༄༅། །ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་སྤྱི་ཟླ་༣ པའི་ཚེས་༡༠ རེས་གཟའ་ཟླ་བའི་ཉིན་ལ། དེ་སྔོན་ཨ་རིའི་གཙུག་ལག་སློབ་ཆེན་ཁག་གི་ནང་པ་ལེ་སི་ཐན་ལ་རྒྱབ་སྐྱོར་བྱེད་པའི་ངོ་རྒོལ་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་སློབ་ཕྲུག་ཚོ་ལ་དམ་དྲག་གསར་པ་བྱ་རྒྱུའི་དམ་བཅའ་བཞག་འདུག ཊམ་གྱིས་གཟའ་མཇུག་ཏུ་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་གི་ཁི་ལོམ་བྷི་ཡ་གཙུག་ལག་སློབ་ཆེན་དུ་དེ་སྔོན་པ་ལེ་སི་ལན་ལ་རྒྱབ་སྐྱོར་གྱི་ངོ་རྒོལ་ལས་འགུལ་གཙོ་ཁྲིད་བྱེད་མཁན་གྲས་ཡིན་པའི་སློབ་ཕྲུག་མ་ཧན་མུད་ཁཱ་ལིMahmoud Khalil འཛིན་བཟུང་བྱས་ཡོད་པ་དེ་ནི་ད་བར་པ་ལེ་སི་ཐན་གྱི་རྒྱབ་སྐྱོར་ལས་འགུལ་ནང་མཉམ་ཞུགས་བྱེད་མྱོང་མཁན་ཞིག་འཛིན་བཟུང་བྱས་པ་ཐོག་མ་དེ་ཡིན་ཡང་། འབྱུང་འགྱུར་དེ་འདྲ་མང་པོ་འབྱུང་རྒྱུ་རེད་ཅེས་ཉེན་བརྡ་བཏང་འདུག
སྲིད་འཛིན་ཊམ་གྱིས། ཁི་ལོམ་བྷི་ཡ་གཙོས་པའི་ཨ་རིའི་རྒྱལ་ཡོངས་ཀྱི་གཙུག་ལག་སློབ་ཆེན་མང་པོ་ཞིག་གི་ནང་། སློབ་ཕྲུག་ཁག་ཅིག་གིས་དྲག་སྤྱོད་རིང་ལུགས་པར་རྒྱབ་སྐྱོར་དང་། འཇིའུ་མི་རིགས་དང་ཨ་རི་ལ་དོན་མེད་ཀྱི་འཁོན་སེམས་སྡང་ཟུག་བཅངས་ནས་ངོ་རྒོལ་ལས་འགུལ་འདྲ་མིན་སྤེལ་གྱི་ཡོད་པ་དེ་ཤེས་རྟོགས་བྱུང་ཡོད། ཊམ་འཛིན་སྐྱོང་གིས་བྱེད་སྟངས་དེ་ཚོ་ལ་བཟོད་བསྲན་རྩ་བ་ཉིད་ནས་བྱ་རྒྱུ་མིན་ཞེས་སྒེར་གྱི་སྤྱི་ཚོགས་དྲ་ལམ་Truth Social བརྒྱུད་ལམ་ཐོག་ལ་སྤེལ་འདུག
ལོ་གཅིག་གི་སྔོན་ལ་པ་ལི་སི་ཐན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་སློབ་ཕྲུག་འགའ་ཤས་ཀྱིས་ཨ་རིའི་སློབ་གྲྭ་ཁག་གི་འཛིན་གྲྭ་འགའ་ཤས་ལ་བར་ཆད་བཟོས་ཡོད་པ་དང་། ངོ་རྒོལ་མ་བྱས་པའི་སྔོན་ལ་ཧ་མ་སིས་༢༠༢༣ ལོའི་ཟླ་༡༠ ཚེས་༧ ཉིན་ཨི་སི་རལ་གྱི་ལྷོ་ཕྱོགས་སུ་དྲག་སྤྱོད་ཀྱི་རྒོལ་རྡུང་བྱས་ཏེ་མི་གྲངས་༡༢༠༠ བསད་པ་དང་། མི་གྲངས་༢༥༠ ཙམ་མི་གཏའ་ལ་ཉར་ཡོད་པ་རེད། དེའི་ནང་ནས་མི་གཏའ་༢༠ ལྷག་ད་དུང་ཡང་དྲག་སྤྱོད་ཚོགས་པ་དང་དེའི་ཡན་ལག་ཚོགས་པས་གྷ་ཛ་ས་ཁུལ་དུ་བཀག་ཉར་བྱས་ཡོད་པ་རེད།
དེ་བཞིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་མར་ཀོ་རུ་བྷི་ཨོས་ཀྱང་རེས་གཟའ་ཉི་མའི་ཉིན་X བརྒྱུད་ལམ་ཐོག་ལ། ཨ་རིའི་གཞུང་གི་ངོས་ནས་ཧ་མ་སི་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་ཨ་རིའི་ཐོངས་མཆན་དང་ཡང་ན་ཨ་རིའི་ནང་བརྟན་སྡོད་ཡིག་ཆ་Green Card གང་ཡོད་པ་དེ་དག་ཕྱིར་འཐེན་གྱིས་སོ་སོའི་ལུང་པ་ལ་ཕྱིར་འབུད་གཏོང་རྒྱུ་ཡིན་ཞེས་གསལ་བསྒྲགས་བྱས་འདུག
དེང་སང་ཁི་ལོམ་བྷི་ཡ་གཙུག་ལག་སློབ་ཆེན་དུ་ཆེད་དུ་བཙུགས་པའི་ལས་ཁུངས་གསར་པ་ཞིག་གིས་པ་ལི་སི་ཐན་ལ་རྒྱབ་སྐྱོར་བྱེད་པའི་ངོ་རྒོལ་ལས་འགུལ་ནང་མཉམ་ཞུགས་བྱས་མཁན་སློབ་ཕྲུག་བཅུ་ཕྲག་མང་པོས་འབྲེལ་ཡོད་སྒྲིག་ཁྲིམས་དང་རྒྱབ་འགལ་བྱས་ཡོད་པའི་ཉེས་འཛུགས་བྱས་ཡོད་པ་དང་། བདུན་ཕྲག་སྔོན་མར། ཊམ་གཞུང་འཛིན་གྱིས་ཁི་ལོམ་བྷི་ཡ་གཙུག་ལག་སློབ་ཆེན་གྱིས་སློབ་གྲྭའི་ནང་འཇིའུ་མི་རིགས་ལ་ངོ་རྒོལ་བྱས་པའི་ལས་འགུལ་ལ་དམ་བསྒྲགས་ལེགས་པོ་ཞིག་བྱས་ཐུབ་མེད་པ་རྒྱུ་མཚན་དུ་བགྲངས་ནས། སློབ་གྲྭ་དེར་ཨ་སྒོར་དུང་ཕྱུར་༤ ཡི་རོགས་དངུལ་བཅད་ཡོད་པ་རེད།
གླེང་སྟེགས།