༢༠༢༤།༡༢།༡༧
ཨ་རིའི་རླུང་འཕྲིན་ཁང་།
༄༅།། ཡུཀ་རེན་གྱི་གསང་བའི་ལས་ཁུངས་ཀྱི་མི་སྣ་ཚོས་ར་ཤི་ཡའི་རྒྱལ་ས་མོ་སི་ཀོར་མཐོ་རིམ་དམག་སྤྱི་ཞིག་ལྐོག་གསོད་བྱས་འདུག ར་ཤི་ཡའི་དམག་སྤྱི་དེར་ཡུཀ་རེན་གྱི་དམག་ལ་རྫས་འགྱུར་མཚོན་ཆས་རྒོལ་རྡུང་བྱ་དགོས་ཞེས་བཀའ་ཕབ་པའི་ནག་ཉེས་ཕོག ཕྱི་ཟླ་༡༢་པའི་ཚེས་༡༧་ཉིན་རོ་ཡེ་ཊར་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དམག་སྤྱི་ཨི་གྷོར་ཀི་རི་ལོབ་(Igor Kirillov)་རྒྱལ་ས་མོ་སི་ཀོའི་གྲོང་ཁྱེར་ནང་དུ་ལྐོག་གསོད་བྱས་པ་ནི་ཡུཀ་རེན་གྱི་གསང་བའི་མི་སྣ་ཚོས་ར་ཤི་ཡའི་དམག་སྤྱི་བསད་པ་གོ་གནས་མཐོ་ཤོས་ཀྱི་གྲས་སུ་ཚུད། ར་ཤི་ཡའི་ཞིབ་འཇུག་ཁང་གིས་དམག་སྤྱི་ཀི་རི་ལོབ་རྡུལ་ཕྲན་མཚོན་ཆ་དང་ནད་འབུ་ཕྲ་མོ། རྫས་འགྱུར་མཚོན་ཆའི་དཔུང་སྡེའི་འགོ་ཁྲིད་ཡིན། གཟའ་མིག་དམར་ཉིན་ཁང་པའི་སྒོ་མདུན་དུ་འབར་རྫས་བཀད་ནས་དམག་སྤྱི་ཀི་རི་ལོབ་དང་ལས་རོགས་གཉིས་མཉམ་དུ་བསད་འདུག་ཅེས་བསྒྲགས།།
ཡུཀ་རེན་གྱི་གསང་བའི་ལས་ཁུངས་ཀྱི་ལས་སྣེ་ཚོས་ར་ཤི་ཡའི་རྫས་འགྱུར་དང་ནད་འབུ་ཕྲ་མོའི་དཔུང་སྡེའི་འགོ་ཁྲིད་དམག་སྤྱི་ཀི་རི་ལོབ་བསད་པའི་ལན་ཁག་ང་ཚོར་ཡོད། ཡུཀ་རེན་གྱི་དམག་དཔུང་ལ་རྫས་འགྱུར་མཚོན་ཆ་སོགས་ཀྱིས་རྒོལ་རྡུང་འཕོག་གི་ཡོད་པ་འགོག་ཐབས་སུ་ར་ཤི་ཡའི་དམག་སྤྱི་དེ་གསོད་དགོས་བྱུང་སོང་། ང་ཚོས་གློག་གི་རྐང་འཁོར་ཞིག་གི་ནང་དུ་འབར་རྫས་སྦས་ནས་སྒུག་བསྡད་པ་ཡིན། དམག་སྤྱི་ཀི་རི་ལོབ་དང་ལས་རོགས་གཉིས་ཁང་ཆེན་དེའི་སྒོ་མདུན་དུ་བསླེབས་པ་དང་རྒྱང་ནས་མཐེབ་ཀྱུ་མནན། འབར་མདེལ་བཀད་དུ་བཅུག་སྟེ་བསད་པ་ཡིན་ཞེས་ངོས་ལེན་བྱས་འདུག ད་ལྟ་ར་ཤི་ཡའི་གཞུང་གིས་རང་གི་མཐོ་རིམ་དམག་སྤྱི་ཚོའི་བདེ་འཇགས་སྲུང་སྐྱོབ་ལ་བསྐྱར་ཞིབ་དང་ཡུཀ་རེན་ལ་དགྲ་ལེན་སློག་ཐབས་ཤིག་འཚོལ་གྱི་ཡོད་ཤས་ཆེ། ར་ཤི་ཡའི་སྲིད་འཛིན་ཟུར་པ་མེ་ཌ་ཝེ་ཌེབ་(Dmitry Medvedev)་ནས་ཡུཀ་རེན་གྱི་དམག་དོན་དང་ཆབ་སྲིད་ཀྱི་འགོ་ཁྲིད་ཚོར་དགྲ་ལན་སློག་ངེས་ཡིན་ཞེས་སྡིགས་ར་བསྐུལ།།
