ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༩/༠༨

ཌོ་ནལ་ཊམ་གྱིས་མེན་མངའ་སྡེའི་ཐག་གཅོད་དེ་གོང་རིམ་ཁྲིམས་ཁང་ལ་གཏུཊ།


༄༅།། ཨ་རིའི་མེན་མངའ་སྡེ་གཞུང་གིས་མངའ་སྡེ་དེའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་འདེམས་སྒྲུག་གི་སྔོན་འགྲོའི་འོས་བསྡུར་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་འགྲན་ཞུགས་བྱེད་མི་ཆོག་ཅེས་བཀག ཕྱི་ཟླ་དང་པའི་ཚེས་༢་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཌོ་ནལ་ཊམ་གྱིས་མེན་མངའ་སྡེའི་ཆེས་མཐོའི་ཁྲིམས་ཁང་ལ་མངའ་སྡེ་དེའི་དྲུང་ཆེའི་ཐག་གཅོད་ནི་དྲང་སྙོམས་ཤིག་མ་རེད་ཅེས་ཞུ་གཏུག་བྱས་ཡོད་པའི་གནས་ཚུལ་ཐོན་འདུག ཉེ་ཆར་ཨ་རིའི་ཀོ་ལོ་ར་ཌོ་མངའ་སྡེའི་ཆེས་མཐོའི་ཁྲིམས་ཁང་གིས་ཀྱང་མངའ་སྡེ་དེའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་འདེམས་སྒྲུག་གི་སྔོན་འགྲོའི་འོས་བསྡུར་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་འགྲན་ཞུགས་བྱེད་མི་ཆོག་ཅེས་བཅད་ཁྲ་བསྒྲགས། ཨ་རིའི་རྩ་ཁྲིམས་བསྐྱར་བཅོས་༡༤་པའི་དོན་ཚན་གསུམ་པར་གྱེན་ལོག་བྱས་པའི་མི་ཞིག་གིས་གཞུང་གི་ལས་གནས་འཛིན་མི་ཆོག་ཅེས་འཁོད། ༢༠༢༡་ལོའི་ཕྱི་ཟླ་དང་པོའི་ཚེས་༦་ཉིན་ཌོ་ནལ་ཊམ་གྱིས་རང་གི་རྒྱབ་སྐྱོར་བ་ཚོར་ངན་སྐུལ་བྱས་ནས་ཨ་རིའི་གྲོས་ཚོགས་ལ་དཔུང་རྒོལ་བྱུང་།།

ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིར་འགྲན་ཞུགས་བྱེད་ཀྱི་ཡོད་པ་དེ་དག་གི་གྲས་སུ་ཌོ་ནལ་ཊམ་ལ་རྒྱབ་སྐྱོར་བ་མང་ཤོས་ཡོད་པ་དང་ཉམས་ཞིབ་པ་ཚོས་༢༠༢༤་ལོའི་སྲིད་འཛིན་འོས་བསྡུའི་སྐབས་སུ་ཌོ་ནལ་ཊམ་བསྐྱར་དུ་འདེམས་ཐོན་འབྱུང་སྲིད་ཅེས་གླེང་། ཌོ་ནལ་ཊམ་གྱིས་མེན་མངའ་སྡེའི་དྲུང་ཆེ་ཤེ་ན་བྷེ་ལོ་སི་ནི་དམངས་གཙོ་ཚོགས་པའི་ཚོགས་མི་ཞིག་རེད། ཁོ་མོས་མེན་མངའ་སྡེར་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་འདེམས་སྒྲུག་གི་སྔོན་འགྲོའི་འོས་བསྡུའི་སྐབས་སུ་ཌོ་ནལ་ཊམ་གྱི་མིང་ཐོ་འདེམས་ཤོག་གྲས་སུ་འཇུག་མི་ཆོག་ཅེས་ཐག་གཅོད་བྱས་པ་སྲིད་དོན་ཚོགས་པའི་འཐེན་འཁྱེར་བྱས་པ་ཞིག་རེད་ཅེས་སྒྲུབ་བྱེད་བཀོད། ཕྱི་ཟླ་༣་པའི་ཚེས་༥་ཉིན་མེན་མངའ་སྡེར་སྔོན་འགྲོའི་འོས་བསྡུ་བྱེད་ཀྱི་ཡོད་པ་དང་ཌོ་ནལ་ཊམ་གྱིས་མེན་མངའ་སྡེའི་དྲུང་ཆེའི་ཐག་གཅོད་ལ་རྒྱུ་མཚན་ཡང་དག་མི་འདུག དྲུང་ཆེ་བྷེ་ལོ་སི་རྟག་ཏུ་སྲིད་དོན་ཚོགས་པའི་ཕྱོགས་འཐེན་བྱེད་མཁན་ཞིག་དང་ཌོ་ནལ་ཊམ་ལ་སྡང་ཟུག་བྱེད་མཁན་ཞིག་རེད་ཅེས་སྐྱོན་བཙུགས།།

