ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༩/༡༧

ཡུཀ་རེན་གྱི་དམག་དཔུང་ཁར་ཀིབ་ཕྱོགས་ནས་ཕྱིར་འཐེན་བྱ་དགོས་བྱུང་འདུག


ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀི་
ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀི་

༄༅།། ཡུཀ་རེན་གྱི་བྱང་ཤར་ས་ཁུལ་དུ་ཆགས་པའི་ཁར་ཀིབ་ཕྱོགས་སུ་ཨུ་རུ་སུའི་དམག་གིས་དཔུང་འཇུག་བྱས་ནས་ཡུཀ་རེན་གྱི་དམག་མི་རྣམས་ས་གནས་ཁག་གཉིས་ནས་ཕྱིར་འཐེན་བྱ་དགོས་བྱུང་ཞིང་། ད་དུང་སྲིད་འཛིན་ཛེ་ལན་སི་ཀི་ཕྱིའི་རྒྱལ་ཁབ་ཁག་ལ་འཚམས་འདྲིར་ཕེབས་འཆར་ཡོད་པའི་མཛད་རིམ་ཁག་ཀྱང་ཕྱིར་འཐེན་བྱས། ཕྱི་ཟླ་༥་པའི་ཚེས་༡༤་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བདུན་ཕྲག་སྔོན་མའི་གཟའ་པ་སངས་ནས་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ཁར་ཀིབ་མངའ་ཁུལ་དུ་དཔུང་འཇུག་བྱ་རྒྱུ་འགོ་ཚུགས། ཡུཀ་རེན་གྱི་མཐའ་མཚམས་སུ་ཆགས་པའི་གྲོང་ཚོ་༡༠་ཨུ་རུ་སུའི་ལག་ཏུ་ཤོར། ཝོབ་ཆན་སི་ཀི་གྲོང་རྡལ་ནི་ཨུ་རུ་སུའི་ས་མཚམས་ནས་སྤྱི་ལེ་ལྔའི་མཚམས་སུ་ཡོད་པས་རྒོལ་རྡུང་དྲག་པོ་ཕོག གྲོང་རྡལ་དེའི་ཉེན་རྟོག་པའི་འགོ་ཁྲིད་ཀྱིས་ཝོབ་ཆན་སི་ཀི་དང་ལུ་ཀི་ཡན་སི་ཀི་གྲོང་རྡལ་གཉིས་ལ་དགྲ་ཕྱོགས་ནས་རྒོལ་རྡུང་དྲག་པོ་བྱུང་སྟེ་ཡུཀ་རེན་གྱི་དམག་མི་རྣམས་བཙན་ས་ཞིག་ཏུ་ཕྱིར་འཐེན་བྱ་དགོས་བྱུང་སོང་ཞེས་འགྲེལ་བརྗོད་བྱས་འདུག

ཁར་ཀིབ་མངའ་ཁུལ་གྱི་སྤྱི་ཁྱབ་ཨོ་ལཱེ་སི་ཎི་ཡེ་ཧུ་བྷོབ་ཀྱིས་བཤད་པ་ལྟར་ན། ཨུ་རུ་སུའི་དམག་གིས་མེ་སྒྱོགས་བརྒྱབ་ནས་མི་༢་བསད་པ་དང་ཝོབ་ཆན་སི་ཀི་གྲོང་ཚོ་ནས་མི་༧༥༠༠་ལྷག་ཉེན་སྐྱོབ་བྱས་པ་ཡིན་ཞེས་བསྒྲགས། ན་ཊ་ལི་ཡ་ཡུར་ཆན་ཀོ་ཞེས་པའི་མཐའ་མཚམས་ཀྱི་གྲོང་མི་ཞིག་གིས་ང་ཚོ་ཉི་མ་ལྔའི་རིང་ཁྱིམ་ནས་ཕྱི་ལ་འབུད་མ་ཕོད། ང་ཚོས་སུ་གཅིག་ཀྱང་མཐོང་མ་བྱུང་། ང་ཚོ་སྐྲག་ནས་ཕྱི་ལ་མ་ཐོན་པ་དང་སྒོ་ཡང་ཕྱེ་མེད་ཅེས་མྱོང་ཚོར་བརྗོད། ཡུཀ་རེན་གྱི་རྒྱལ་ས་ཀིབ་ཀྱི་འཕྲོ་ནས་ཁར་ཀིབ་རྒྱལ་ཁབ་དེའི་གྲོང་ཁྱེར་ཆེ་ཤོས་ཨང་གཉིས་པ་ཡིན་པས་གྲོང་ཁྱེར་དེའི་ཕྱོགས་སུ་ཨུ་རུ་སུས་དཔུང་འཇུག་བྱས་པ་ཛ་དྲག་ཅིག་ཞིང་། ཡུཀ་རེན་གྱི་གསང་བའི་ལས་ཁུངས་ཀྱི་འགོ་ཁྲིད་བྷུ་དྷ་ནོབ་ཀྱིས་ཨུ་རུ་སུའི་ས་མཚམས་སུ་བཀྲམ་ཡོད་པའི་དམག་དཔུང་ཡོད་དོ་ཅོག་ཁར་ཀིབ་ཀྱི་ཕྱོགས་སུ་སྤུང་གསོག་རྒྱག་གི་འདུག ཉིན་ཤས་རྗེས་སུ་དམག་མི་ཟུར་འཇོག་བྱས་ཡོད་པ་རྣམས་གཏོང་ས་རེད་ཅེས་བཀྲལ།།