ཡུཀ་རེན་གྱི་གསང་བའི་མི་སྣ་ཚོས་ར་ཤི་ཡའི་ས་ཐོག་ཏུ་མཐོ་རིམ་ལས་སྣེ་ཚོ་ལྐོག་གསོད་བྱས་ཏེ་ར་ཤི་ཡའི་དམག་མི་རྣམས་དཔའ་བཅོམ། ར་ཤི་ཡའི་མཐོ་རིམ་ལས་སྣེ་དེ་ཚོར་དམག་འཁྲུག་བསླངས་པའི་ནག་ཉེས་ཡོད་ན་ལྐོག་གསོད་བྱ་རྒྱུ་ཁྲིམས་མཐུན་རེད་ཅེས་སྒྲུབ་བྱེད་བཀོད། ར་ཤི་ཡའི་གཞུང་གིས་རྫས་འགྱུར་མཚོན་ཆ་བཀོལ་ནས་ཡུཀ་རེན་གྱི་དམག་ལ་རྒོལ་རྡུང་བྱས་མྱོང་མེད། ཡུཀ་རེན་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྡུལ་ཕྲན་གྱི་སྒྲིག་ཁྲིམས་ལ་འགལ་འཛོལ་བྱས་པ་རེད། ཁོ་ཚོས་དམག་འཁྲུག་གི་ནག་ཉེས་གསོག་གི་འདུག་ཅེས་སྐྱོན་བཙུགས། ར་ཤི་ཡའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མ་རི་ཡ་ཛ་ཀ་རོ་ཝས་(Maria Zakharova)་དམག་སྤྱི་ཀི་རི་ལོབ་འཚོ་གཞེས་དུས་སུ་ཞུམ་པ་མེད་པར་མེས་རྒྱལ་ལ་སྲི་ཞུ་བསྒྲུབས་པ་རེད། ཁོ་པས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་རྫས་འགྱུར་མཚོན་ཆ་བཀོལ་སྤྱོད་དང་སི་རི་ཡའི་ས་ཐོག་ཏུ་ཁྲིམས་འགལ་བྱས་པ་རྣམས་ཐེར་འདོན་བྱས་པ་རེད་ཅེས་བཀྲལ།།
༢༠༢༢་ལོར་ཡུཀ་རེན་གྱི་གསང་བའི་མི་སྣ་ཚོས་ར་ཤི་ཡའི་མི་རིགས་རིང་ལུགས་ཀྱི་ལྟ་གྲུབ་འཛིན་མཁན་ཨ་ལིཀ་ཛན་ཌར་རྡུ་གྷིན་གྱི་རླངས་འཁོར་ནང་དུ་འབར་རྫས་སྦས་ནས་གསོད་བྱ་ཐབས་བྱས་ཀྱང་གསོད་མ་ཐུབ། དེའི་ཚབ་ཏུ་རྡུ་གྷིན་གྱི་བུ་མོ་དྷ་རི་ཡ་རྡུ་གྷི་ན་བསད། ༢༠༢༣་ལོར་ཡུཀ་རེན་གྱི་གསང་བའི་མི་སྣ་ཚོས་ཇ་ཁང་ཞིག་གི་ནང་དུ་འབར་རྫས་སྦས་ནས་ར་ཤི་ཡའི་བཙན་འཛུལ་དམག་འཁྲུག་ལ་རྒྱབ་སྐྱོར་བྱེད་མཁན་དང་ཕུ་ཊིན་གྱི་ཕྱོགས་གཏོགས་པ་སྟེ། དྲྭ་བརྙན་གསར་འགོད་པ་ཊ་ཊར་སི་ཀི་བསད། ན་ནིང་ཕྱི་ཟླ་༡༢་པའི་ནང་ཕུ་ཊིན་གྱི་ཕྱོགས་གཏོགས་པ་དང་ར་ཤི་ཡར་བྲོས་བྱོལ་དུ་ཕྱིན་པའི་ཡུཀ་རེན་གྱི་གྲོས་ཚོགས་འཐུས་མི་ཟུར་པ་ཨི་ལི་ཡ་ཀི་ཝ་རྒྱལ་ས་མོ་སི་ཀོའི་ཉེ་འཁྲིས་ཤིག་ཏུ་མེ་མདའ་བརྒྱབ་ནས་བསད། ཡུཀ་རེན་གྱི་གསང་བའི་ལས་ཁུངས་ནས་དམག་འཁྲུག་གི་ནག་ཉེས་བསགས་པའི་ར་ཤི་ཡའི་མཐོ་རིམ་ལས་སྣེ་ཁག་དང་ཡུཀ་རེན་གྱི་རྒྱལ་ཚོང་བ་ཚོའི་མིང་ཐོ་བསྡུས་ནས་དམིགས་འབེན་དུ་བཟུང་།།
ཕྱི་ཟླ་༡༢་པའི་ཚེས་༡༧་ཉིན་ཡུ་རོབ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུཀ་རེན་གྱི་གསང་