ཌོ་ནལ་ཊམ་གྱིས་མེན་མངའ་སྡེའི་དྲུང་ཆེ་ཤེ་ན་བྷེ་ལོ་སི་
ཌོ་ནལ་ཊམ་གྱིས་མེན་མངའ་སྡེའི་དྲུང་ཆེ་ཤེ་ན་བྷེ་ལོ་སི་

མེན་མངའ་སྡེའི་དྲུང་ཆེ་བྷེ་ལོ་སིས་ངའི་ཐག་གཅོད་ལ་མངའ་སྡེའི་ཆེས་མཐོའི་ཁྲིམས་ཁང་གིས་ཞིབ་འཇུག་བྱ་ཤས་ཆེ། དེ་ནི་རྒྱུད་རིམ་ཞིག་ཡིན་པ་དང་ང་ནི་རང་གི་ཐག་གཅོད་ལ་ཡིད་ཆེས་ཡོད། ཁྲིམས་ཀྱིས་སྐྱོང་བའི་ལམ་ལུགས་ལ་ཡིད་ཆེས་ཡོད། ང་ཚོ་སུ་ཞིག་ཡིན་རུང་སྲིད་གཞུང་གི་ནང་དུ་ལས་གནས་བཟུང་སྟེ་སྲི་ཞུ་བསྒྲུབ་རྒྱུ་ཡིན་ན་རྩ་ཁྲིམས་གོང་བཀུར་བྱ་དགོས་ཞེས་ལན་བཏབ། མེན་དང་ཀོ་ལོ་ར་ཌོ་གཉིས་ཁོ་ན་མིན་པར་ཨ་རིའི་མངའ་སྡེའི་མང་པོའི་ནང་དུ་ཌོ་ནལ་ཊམ་གྱི་མིང་ཐོ་སྔོན་འགྲོའི་འོས་བསྡུའི་འདེམས་ཤོག་ཁོངས་སུ་འཇུག་མི་ཆོག་ཅེས་ངོ་རྒོལ་བྱ་རྒྱུ་ཤུགས་ཆེ་རུ་སོང་། མེན་མངའ་སྡེའི་ཆེས་མཐོའི་ཁྲིམས་ཁང་གིས་མངའ་སྡེའི་དྲུང་ཆེའི་ཐག་གཅོད་དེ་ཁྲིམས་མཐུན་རེད་ཅེས་བཅད་ཁྲ་བསྒྲགས་པའི་དབང་དུ་བཏང་རུང་ཌོ་ནལ་ཊམ་གྱིས་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་ལ་ཞུ་གཏུག་བྱེད་ཆོག ཨ་རིའི་རྙིང་ཞེན་པ་ཚོས་ཌོ་ནལ་ཊམ་འོས་བསྡུར་འགྲན་ཞུགས་བྱེད་དུ་མ་བཅུག་ན་སྲིད་འཛིན་གཞོན་པ་ཀ་མ་ལ་ཧེ་སིའི་མིང་ཐོ་འདེམས་ཤོག་ནང་ནས་ཕྱིར་བསྡུ་བྱ་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ།།

