ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༡༡/༢༤

རྒྱལ་ཚོགས་སུ་རྒྱལ་ཁབ་༢༤་ཡིས་བོད་གླེང་བ།


བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་འདུ།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་འདུ།

སྤྱི་ལོ་༢༠༡༨་ལོར་རྒྱལ་ཚོགས་སུ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལ་བསྐྱར་ཞིབ་འཚོགས་སྐབས་སུ་བོད་དོན་གླེང་སློང་བྱས་མཁན་རྒྱལ་ཁབ་༡༡་ལས་མེད་ཀྱང་། སྤྱི་ལོ་༢༠༢༤་ལོར་རྒྱལ་ཁབ་༢༤་ཡིས་བོད་ཅེས་མིང་བོས་ཏེ་གླེང་སློང་བྱས་པ་མ་ཟད། རྒྱལ་ཁབ་༢༠་ཙམ་གྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་དགོས་པ་རྒྱ་ནག་ལ་ལམ་སྟོན་གནང་སོང་ཞེས་སུད་སི་སྐུ་ཚབ་དོན་གཅོད་སྐུ་ངོ་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་ངོ་སྤྲོད་གནང་བྱུང་།

འཕྲིན་ལས་ཆོས་སྐྱིད། སུད་སི་སྐུ་ཚབ་དོན་གཅོད།
འཕྲིན་ལས་ཆོས་སྐྱིད། སུད་སི་སྐུ་ཚབ་དོན་གཅོད།

ཉེ་ཆར་སྤྱི་ཟླ་༡་ཚེས་༢༣་ཉིན་ལ་ཡོ་རོབ་ཇི་ནཱི་ཝ་རུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལོ་བཞི་རེ་ལ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་བསྐྱར་ཞིབ་ཅིག་འཚོགས་སྲོལ་ཡོད་པ་དེའི་ཐོག་ཏུ་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་དེའི་ཐད་ཀྱི་སྲིད་ཇུས་ཁག་ལ་འདྲི་རྩད་དང་ལམ་སྟོན་གནང་ཡོད། སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་བོད་དོན་ཐོག་ནས་གཟིགས་པ་ཡིན་ན་དཔེ་ཡག་པོ་བྱུང་སོང་ཞེས་གསུང་ཞིང་། ད་ལོའི་བསྐྱར་ཞིབ་འདི་༢༠༡༨་ལོའི་བསྐྱར་ཞིབ་དང་བསྡུར་ན་ཡག་པོ་བྱུང་བར་ངོས་འཛིན་གནང་སོང་། ད་ལོའི་བསྐྱར་ཞིབ་ཏུ་བོད་དོན་གླེང་སློང་བྱེད་མཁན་རྒྱལ་ཁབ་ཀྱི་གྲངས་འབོར་ཡང་སྔོན་དང་བསྡུར་ན་ལྡབ་གཅིག་གིས་འཕར་ཡོད་པ་དང་། རྒྱལ་ཁབ་༡༩་ཡིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐྱོ་བོ་ཡོད་པར་ངོས་ལེན་གྱིས་དེ་ཡར་རྒྱས་གཏོང་དགོས་པ་རྒྱ་ནག་ལ་ལམ་སྟོན་གནང་འདུག རྒྱལ་ཚོགས་སུ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་བསྐྱར་ཞིབ་སྐབས་སུ་མཉམ་འབྲེལ་རྒྱལ་ཚོགས་སུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁྲིན་ཞོའུ་(Cheng Xu) ཡིས་སྣེ་ཁྲིད་པའི་འཐུས་མི་༢༠་ཡིས་བོད་དང་འབྲེལ་བའི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་རྒྱལ་ཁབ་ཁག་གི་སྐུ་ཚབ་ཚོས་འདྲི་རྩད་བྱེད་སྐབས་ཚོགས་ར་དེ་ནས་དྲི་བ་རེ་རེ་ལ་ཁ་ཐུག་ལན་འདེབས་བྱས་སོང་། ཡིན་ན་ཡང་བདེན་པ་དང་དངོས་ཡོད་མ་ཡིན་པའི་ལན་འདེབས་དེ་དག་གི་སྐོར་ལ་ཟུར་ཉན་བྱེ་དམཁན་པོ་མ་བདེ་བ་བཟོས་ཡོད་པ་རེད། སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་གསུང་རྒྱུར། གནས་ཚུལ་ཁ་ཤས་ཐད་ནས། རྫུན་མ་ཚ་དྲག་མ་སོང་ངམ་བསམ་བསམ་དེ་འདྲ་ཏན་ཏན་བྱུང་། དཔེར་ན། འབྲོག་པ་གནས་སྤོར་གྱི་ལས་གཞི་དེའི་ཐད་ལ་རྒྱུ་མཚན་བཤད་སྐབས། འབྲོག་པ་ཚོ་ཁྲག་ཤེད་མཐོ་བ་དང་སྙིང་གི་ན་ཚ་ཡོད་པའི་སྲོལ་འདྲ་བོ། དེའི་རྐྱེན་གྱིས་གནས་སྤོར་ལས་གཞི་སྤེལ་བ་ལྟ་བུ་བཤད་སོང་། ང་ཚོ་བསྐྱར་ཞིབ་དེའི་རྗེས་སུ་སྐུ་ཚབ་ཁ་ཤས་དང་བཀའ་མོལ་བྱུང་། ལོ་ཁྲི་ཕྲག་མང་པོར་བོད་མི་ཚོ་ས་མཐོ་སར་གནས་ཡོད། ད་ལྟའི་བར་ཁྲག་ཤེད་དང་སྙིང་གི་ན་ཚ་སོགས་ཅི་ཡང་མེད་ཀྱང་། གློ་བུར་དུ་ན་ཚ་དེ་ཚོའི་རྐྱེན་གྱིས་གནས་སྤོར་བྱེད་བཞིན་ཡོད་ཅེས་པ་དེ་ཚོ་འདྲ་ཆགས་པོ་མཐོང་མ་སོང་ཞེས་བཤད་མཁན་འདུག ཡང་གཏན་འཇགས་སློབ་གྲྭ་འཛུགས་དོན་ཡང་སློབ་ཕྲུག་ཚོ་སློབ་གྲྭ་དང་ཐག་རིང་བོ་ཡོད་པ་རྒྱུ་མཚན་དུ་བཤད་ཀྱང་། གྲོང་གསེབ་ཁག་གི་སློབ་གྲྭ་རྣམས་སྒོ་རྒྱག་མཁན་རྒྱ་ནག་གཞུང་རེད་དེ། སློབ་གྲྭ་ལམ་ཐག་རིང་བས་གཏན་འཇགས་སློབ་གྲྭ་བཙུགས་ཡིན་ཞེས་ན་མ་བདེ་བ་འདུག འདི་ནི་དམར་དམར་རྗེན་རྗེན་ལ་རྫུན་མ་བཤད་པ་སྐུ་ཚབ་ཚོས་ཀྱང་བཤད་ཀི་འདུག ཅེས་གསུང་སོང་།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་འདུ།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་འདུ།

