བར་འབྲེལ་འདྲིས་བྱེད་སྐབས་ཡིད་ཆེས་འཕེར་བ་ཞིག་ཡོང་ཐུབ་མིན་ཐད་ཤུགས་རྐྱེན་ཐེབས་རྒྱུ་རེད་ཅེས་བརྗོད། དེ་བཞིན་སིང་གྷ་ཕོར་གནས་བཞུགས་བདེ་འཇགས་གནད་དོན་དཔྱད་ཞིབ་པ་ཨེ་ལེ་ཟན་ཌེར་ནེལ་ Alexander Neill ལགས་ཀྱིས་བརྗོད་དོན་དུ། དོན་དག་དེ་དག་ཐམས་ཅད་ཕྱི་གསལ་ནང་གསལ་མེད་པར་མ་ཟད། གློ་བུར་ཐོག་རྒྱག་ལ་ཡོང་གི་འདུག། ད་ལྟ་གཏན་འཁེལ་ནས་ཞུ་ཐུབ་པ་ཞིག་ནི། ཞི་ཅིན་ཕིན་གྱི་འཇིག་རྟེན་ནང་ཁོ་པ་དང་འབྲེལ་ལམ་ཉེ་པོ་ཉར་ཐུབ་པ་ཙམ་གྱིས་གོ་གནས་བརྟན་པོ་འཛིན་ཐུབ་པའི་ངེས་གཏན་མི་འདུག།

ཨེ་ཤེ་ཡའི་རྒྱལ་ཁབ་ཀྱི་ཕྱི་སྲིད་དཔོན་པོ་ཞིག་གིས། གལ་སྲིད་ལི་ཧྲང་ཧྥུར་བསྐོས་པའི་ལས་ཀྱི་བྱེད་བབས་དེ་ལས། ཞི་ཅིན་ཕིང་གིས་རྒྱ་ནག་ནང་ཁུལ་དུ་དོ་སྣང་བྱེད་ཤུགས་ཆེ་རུ་གཏོང་བཞིན་པ་མཚོན་ཚེ། རྒྱ་ནག་དང་ལྷན་དུ་གུ་ཡངས་དང་སྒོ་འབྱེད། ཕན་ཚུན་འབྲེལ་འདྲིས་གྲོས་མོལ་བྱ་རྒྱུའི་རེ་འདུན་འཆང་མཁན་གྱི་མི་རྣམས་ལ་མཚོན་ན་དེ་ནི་བཀྲ་ཤིས་པའི་དོན་དག་ཅིག་མ་རེད་ཅེས་བརྗོད་འདུག། ཡང་དེ་བཞིན་སིང་གྷ་ཕོར་གཞུང་བཙུགས་གཙུག་ལག་སློབ་གྲྭ་ཆེན་མོའི་སྲིད་དོན་ཉམས་ཞིབ་པ་ཀྲོང་ཅ་ཡིང་ལགས་ཀྱིས། ད་ལོར་རྒྱ་ནག་གི་དམག་དཔུང་གིས་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་དམག་དཔུང་དང་མཉམ་དུ་དམག་དོན་གྱི་འབྲེལ་འདྲིས་བྱས་པའི་ཚད་དེ་ལོ་རྒྱུས་ནང་ཚད་མཐོ་ཤོས་ཤིག་ཏུ་སླེབས་ཡོད་ཀྱང་། ཉེ་ལམ་པེ་ཅིང་གི་འགྱུར་ལྡོག་གློ་བུར་བ་དེའི་རྐྱེན་ལས། ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གིས་དེ་འབྲེལ་གྱི་རྒྱ་ནག་གི་སྲིད་ཇུས་ཁག་ཆད་མེད་རྒྱུན་མཐུད་དུ་གནས་ཐུབ་མིན་གྱི་ཐད་ལ་བློ་འཚབ་ཡོང་གི་ཡོད་པ་རེད། ཅེས་རེ་ཊྲེ་སི་གསར་ཁང་སོགས་ནས་གནས་ཚུལ་སྤེལ་འདུག།

XS
SM
MD
LG