ཨ་རིའི་རྩ་ཁྲིམས་བསྐྱར་བཅོས་༡༤་པའི་དོན་ཚན་གསུམ་པ་ནི་༡༨༦༡་ལོའི་ཕྱི་ཟླ་༤་པའི་ཚེས་༡༢་ནས་༡༨༦༥་ལོའི་ཕྱི་ཟླ་༤་པའི་ཚེས་༩་བར་དུ་ལངས་པའི་ཨ་རིའི་ནང་འཁྲུག་དུས་སུ་གཏན་ལ་ཕབ། ཨ་རིའི་ནང་འཁྲུག་དུས་སུ་ལྷོ་ཕྱོགས་ཀྱི་གྱེན་ལོག་པ་རྣམས་ཡོངས་སུ་ཕམ། རྩ་ཁྲིམས་བསྐྱར་བཅོས་༡༤་པའི་དོན་ཚན་གསུམ་པར་སྐྱེ་བོ་གང་ཞིག་གིས་རྩ་ཁྲིམས་ལ་རྒྱབ་སྐྱོར་བྱ་རྒྱུའི་དམ་བཅའ་བཞག་སྟེ་གྱེན་ལོག་གི་ལས་སུ་ཞུགས་ཚེ། མི་དེས་གཞུང་གི་ལས་གནས་འཛིན་མི་ཆོག་ཅེས་ཚིག་གྲུབ་༢་ལས་མི་གསལ། ༡༨༧༢་ལོར་ཨ་རིའི་གྲོས་ཚོགས་ཀྱིས་ལྷོ་ཕྱོགས་གྱེན་ལོག་པ་ཕལ་མོ་ཆེ་ཉེས་ཡངས་སུ་བཏང་སྟེ་རྩ་ཁྲིམས་བསྐྱར་བཅོས་༡༤་པའི་དོན་ཚན་གསུམ་པ་ལག་ལེན་བསྟར་མ་དགོས་པར་གྱུར། ༡༩༡༩་ལོར་ཨ་མི་རི་ཀ་འཛམ་གླིང་དམག་ཆེན་དང་པོར་ཞུགས་པར་སྤྱི་ཚོགས་རིང་ལུགས་པ་ཞིག་གིས་སྐྱོན་བརྗོད་དྲག་པོ་བྱས། ཁོ་པ་གྲོས་ཚོགས་འོག་མའི་འཐུས་མིར་འདེམས་ཐོན་བྱུང་སྟེ་ལས་གནས་འཛིན་རྒྱུ་འགོག་ཐབས་སུ་རྩ་ཁྲིམས་བསྐྱར་བཅོས་༡༤་པའི་དོན་ཚན་གསུམ་པ་ལག་ལེན་བསྟར།།

ཌོ་ནལ་ཊམ་གྱི་ཁྲིམས་རྩོད་པ་ཚོས་རྩ་ཁྲིམས་བསྐྱར་བཅོས་༡༤་པའི་དོན་ཚན་གསུམ་པ་དེ་སྲིད་འཛིན་ལ་ཁྱབ་ཀྱི་མི་འདུག རྩ་ཁྲིམས་བསྐྱར་བཅོས་ཀྱི་དོན་ཚན་གསུམ་པའི་རྗོད་ཚིག་གི་ནང་དུ་རྩ་ཁྲིམས་ལ་རྒྱབ་སྐྱོར་ཞེས་འཁོད་ཡོད་པ་ལས་རྩ་ཁྲིམས་གཅེས་འཛིན་དང་སྲུང་སྐྱོབ། གོང་བཀུར་ཞེས་འཁོད་མི་འདུག སྲིད་འཛིན་ནི་རྩ་ཁྲིམས་གཅེས་འཛིན་པ་དང་སྲུང་སྐྱོབ་པ་རེད། རྩ་ཁྲིམས་ཀྱི་རྗོད་ཚིག་ནང་དུ་སྲིད་འཛིན་གྱི་ལས་གནས་ཞེས་གསལ་ཁ་མ་ཐོན་པར་ཨ་རིའི་གཞུང་གི་ལས་གནས་འཛིན་མི་ཆོག་ཅེས་འཁོད་འདུག སྲིད་འཛིན་ལ་རྩ་ཁྲིམས་བསྐྱར་བཅོས་༡༤་པའི་དོན་ཚན་གསུམ་པ་ཁྱབ་ཀྱི་མི་འདུག་ཅེས་རྩོད་པ་འཕངས། ཀོ་ལོ་ར་ཌོ་མངའ་སྡེའི་ཆེས་མཐོའི་ཁྲིམས་ཁང་གིས་སྲིད་འཛིན་གྱི་ལས་གནས་ཞེས་གསལ་མེད་པ་བདེན། རྩ་ཁྲིམས་བསྐྱར་བཅོས་ཀྱི་དོན་ཚན་དེའི་ནང་དུ་གཞུང་གི་ལས་གནས་ཞེས་འཁོད་ཡོད་པས་སྲིད་འཛིན་གྱི་ལས་གནས་འདུས་ཡོད་པ་ཤིན་ཏུ་གསལ། སྲིད་གཞུང་གི་ལས་སྣེའི་གྲས་སུ་སྲིད་འཛིན་འདུས་མེད་ཟེར་ན་ཨ་རིའི་རྩ་དོན་ལ་རྒྱབ་འགལ་རེད་ཅེས་དགག་པ་བརྒྱབ།།

མཉམ་འབྲེལ་གསར་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ཀོ་ལོ་ར་ཌོ་མངའ་སྡེའི་ཆེས་མཐོའི་ཁྲིམས་ཁང་གིས་མངའ་སྡེ་དེའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་འདེམས་སྒྲུག་གི་སྔོན་འགྲོའི་འོས་བསྡུར་ཌོ་ནལ་ཊམ་འགྲན་ཞུགས་བྱེད་མི་ཆོག་ཅེས་བཀག་པ་ནི་སྔོན་ཆད་བྱུང་མྱོང་མེད་པ་ཞིག་རེད། ཌོ་ནལ་ཊམ་གྱིས་ཀོ་ལོ་ར་ཌོ་མངའ་སྡེའི་ཆེས་མཐོའི་ཁྲིམས་ཁང་གི་ཐག་གཅོད་དེ་ཁྲིམས་འགལ་རེད་ཅེས་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་ལ་ཞུ་གཏུག་བྱེད་ངེས་རེད། ཀོ་ལོ་ར་ཌོ་མངའ་སྡེའི་ཆེས་མཐོའི་ཁྲིམས་ཁང་ལ་ཁྲིམས་ཞིབ་པ་བདུན་ཡོད་པའི་ཁོངས་ནས་ཁྲིམས་དཔོན་བཞིས་ཌོ་ནལ་ཊམ་མངའ་སྡེ་དེའི་སྔོན་འགྲོའི་འོས་བསྡུར་འགྲན་ཞུགས་བྱེད་མི་ཆོག་ཅེས་ཐག་བཅད། ཁྲིམས་དཔོན་བཞི་པོ་དེ་དམངས་གཙོ་ཚོགས་པའི་སྲིད་འཛིན་ཚོས་བསྐོས་ཡོད་པར་མ་ཟད། ཨ་རིའི་ཆེས་མཐོའི་ཁྲིམས་ཁང་དུའང་རྙིང་ཞེན་ཅན་ནམ། སྤྱི་མཐུན་ཚོགས་པའི་སྲིད་འཛིན་ཚོས་བསྐོས་པའི་ཁྲིམས་ཞིབ་པ་མང་བ་ཡོད་པ་སྟེ། ཌོ་ནལ་ཊམ་གཅིག་པུས་ཆེས་མཐོ་ཁྲིམས་ཁང་གི་ཁྲིམས་ཞིབ་གསུམ་བསྐོས། ཆེས་མཐོའི་ཁྲིམས་ཁང་གིས་ཀོ་ལོ་ར་ཌོ་མངའ་སྡེའི་ཐག་གཅོད་དེ་ཁྲིམས་འགལ་རེད་ཅེས་བཅད་ཁྲ་སྒྲོགས་སྲིད།།