ཡུཀ་རེན་གྱི་གསང་བའི་ལས་ཁུངས་ཀྱི་འགོ་ཁྲིད་བྷུ་དྷ་ནོབ་
ཡུཀ་རེན་གྱི་གསང་བའི་ལས་ཁུངས་ཀྱི་འགོ་ཁྲིད་བྷུ་དྷ་ནོབ་

ཕྱི་ཟླ་༥་པའི་ཚེས་༡༥་ཉིན་དབྱིན་ཇིའི་གྷར་ཌི་ཡན་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨུ་རུ་སུའི་དམག་གིས་དཔུང་འཇུག་བྱ་རྒྱུ་ཤུགས་ཆེ་རུ་བཏང་སྟེ་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀི་ཡུ་རོབ་རྒྱལ་ཁབ་པོར་ཆུ་གྷལ་དང་སི་པེན་ལ་འཚམས་འདྲིར་ཕེབས་འཆར་ཡོད་པའི་མཛད་རིམ་ཁག་ཕྱིར་འཐེན་བྱས་ཤིང་། ཐོག་མའི་འཆར་གཞིའི་ནང་དུ་ཕྱི་ཚེས་༡༧་ཉིན་སི་པེན་གྱི་རྒྱལ་པོ་ཧྥི་ལི་པེས་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིར་གསོལ་སྟོན་བཤམས་ནས་མཇལ་འཕྲད་གྲོས་མོལ་གནང་འཆར་ཡོད་པར་མ་ཟད། སྲིད་འཛིན་ཛེ་ལན་སི་ཀི་དང་སི་པེན་གྱི་སྲིད་བློན་པེ་ཌི་རོ་སན་ཆེ་ཛི་གཉིས་ཀྱིས་བདེ་འཇགས་སྲུང་སྐྱོབ་མཉམ་འབྲེལ་ཐད་གྲོས་མོལ་བྱ་འཆར་ཡོད་པའི་གནས་ཚུལ་ཐོན། པོར་ཆུ་གྷལ་གྱི་མགྲིན་ཚབ་པ་ཞིག་གིས་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀི་འཚམས་འདྲིར་ཕེབས་འཆར་ཡོད་པ་ཕྱིར་འཐེན་བྱས་སོང་། འཚམས་འདྲི་ཕྱིར་འཐེན་བྱས་པའི་རྒྱུ་མཚན་ཅི་ཡིན་བདེ་འཇགས་ལ་འབྲེལ་བ་ཡོད་པས་བཤད་ཁག་པོ་རེད་ཅེས་གསལ་བསྒྲགས་སྤེལ།།

རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུཀ་རེན་གྱི་སྲིད་འཛིན་ལས་ཁུངས་ཀྱི་དྲུང་ཆེ་སར་གྷེ་ཎི་ཀི་ཧྥོ་རོབ་ཀྱིས་སྲིད་འཛིན་ཛེ་ལི་སི་ཀི་མ་འོངས་པའི་ཉིན་ཤས་ནང་དུ་ཕྱིའི་རྒྱལ་ཁབ་ཁག་ལ་འཚམས་འདྲིར་ཕེབས་རྒྱུའི་མཛད་རིམ་བསྒྲིགས་ཡོད་པ་རྣམས་ཕྱིར་འགྱངས་སམ། ཡང་ན་མཛད་རིམ་ཁག་བསྐྱར་དུ་བསྒྲིག་རྒྱུའི་ཐག་གཅོད་བྱུང་སོང་ཞེས་ངོ་དེབ་ནང་དུ་འཕྲིན་ཐུང་ཞིག་སྤེལ། ཉེ་ཆར་ཡུཀ་རེན་གྱི་དམག་གིས་ཨུ་རུ་སུའི་ས་མཚམས་ཀྱི་ས་གནས་ཁག་ཅིག་ལ་རྒོལ་རྡུང་བྱས་ནས་ཀ་ཛན་གྲོང་ཁྱེར་གྱི་གནམ་ཐང་གནས་སྐབས་རིང་སྒོ་བརྒྱབ། ཡུཀ་རེན་གྱིས་ཁ་ལོ་བ་མེད་པའི་འཕུར་གྲུ་བཏང་སྟེ་ཨུ་རུ་སུའི་ས་མཚམས་ཀྱི་གནམ་ཐང་ཁག་དང་གྲོང་ཁྱེར་ཁག་ལ་རྒོལ་རྡུང་བྱས་ནས་གཏོར་སྐྱོན་ཚབས་ཆེན་བཟོས། ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གིས་ཡུཀ་རེན་གྱི་ཁ་ལོ་བ་མེད་པའི་འཕུར་གྲུ་རྣམས་ཊ་ཊར་སི་ཐན་གྱི་མཁའ་དབྱིངས་སུ་བསླེབས་བྱུང་ཞེས་བཤད་ཀྱང་དམིགས་འབེན་གང་དུ་ཕོག་མིན་གསལ་བཀྲོལ་མ་བྱུང་།།

ཡུཀ་རེན་གྱི་སྲིད་འཛིན་ཟུར་པ་ཝིཀ་ཊོར་ཡུ་ཤཱི་ཆན་ཀོས་
ཡུཀ་རེན་གྱི་སྲིད་འཛིན་ཟུར་པ་ཝིཀ་ཊོར་ཡུ་ཤཱི་ཆན་ཀོས་

ཡུཀ་རེན་གྱི་མཐོ་རིམ་འགོ་ཁྲིད་ཚོས་ཨུ་རུ་སུར་ཁར་ཀིབ་གྲོང་ཁྱེར་ལེན་ཐུབ་པའི་དམག་མི་འདང་ངེས་མི་འདུག ཁ་སང་གཟའ་མིག་དམར་ཉིན་ཨུ་རུ་སུའི་དམག་གིས་དཔུང་རྒོལ་ཐེངས་༡༤་བྱས་པ་དང་གཟའ་ཟླ་བའི་ཉིན་དཔུང་རྒོལ་ཐེངས་༡༣་བྱས་སོང་ཞེས་བཤད། ཡུཀ་རེན་གྱི་སྲིད་འཛིན་ཟུར་པ་ཝིཀ་ཊོར་ཡུ་ཤཱི་ཆན་ཀོས་ཨ་རིའི་གྲོས་ཚོགས་ཀྱིས་ཡུཀ་རེན་ལ་དམག་དོན་རོགས་དངུལ་སྤྲོད་རྒྱུ་མནར་འགྱངས་བཏང་ནས་ཕུ་ཊིན་ལ་དམག་གི་སྟོབས་ཤུགས་སླར་གསོ་བྱ་རྒྱུའི་གོ་སྐབས་ཐོབ། ཨ་རིའི་གྲོས་ཚོགས་ཀྱིས་དགོས་པ་མེད་པར་དུས་ཚོད་ཆུད་ཟོས་སུ་བཏང་སྟེ་ཡུཀ་རེན་གྱི་དམག་ཇུས་ལ་འགྱུར་བ་གཏོང་དགོས་བྱུང་བ་རེད། ཨུ་རུ་སུས་དཔུང་འཇུག་བྱས་ནས་ཡུཀ་རེན་ཕམ་མེད་ཀྱང་རྒྱལ་སྤྱིའི་སྟེང་གི་རྒྱབ་སྐྱོར་བྱེད་མཁན་ཚོ་གཉའ་ཆག་སྟེ་ཡི་ཐང་ཆད་དུ་འཇུག་སྲིད། ཡུཀ་རེན་གྱིས་ཨུ་རུ་སུར་ས་ཆ་སྤྲད་ནས་ནམ་ཡང་ཞི་བདེ་བསྐྲུན་མི་ཐུབ། ཕུ་ཊིན་ལ་གུ་བཤངས་བྱས་ན་སྔར་ལས་སྡུག་ཏུ་འགྲོ་རྒྱུ་རེད་ཅེས་ནན་བརྗོད་བྱས་འདུག