རྒྱལ་ཁབ་༡༦༠་ལྷག་བསྐྱར་ཞིབ་དེར་མཉམ་ཞུགས་གནང་བ་ལྟར། ཨ་ཧྥེ་རི་ཀའི་རྒྱལ་ཁབ་ཁག་ཅིག་གཙོས་པའི་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་གཞུང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་སོང་ཡོད་ཚུལ་དང་། དཔལ་འབྱོར་གོང་འཕེལ་དང་འཛུགས་བསྐྲུན་རྒྱ་ཆེན་བྱས་ཡོད་པ་སོགས་ཀྱི་སྐོར་ནས་གླེང་སློང་བྱུང་བ་དེའི་སྐོར་ནས་འཕྲིན་ལས་ཆོས་སྐྱིད་ལགས་ལ་བཀའ་འདྲི་ཞུས་སྐབས། སྤྱི་ལོ་༢༠༡༨་ལོར་རྒྱལ་ཚོགས་ཀྱི་བསྐྱར་ཞིབ་འཚོགས་སྐབས་སུ་མཉམ་ཞུགས་བྱས་མཁན་རྒྱལ་ཁབ་ཁ་ཤས་ཀྱི་སྐུ་ཚབ་ཚོས་རྒྱ་ནག་གཞུང་གིས་མཁོ་སྤྲོད་བྱེད་པའི་ཡིག་ཆ་དཔར་མ་ཁྱེར་ནས་དེ་ལྗགས་ཀློག་བྱེད་བཞིན་པའི་སྐོར་ལ་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་མྱོང་བའི་སྐོར་དང་། ད་ལོའི་བསྐྱར་ཞིབ་མ་འཚོགས་པའི་གོང་དུ་ཡང་རྒྱ་ནག་གིས་རྒྱལ་ཁབ་མང་པོར་རྒྱ་ནག་ལ་རྒྱབ་སྐྱོར་བྱེད་དགོས་པའི་སྐུལ་མ་བྱེད་བཞིན་པའི་གནས་ཚུལ་ཐོན་ཡོད་པ་བཅས་ཀྱི་སྐོར་ནས་ངོ་སྤྲོད་གནང་སོང་། དེ་ཡང་ཁོང་གིས། སྤྱིར་བཏང་ང་ཚོ་བོད་དོན་སྒང་ལ་ཟུར་ཚོགས་འཚོགས་སྐབས། རྒྱ་ནག་གཞུང་གི་ངོས་ནས་མཉམ་ཞུགས་གནང་གི་མ་རེད། ཡ་མཚན་པོ་ཞིག་ལ། འགྲོ་བ་མིའི་ཐོབ་ཐང་གི་བསྐྱར་ཞིབ་ཚོགས་འདུ་དེ་གྲོལ་བ་དང་། ང་རང་ཚོ་ཟུར་ཚོགས་ཤིག་འཚོགས་པ་ཡིན། དྲི་བ་དྲིས་ལན་གྱི་སྐབས་སུ་རྒྱ་ནག་གཞུང་གི་ལས་བྱེད་ཅིག་ཡོང་ནས་བསྐྱར་ཞིབ་ཏུ་རྒྱལ་ཁབ་༡༦༠་ལྷག་མཉམ་ཞུགས་གནང་ཡོད་རེད། དེའི་ནང་ནས་རྒྱལ་ཁབ་༡༣༠་ཡིས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་སོང་ཡོད་པའི་བཀའ་མོལ་གནང་ཡོད་པ་ཁྱེད་ཚོའི་ཟུར་ཚོགས་སུ་བཤད་ཀི་མི་འདུག་བརྗོད་དུས། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་རྒྱ་ནག་ཞིབ་འཇུག་འགན་འཛིན་སཱོ་ཧྥི་ རཱེ་ཆར་ཌེ་སཎ་ཡིས། རྒྱལ་ཁབ་༡༣༠་ལྷག་ལས་རྒྱལ་ཁབ་ག་ཚོད་ཅིག་ལ་རྒྱ་ནག་གིས་གནོན་ཤུགས་སྤྲད་དེ་བཤད་དགོས་བྱུང་རེད་དམ། དེའི་ཐོ་གཞུང་དེ་ང་ཚོར་ཁུར་ཡོང་རོགས་ཞེས་ནན་པོའི་ངང་ལན་འདེབས་གནང་སོང་། དེ་ཡིན་དུས་སྤྱི་ཡོངས་ནས་རྒྱལ་ཁབ་ཁག་མང་པོ་ཞིག་གིས་རྒྱ་ནག་ཡར་རྒྱས་འགྲོ་བཞིན་འདུག་ཅེས་ལབ་ཡ་དེ་ཕལ་ཆེར་ཕལ ཆེར་རྒྱ་ནག་གཞུང་རང་གི་གནོན་ཤུགས་འོག་གནང་གི་མེད་འགྲོ་བསམ་པའི་ཐེ་ཚོམ་འདུག་ཅེས་གསུང་སོང་།

རྒྱལ་ཚོགས་ཀྱི་བསྐྱར་ཞིབ་དེའི་ཐོག་ཏུ་རྒྱ་ནག་གཞུང་ལ་བོད་ནང་གི་གནས་སྟངས་ཡར་རྒྱས་གཏོང་དགོས་པ་ཞེས་ལམ་སྟོན་དོན་ཚན་བཞི་ཡོད་ཅིང་། དང་པོ། བོད་ནང་དུ་ཆོས་དད་རང་དབང་མེད་པས། ཆོས་དད་རང་དབང་སྲུང་སྐྱོབས་བྱེད་དགོས་པ་དང་། དེ་ཁྲིམས་ཐོག་ཏུ་ཡོད་པ་ཁོ་ན་མིན་པར་ལག་བསྟར་བྱེད་དགོས་པ། གཉིས་པ། བོད་ནང་དུ་གཏན་འཇགས་སློབ་གྲྭ་མང་པོ་བཙུགས་ཡོད་པའི་ཐད་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་ལས་པས་ལམ་སྟོན་མང་པོ་ཕེབས་ཡོད་པ་ལག་ལེན་བསྟར་དགོས་པ་མ་ཟད། གཏན་འཇགས་སློབ་གྲྭ་ཁག་སྒོ་རྒྱག་དགོས་པ། གསུམ་པ། བོད་ཀྱི་སྐད་དང་རིག་གཞུང་ལ་བདག་པོ་རྒྱག་དགོས་པ། བཞི་བ། བོད་ཀྱི་ཆབ་སྲིད་བཙོན་པ་ཚོ་གློད་གྲོལ་གཏོང་དགོས་པ་བཅས་ཡིན་པ་རེད།

སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་གསུང་དོན་ལྟར་ན། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དང་། གཞུང་འབྲེལ་མིན་པའི་བོད་ཀྱི་ཚོགས་པ་ཁག་གི་སྐུ་ཚབ་ཁག་བཅས་ཕྱོགས་ཡོངས་ནས་ནུས་པ་མཉམ་སྤུངས་ཀྱིས་རྒྱལ་ཚོགས་ཀྱི་བསྐྱར་ཞིབ་འདིའི་སྔ་ཕྱིར་ཟུར་དུ་ཚོགས་འདུ་སྐོང་ཚོགས་ཀྱིས། བོད་ནང་གི་གནས་བབ་ལ་དོ་སྣང་དང་ཕྱག་ལས་གང་འདྲ་གནང་དགོས་མིན་ལ་བགྲོ་གླེང་རིམ་པས་བསྐྱངས་ཡོད་འདུག དེ་བཞིན་ཨ་རིའི་དམིགས་བསལ་བོད་དོན་འབྲེལ་མཐུད་པ་ལྕམ་ཨུ་ཛི་ཡཱ་ ཛ་ཡ་མཆོག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་དོ་སྣང་བྱེད་དགོས་པ་དང་བོད་དོན་ལ་རྒྱབ་སྐྱོར་ཡོང་བར་འབོད་སྐུལ་བརྙན་ལམ་དུ་གཏམ་བཤད་གནང་བ། ཡང་མཉམ་འབྲེལ་རྒྱལ་ཚོགས་སུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གིས་ཀྱང་རྒྱ་ནག་གིས་བོད་མི་དང་ཡུ་གུར་བ། ཧོན་ཀོང་བ། རྒྱ་ནག་གཞུང་དང་ལྟ་བ་མི་མཐུན་པ་བཅས་ཀྱི་ཐོག་ལ་དྲག་གནོན་གྱི་སྲིད་ཇུས་སྤེལ་བཞིན་པ་མཚམས་འཇོག་ཡོང་དགོས་པའི་བསྒྲགས་གཏམ་སྤེལ་སོང་།

ཡང་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་གསུངས་ན་སྤྱིར་མཉམ་འབྲེལ་རྒྱལ་ཚོགས་ལ་བསྐྱར་ཞིབ་རིགས་གཉིས་ཡོད་ཅིང་། གཅིག་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བསྐྱར་ཞིབ་ཚོགས་པ་དང་ཡིག་ཆ་བཏོན་པ་ཁག་ནི་རྒྱལ་སྤྱིའི་ཁྲིམས་ཐོག་ནས་ལག་ལེན་བསྟར་དགོས་པ་དང་། ཐེངས་འདིར་ཚོགས་པའི་བསྐྱར་ཞིབ་འདིའི་རིགས་ནི་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་གི་མཐོང་ཚུལ་མཉམ་དུ་སྤུངས་པ་ཞིག་ཆགས་གི་ཡོད་འདུག དེ་ལྟར་རུང་རྒྱལ་ཁབ་༢༠་ལྷག་གིས་བོད་དོན་ཐོག་ལ་ལམ་སྟོན་གནང་བ་དེ་འབྱུང་འགྱུར་སྤྱི་ཟླ་དྲུག་པར་རྒྱ་ནག་གིས་ལག་བསྟར་བྱ་མིན་ལན་འདེབས་བྱ་དགོས་པ་རེད། དེ་བཞིན་བོད་མིས་ཕྱོགས་ནས་ཀྱང་མུ་མཐུད་དུ་རྒྱལ་ཁབ་མང་པོའི་ལམ་སྟོན་དེ་ཚོ་གཞི་རྩར་བཞག་ཏེ་མཉམ་འབྲེལ་རྒྱལ་ཚོགས་ལ་ཞུ་གཏུག་མཇུག་སྐྱོང་དགོས་པ་གལ་ཆེན་པོ་ཡིན་པ་རེད།

གླེང་སྟེགས།

XS
SM
MD
LG