བའི་མི་སྣ་ཚོས་ར་ཤི་ཡའི་མཐོ་རིམ་དམག་སྤྱི་ཞིག་ལྐོག་གསོད་བྱས་པ་ཁོ་ན་མིན་ཞིང་། གཟའ་མཇུག་དེར་ཀོར་སི་ཀ་མངའ་ཁུལ་དུ་ར་ཤི་ཡའི་དཔུང་གྲོགས་བྱང་ཀོ་རི་ཡའི་དམག་མི་༣༡་བསད་རྨས་བྱུང་འདུག ཁ་སྔོན་ཕྱི་ཟླ་༡༠་པའི་ནང་བྱང་ཀོ་རི་ཡའི་དམག་དཔུང་ར་ཤི་ཡའི་ཀོར་སི་ཀ་མངའ་ཁུལ་དུ་འབྱོར། ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་དམག་སྤྱི་པེ་ཊི་ར་ཡེ་ཌར་(Pat Ryder)་གྱིས་བདུན་ཕྲག་སྔོན་མ་ནས་བྱང་ཀོ་རི་ཡའི་དམག་མི་རྣམས་དངོས་སུ་ཡུཀ་རེན་གྱི་འཐབ་འཁྲུག་ལ་ཞུགས་འདུག ང་ཚོས་བྱང་ཀོ་རི་ཡའི་དམག་མི་ཚོར་བསད་རྨས་གཉིས་ཀ་བྱུང་ཡོད་པའི་རྟགས་མཚན་ཞིག་མཐོང་གི་འདུག་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ། ཡུཀ་རེན་གྱི་དམག་མི་ཚོས་ཉམས་མྱོང་དང་སྦྱོང་བརྡར་མེད་པའི་བྱང་ཀོ་རི་ཡའི་དམག་མི་དེ་ཚོ་གསོད་དགོས་ན་སྟབས་བདེ་པོ་རེད་ཅེས་གླེང་སློང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག
ཁ་སང་གཟའ་ཟླ་བའི་ཉིན་ཡུཀ་རེན་གྱི་དམག་དོན་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ནས་གཟའ་མཇུག་དེར་འཐབ་འཁྲུག་བརྒྱབ་སྟེ་ཀོར་སི་ཀ་མངའ་ཁུལ་གྱི་ར་ཤི་ཡའི་གྲོང་གསེབ་གསུམ་གྱི་ནང་དུ་བྱང་ཀོ་རི་ཡའི་དམག་མི་ཁག་ཅིག་བསད་རྨས་བྱུང་འདུག་ཅེས་གསལ་བསྒྲགས་སྤེལ། ཕྱི་ཚེས་༡༥་ཉིན་ཡུ་རོབ་རང་དབང་རླུང་འཕྲིན་ཁང་གི་ཡུཀ་རེན་གྱི་སྐད་ཡིག་སྡེ་ཚན་གྱི་ཞིབ་འཇུག་གསར་འགོད་རུ་ཁག་ལ་ཡུཀ་རེན་གྱི་དམག་གིས་བྱང་ཀོ་རི་ཡའི་དམག་མི་བསད་པའི་ཕུང་པོ་རེད་ཅེས་འདྲ་པར་ཁག་ཅིག་བསྐུར། ཡུ་རོབ་རང་དབང་རླུང་འཕྲིན་ཁང་གིས་འདྲ་པར་ནང་དུ་གསལ་བའི་ཕུང་པོ་དེ་རྣམས་ཀོར་སི་ཀ་མངའ་ཁུལ་དུ་བསད་པའི་བྱང་ཀོ་རི་ཡའི་དམག་མིའི་ཕུང་པོ་ཡིན་མིན་ངེས་གཏན་མ་ཐུབ། བྱང་ཀོ་རི་ཡའི་དམག་དཔུང་ཡུཀ་རེན་གྱི་དམག་འཁྲུག་ལ་ཞུགས་པར་ཨ་རི་དང་ཨོ་གླིང་། དབྱིན་ཇི་དང་ཁེ་ན་ཌ། ཧྥ་རན་སི་དང་འཇར་མན་ཎི། ཨི་ཊ་ལི་དང་ཉི་ཧོང་། ལྷོ་ཀོ་རི་ཡ་དང་ནེའུ་ཛི་ལན་ཌི་བཅས་ཀྱིས་ཁ་རྡུང་དྲག་པོ་བཏང་འདུག