ཕྱི་ཟླ་༥་པའི་ཚེས་༡༥་ཉིན་སི་ཨེན་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སང་ཉིན་གཟའ་ཕུར་བུ་ནས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་རྒྱ་ནག་ལ་ཉི་མ་གཉིས་ཀྱི་རྒྱལ་དོན་འཚམས་འདྲིར་འབྱོར་གྱི་ཡོད་ཅིང་། ཕུ་ཊིན་གྱིས་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་ལ་ཐུག་འཕྲད་གྲོས་མོལ་བྱས་ནས་དོན་དག་གསུམ་སྒྲུབ་ཐབས་བྱ་འཆར་འདུག དང་པོ་ནི་ཨུ་རུ་སུའི་སེ་བྷི་ཡ་ནས་རྒྱ་ནག་ལ་སོལ་རླས་ལྕགས་སྦུག་གཉིས་པ་འཛུགས་རྒྱུའི་གྲོས་མཐུན་འཇོག་ཐབས། གཉིས་པ་ནི་ཡུཀ་རེན་གྱི་དམག་འཁྲུག་དོན་དུ་ཨུ་རུ་སུའི་ལྕགས་ཁྲབ་འཁོར་ལོ་དང་འཐབ་འཛིང་གནམ་གྲུ། འཕུར་མདེལ་བཅས་ལ་མཁོ་བའི་ཉིང་ཆས་རྣམས་རྒྱ་ནག་ནས་ཉོ་ཐབས་བྱ་རྒྱུ། གསུམ་པ་ནི་ཨུ་རུ་སུས་རྒྱ་ནག་གི་མི་དམངས་ཤོག་སྒོར་བཀོལ་ནས་རྒྱལ་སྤྱིའི་ནོར་སྲིད་ཁྲོམ་ར་ཁག་ཏུ་འཛུལ་ཐབས་བྱ་རྒྱུ་ཡིན་མོད། འོན་ཀྱང་ད་སྔ་རྒྱ་ནག་གིས་ཕུ་ཊིན་གྱི་རེ་འདུན་དེ་རྣམས་ཤུགས་ཆེན་པོ་ཞིག་བསྐངས་ཡོད་པའི་རྟགས་མཚན་མི་འདུག་ཅེས་གསར་འགྱུར་ཐོན།།