ཀོ་ལོ་ར་ཌོ་མངའ་སྡེའི་ཆེས་མཐོའི་ཁྲིམས་ཁང་གིས་༢༠༢༡་ལོའི་ཕྱི་ཟླ་དང་པོའི་ཚེས་༦་ཉིན་ཨ་རིའི་གྲོས་ཚོགས་སུ་༢༠༢༠་ལོའི་སྲིད་འཛིན་འོས་བསྡུའི་གྲུབ་འབྲས་དེར་ཐ་མའི་ངེས་གཏན་བྱས་པའི་དུས་སུ་ཌོ་ནལ་ཊམ་གྱིས་རང་གི་རྒྱབ་སྐྱོར་བ་རྣམས་གྲོས་ཚོགས་སུ་རྒྱུགས། ང་ཚོས་ཤི་འཐབ་རོ་འཐབ་ཅིག་མ་བྱས་ན་རང་གི་རྒྱལ་ཁབ་དེ་ཕྱིར་ལེན་བྱེད་མི་ཐུབ་ཅེས་དྲག་སྤྱོད་སྤེལ་དགོས་པའི་གྱེན་ལོག་བསླངས། མི་ཚོགས་དེར་ཁྲིམས་མེད་ལུགས་མེད་བྱ་དགོས་པའི་ངན་སྐུལ་ཐེབས། ཌོ་ནལ་ཊམ་གྱིས་ཞི་བའི་སྒོ་ནས་ཨ་རིའི་སྲིད་དབང་རྩིས་སྤྲོད་ཀྱི་ལམ་སྲོལ་ལ་གཏོར་བརླག་བྱས་པ་རེད་ཅེས་ཤོག་གྲངས་༡༣༤་ཅན་གྱི་བཅད་ཁྲ་བསྒྲགས། སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་རང་གི་གཏམ་བཤད་དེ་རྩ་ཁྲིམས་བསྐྱར་བཅོས་དོན་ཚན་དང་པོ་སྟེ། སྨྲ་བརྗོད་རང་དབང་གི་ཁྱབ་ཁོངས་སུ་འདུས་ཡོད། སྲིད་འཛིན་ལ་ཁྲིམས་གཅོད་འཕོག་མི་དགོས་པའི་ཉེས་ཡངས་ཡོད་ཅེས་རྩོད་པ་རྒྱག་གི་ཡོད་མོད། དམངས་གཙོ་ཚོགས་པ་དང་ཁྲིམས་ལུགས་མཁས་པ་ཁག་ཅིག་གིས་རྩ་ཁྲིམས་ཀྱི་གོང་ན་སུ་ཡང་མེད། སྲིད་འཛིན་ཡང་ཁྲིམས་འོག་ཏུ་འདུ་དགོས་ཞེས་དགག་པ་རྒྱག་གི་ཡོད་པའི་གནས་ཚུལ་ཐོན་འདུག

ཆེས་མཐོའི་ཁྲིམས་ཞིབ་པ་ཇཱོན་རོ་བར་ཊིས་
ཆེས་མཐོའི་ཁྲིམས་ཞིབ་པ་ཇཱོན་རོ་བར་ཊིས་

ཕྱི་ཟླ་༡༢་པའི་ཚེས་༢༩་ནེའུ་ཡོག་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ༢༠༠༠་ལོའི་ཨ་རིའི་སྲིད་འཛིན་འོས་བསྡུའི་སྐབས་སུ་ཧྥུ་ལོ་རི་ཌ་མངའ་སྡེའི་འོས་ཤོག་ཨལ་གྷོར་དང་འཇོར་ཇཱི་བྷུ་ཤཱི་གཉིས་ཀྱི་སུ་ལ་མང་བ་ཐོབ་ཡོད་མེད་འོས་ཤོག་གྲངས་བཤེར་ལན་མང་བྱས་པ་མཚམས་འཇོག་བྱ་དགོས་ཞེས་བཅད་ཁྲ་བསྒྲགས། འཇོར་ཇཱིར་བྷུ་ཤཱིར་༢༠༠༠་ལོའི་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་ཐོབ་ནས་བཟུང་། ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གིས་སྲིད་འཛིན་འོས་བསྡུར་འབྲེལ་བ་ཡོད་པའི་གྱོད་གཞི་ཞིག་ལ་ཐག་གཅོད་བྱ་དགོས་མ་བྱུང་ཞིང་། ད་ལོ་ཆེས་མཐོའི་ཁྲིམས་ཁང་གིས་ཐག་གཅོད་ཅི་ཞིག་བྱས་ཀྱང་སྲིད་དོན་ཚོགས་པའི་ཕྱོགས་འཐེན་ལ་འགྱུར་རྒྱུའི་རྣམ་པ་ཞིག་མངོན། ཆེས་མཐོའི་ཁྲིམས་ཞིབ་པ་ཇཱོན་རོ་བར་ཊིས་ཐག་གཅོད་དེ་སྤྱི་མཐུན་ཚོགས་པའི་སྲིད་འཛིན་ཚོས་བསྐོས་པའི་ཁྲིམས་ཞིབ་པ་དྲུག་དང་དམངས་གཙོ་ཚོགས་པའི་སྲིད་འཛིན་ཚོས་བསྐོས་པའི་ཁྲིམས་ཞིབ་པ་གསུམ་གྱི་ཐག་གཅོད་ཅིག་ལ་མི་འགྱུར་བའི་འབད་བརྩོན་བྱ་ངེས་རེད་ཅེས་གནས་ཚུལ་སྤེལ་འདུག

གླེང་སྟེགས།

XS
SM
MD
LG