༢༠༢༢་ལོའི་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ར་ཤི་ཡས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་བཟུང་། ད་ལྟའི་བར་དུ་ར་ཤི་ཡའི་དམག་མི་ཅི་ཙམ་བསད་རྨས་བྱུང་མིན་ཕྱིར་བསྒྲགས་བྱེད་ཀྱི་ཡོད་ཅིང་། ཉམས་ཞིབ་པ་ཁག་ཅིག་གིས་ར་ཤི་ཡའི་དམག་མི་ས་ཡ་༡་ཡས་མས་ཤིག་བསད་རྨས་བྱུང་འདུག་ཅེས་གསར་འགྱུར་སྤེལ། ཉམས་ཞིབ་པ་འགའ་ཤས་ཀྱིས་ར་ཤི་ཡའི་དམག་མི་འབུམ་༦་ལྷག་བསད་རྨས་བྱུང་ཡོད་པ་དང་ར་ཤི་ཡར་དམག་མི་འདང་ངེས་མེད་པའི་དཀའ་ངལ་ཆེན་པོ་འཕྲད་ཀྱི་འདུག་ཅེས་སྙན་ཐོ་བཏོན། ཕུ་ཊིན་གྱིས་རྒྱལ་ནང་དུ་དམག་སྐུལ་ཐེངས་གཉིས་པ་བྱེད་མ་ཕོད་པར་བྱང་ཀོ་རི་ཡར་དཔུང་གྲོགས་གཏོང་དགོས་པའི་འབོད་སྐུལ་ཞུས། ཀིམ་ཇོང་ཨུན་གྱིས་བྱང་ཀོ་རི་ཡའི་དམག་མི་༡༡༠༠༠་ལྷག་ར་ཤི་ཡར་དཔུང་གྲོགས་སུ་བཏང་སྟེ་དངུལ་སྒོར་དང་འབྲུ་རིགས། རྡོ་སྣུམ་དང་སོལ་རླངས། དམག་དོན་འཕྲུལ་རིག་ལག་རྩལ། ལྷག་པར་དུ་བྱང་ཀོ་རི་ཡའི་འཕུར་མདེལ་ཡར་རྒྱས་གཏོང་བའི་འཕྲུལ་རིག་ལག་རྩལ་རྣམས་རིན་པ་བླངས་ནས་ནང་ཚོང་བརྒྱབ།།
ཕྱི་ཟླ་༡༢་པའི་ཚེས་༡༧་ཉིན་ནེའུ་ཡོཀ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཡུཀ་རེན་ལ་དམག་འཁྲུག་བརྒྱབ་ནས་ར་ཤི་ཡའི་མཚོན་ཆ་གསར་རྙིང་གཉིས་ཀ་ཟད། ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ར་ཤི་ཡར་དཔལ་འབྱོར་དང་ཚོང་ལས་བཀག་སྟེ་མཚོན་ཆ་གསར་པའི་ལྷུ་ལག་རྣམས་ཉོ་ས་མ་རྙེད། མཐར་ར་ཤི་ཡས་ཨི་རན་དང་བྱང་ཀོ་རི་ཡ་ནས་ཁ་ལོ་བ་མེད་པའི་འཕུར་གྲུ་དང་སྒྱོགས་མདེལ་རྣམས་ནང་འདྲེན་བྱ་དགོས་པར་གྱུར། བྱང་ཀོ་རི་ཡས་སྒྱོགས་མདེལ་ས་ཡ་འགའ་ཞིག་དང་མེ་སྒྱོགས། གྲུ་གཟིངས་ཀྱི་དོ་སྒྲོམ་༢༠༠༠༠་ལྷག་གི་ནང་དུ་མཚོན་ཆ་བཏང་སྟེ་ར་ཤི་ཡར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ལྷོ་ཀོ་རི་ཡའི་གསང་བའི་ལས་ཁུངས་ཀྱིས་ཤེས་རྟོགས་བྱུང་། ར་ཤི་ཡར་མཚོན་ཆ་བཙོངས་ནས་བྱང་ཀོ་རི་ཡའི་དམག་དོན་བཟོ་ལས་ཡར་རྒྱས་ཕྱིན་ཡོད་པ་དང་ཀིམ་ཇོང་ཨུན་གྱིས་མཚོན་ཆ་བཟོ་རྒྱུ་མང་དུ་ཐོངས་ཞེས་བཀའ་ཕབ། ར་ཤི་ཡའི་གཞུང་གིས་བྱང་ཀོ་རི་ཡའི་དམག་ཚོར་ལོ་རེར་ཨ་སྒོར་དུང་ཕྱུར་༥་དང་བྱེ་བ་༧་ལྷག་གླ་ཕོགས་སྤྲོད་ཀྱི་ཡོད་པ་ནི་ཀིམ་ཇོང་ཨུན་ལ་དཔལ་འབྱོར་ཡོང་འབབ་ཆེན་པོ་ཞིག་ཏུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག
གླེང་སྟེགས།