ཕྱི་སྲིད་ཞིབ་འཇུག་ཁང་གི་ཨེ་ཤི་ཡའི་ཉམས་ཞིབ་པ་མེཀ་སི་ཧེ་སི་ཡིས་བཤད་པ་ལྟར་ན། ཨུ་རུ་སུ་ཆབ་སྲིད་ཀྱི་རྒྱབ་སྐྱོར་དང་ཚོང་ལས་སོགས་ཕྱོགས་གང་ཐད་དུ་རྒྱ་ནག་ལ་བརྟེན་རྒྱུ་ཤུགས་ཆེ་རུ་ཕྱིན་འདུག ད་ཐེངས་ཀྱི་འཚམས་འདྲིའི་སྔོན་དེར་རྒྱ་ནག་གི་ཞིན་ཧྭ་གསར་ཁང་གིས་ཕུ་ཊིན་ལ་བཅར་འདྲི་ཞུས། ཕུ་ཊིན་ནས་ཨུ་རྒྱ་གཉིས་ཀྱི་དཔལ་འབྱོར་དང་ཚོང་ལས་འཕེལ་རྒྱས་ཆེན་པོ་བྱུང་ཡོད། དེ་ནི་ཕྱོགས་གཉིས་ཀར་ཕྱིའི་གནོན་ཤུགས་ཡོད་ཀྱང་གདོང་ལེན་བྱེད་ཐུབ་ཀྱི་ཡོད་པའི་རྟགས་མཚན་རེད། རྒྱ་ནག་གིས་ཡུཀ་རེན་གྱི་དམག་འཁྲུག་མཚམས་འཇོག་བྱེད་པའི་ཞི་བའི་གྲོས་གཞི་ཞིག་བཏོན་དེ་གནས་ལུགས་ལྡན་པ་ཞིག་ཡིན་པས་ང་ཚོས་མོས་མཐུན་བྱེད་ཐུབ་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ། རྒྱ་ནག་གིས་ཞི་བའི་གྲོས་གཞི་དོན་ཚན་༡༢་བཏོན་པ་དེའི་ནང་དོན་ཞིབ་ཕྲ་རྣམས་གསལ་བསྒྲགས་མ་བྱུང་ཡང་ཁེ་རེ་མཱི་ཡ་གླིང་ཟུར་དང་ཌོན་བྷ་སི་མངའ་ཁུལ་བཅས་ཨུ་རུ་སུས་ཕྲོགས་ཟིན་པའི་ས་ཆ་རྣམས་ཡུཀ་རེན་གྱིས་བློས་གཏོང་དགོས་ཞེས་འཁོད་ཡོད་པའི་གནས་ཚུལ་ཐོན་འདུག

ཉམས་ཞིབ་པ་ཚོས་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ཁར་ཀིབ་ཕྱོགས་ནས་དཔུང་འཇུག་བྱེད་ཀྱི་ཡོད་པར་དམིགས་ཡུལ་གཉིས་འདུག གཅིག་ནི་ཡུཀ་རེན་གྱི་དམག་དཔུང་རྣམས་ཌོམ་བྷ་སི་མངའ་ཁུལ་དུ་བཀྲམ་ཡོད་པ་ཕྱིར་འཐེན་བྱེད་དུ་བཅུག་སྟེ་དམག་དཔུང་རྣམས་ཕྱོགས་མང་པོར་བགྲོ་འགྲེམ་བྱེད་དུ་འཇུག་རྒྱུའི་ཐབས་ཇུས་རེད། གཉིས་པ་ནི་ཨུ་རུ་སུའི་དམག་གིས་སླར་ཡང་ཡུཀ་རེན་གྱི་རྒྱལ་ས་ཀིབ་ལ་དཔུང་འཇུག་བྱ་རྒྱུའི་ཀུན་སློང་འཆང་འདུག་ཅེས་བསྟན། ཡུཀ་རེན་ལ་དམག་མི་འདང་ངེས་མེད་པས་ཁྱིམ་མཚེས་རྒྱལ་ཁབ་ཨེ་སི་ཊོ་ཎི་ཡ་དང་ལི་ཐུ་ཝ་ཎི་ཡ་གཉིས་ཀྱིས་ཡུཀ་རེན་ལ་དམག་རོགས་གཏོང་རྒྱུའི་བསམ་ཞིབ་གཟབ་ནན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། དེ་བཞིན་ཡུ་རོབ་རྒྱལ་ཁབ་ཧྥ་རན་སིས་ཡུཀ་རེན་ལ་དམག་དཔུང་གཏོང་རྒྱུའི་གྲོས་སྡུར་ཚུགས། ཨེ་ཤི་ཡའི་དུས་བབ་ཚགས་པར་ནང་དུ་ཧྥ་རན་སིའི་དམག་དཔུང་ཡུཀ་རེན་ལ་བསླེབས་ཚར་འདུག་ཅེས་གསར་འགྱུར་ཐོན། ཨེ་སི་ཊོ་ཎི་ཡ་དང་ལུ་ཐུ་ཝེ་ཎི་ཡ། ཧྥ་རན་སི་རྣམས་ནུབ་ཆིངས་ཀྱི་ཚོགས་འཐུས་ཡིན་པས་དམག་འཁྲུག་དེ་གང་འདྲ་ཞིག་ཏུ་འགྱུར་རྒྱུ་ཡིན་མིན་ངེས་གཏན་མེད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG