༧སྐུའི་གཅེན་པོ་རྒྱལ་ལོ་དོན་འགྲུབ་ལགས་སྐུ་བཤེགས་པར་བོད་ནང་དུ་བོད་མི་ཚོས་རིག་ནུས་ཀྱིས་བཟོས་པའི་པར་རིས་དང་སྙན་ངག་སོགས་བྲིས་ཏེ་དམ་པ་ཁོང་ལ་རྗེས་དྲན་ཞུ་བཞིན་པ་དང་ཆབས་ཅིག བོད་དུ་བྱུང་བའི་ཆག་འཇིག་དང་བོད་མིའི་བདེ་དོན་སོགས་ལ་དྲན་གསོ་ཞུ་བཞིན་འདུག
སྤྱི་ལོ་༢༠༥་ལོའི་སྤྱི་ཟླ་༢་ཚེས་༨་ཉིན་༧གོང་ས་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བའི་གཅེན་པོ་དང་བཙན་བྱོལ་བོད་གཞུང་གི་བཀའ་ཟུར། བོད་མིའི་འཐབ་རྩོད་དང་དཀའ་ངལ་སེལ་བར་ཞི་དྲག་གི་ཕྱག་ལས་མང་དུ་གནང་མྱོང་བའི་རྒྱལ་ལོ་དོན་གྲུབ་ལགས་རྒྱ་གར་ཀ་ལིམ་པོང་གི་གཟིམས་ཤག་ཏུ་སྐུ་གཤེགས་པའི་གནས་ཚུལ་ཐོན་པ་དང་། གཞིས་བྱེས་བོད་མི་ཡོངས་ཀྱིས་རྗེས་དྲན་མྱ་ངན་ཞུ་བཞིན་པ་ལས། བོད་ནང་གི་བོད་མི་ཚོས་པོ་ཏ་ལའི་ཐང་ཆེན་དུ་གཞིས་བྱེས་མཉམ་འཛོམས་ཡོང་བར་རེ་སྒུག་བྱེད་བཞིན་པ། ལྷག་པར་དུ་༧སྐུའི་གཅེན་པོ་རྒྱལ་ལོ་དོན་འགྲུབ་ལྟ་བུའི་བོད་མི་ཚོ་མི་ཚེ་ཧྲིལ་བོར་གཞན་ཡུལ་དུ་བཙན་པོར་བྱོལ་བཞུགས་པ་དང་མཐར་མིའི་ལུང་བར་གཤེགས་པར་ཡིད་གདུང་དྲག་པོས་མྱ་ངན་ཞུ་བཞིན་འདུག
མྱ་ངན་གྱི་སྦྱར་ཡིག་སྤེལ་མཁན་ཚོའི་སྦྱར་ཡིག་དང་མཉམ་དུ་མཚམས་རེར་ལྷ་ས་དང་མགོ་ལོག ཟི་ལིང་། ཀན་སུ། སི་ཁྲོན། མཚོ་སྔོན། པེ་ཅིན། ཀྲེ་ཅང་ལྟ་བུའི་ས་གནས་གང་ནས་སྦྱར་ཡིག་སྤེལ་བཞིན་པ་ཡང་ཤར་ཡོང་ལ། ད་དུང་དེའི་ནང་དུ་རྩོམ་པ་པོ་དང་ཆབ་སྲིད་བཙོན་ཟུར། བླ་མ། ཚོང་བ། གཞས་པ་སོགས་ཡོད་པ་ཡང་མཐོང་ཐུབ ཡང་ཐེངས་འདིར་རྒྱུན་ལྡན་དང་ཅུང་མ་འདྲ་བ་ཞིག་ལ། བོད་ནང་ནས་སྦྱར་ཡིག་སྤེལ་མཁན་ཚོས་ཆེས་དེང་དུས་ཀྱི་འཕྲུལ་རིག་ལག་རྩལ་བེད་སྤྱོད་ཀྱིས། མིས་བཟོས་རིག་ནུས་ཀྱིས་བཟོས་པའི་པར་ཞིག་སྟེ། ཕོ་བྲང་པོ་ཏ་ལ་དང་དེའི་མདུན་ཐང་དུ་མཆོད་མེ་སྤར་བའི་འདྲ་རིས་ཤིག་དང་མཉམ་དུ་དཔེར་ན། ༡༩༢༨་༢༠༢༥་ལྟ་བུ་དང་བདེན་པའི་སྨོན་ཚིག་ནང་གི་ཚིག་བཅད་ཅིག་སྟེ། ༄༅།།བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད།།
གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ།། དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས།།
གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད།། ཅེས་སྦྱར་ཡིག་སྤེལ་མཁན་མང་པོ་ཡོད་པ་མ་ཟད།
ད་དུང་བསྔོ་སྨོན་གྱི་ཚིག་
སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་།
ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ཏེ། རྡོ་རྗེ་འཆང་གི་གོ་འཕང་མྱུར་འཐོབ་ཤོག ། ཡང་སྦྱར་ཡོད་པ་ཡང་མང་པོ་འདུག
དེ་མིན་བོད་མི་ཚོས་རྒྱལ་ལོ་དོན་གྲུབ་ལགས་ཀྱིས་ནུབ་ལྭ་བཞེས་པའི་སྐུ་པར་དང་ཁོང་གི་རྣམ་ཐར་གྱི་དེབ་ཀྱི་རྒྱབ་ཤ། ཡང་པཎ་ཆེན་སྐུ་ཕྲེང་བཅུ་བ་དང་རྒྱལ་ལོ་དོན་གྲུབ། འབབ་ཕུན་ཚོགས་དབང་རྒྱལ་གསུམ་མཉམ་དུ་བཞུགས་པའི་སྐུ་པར་ཞིག དེ་མིན་རྒྱལ་ལོ་དོན་གྲུབ་ལགས་དང་རྒྱ་ནག་གི་མགོ་ཁྲིད་ཏིན་ཞོ་ཕེན་གཉིས་མཉམ་དུ་ཡོད་པའི་པར་སོགས་སྦྱར་བཞིན་འདུག
དེ་ལས་ཀྱང་ད་ལྟ་བོད་ནི་འཛམ་གླིང་གི་འཕྲུལ་རིག་ལྟ་རྟོགས་འོག་གི་བཙོན་ར་གསར་བ་ཞིག་ལ་ངོས་འཛིན་བྱེད་མཁན་མང་པོ་ཡོད་པ་དང་། འདས་པའི་ལོ་ཤས་ནང་དུ་རྒྱ་ནག་གཞུང་གིས་བོད་དུ་ཆེས་དེང་དུས་ཀྱི་འཕྲུལ་རིག་དང་བརྡ་འཕྲིན་དོ་དམ། བརྡ་འཕྲིན་བཀག་སྡོམ། བརྡ་འཕྲིན་སོ་ཉུལ་སོགས་ཀྱི་འོག་ནས་བོད་མི་ཚོའི་དྲ་ལམ་བྱ་སྤྱོད་སྟངས་འཛིན་ནན་མོ་བྱེད་བཞིན་ཡོད་པས་བོད་མི་ཚོས་བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་། ཡང་ན་བོད་ཀྱི་མི་སྣ་གལ་ཆེན་སོགས་ལ་སེམས་ཤུགས་ཆེན་པོས་ཚིག་འབྲུ་གཅིག་ཡིན་ཡང་ཡི་གེར་འགོད་རྒྱུ་དེ་ཉེན་ཁ་ཞིག་ཆགས་ཡོད་པས། ཐེངས་འདིར་༧སྐུའི་གཅེན་པོ་རྒྱལ་ལོ་དོན་འགྲུབ་ལགས་སྐུ་བཤེགས་པར་བོད་ནང་གི་བོད་མི་ཚོས་བདེ་འཇགས་ལ་ཉེན་ཁ་ཡོད་པར་མ་འཛེམས་པར་མི་རིགས་ཀྱི་ལར་ཞེན་དང་ལས་དབང་ལ་འབྲེལ་བའི་སྦྱར་ཡིག་བཀྲམས་པ་རྣམས་ཧ་ཅང་དཀོན་པའི་བོད་ནང་གི་བོད་མིའི་སེམས་སྒྲ་གྱུར་ཡོད་པས། དྲ་སྣང་གི་བོད་ཀྱིས་དེའི་ནང་ནས་ཁག་ཅིག་ཡིག་ངོར་ཕབ་ཏེ་ཕྱོགས་སྒྲིག་བྱེད་ཡོད།
གཤམ་དུ་བོད་ནང་གི་སྤྱི་ཚོགས་དྲ་ལམ་ཁག་ཏུ་སྤེལ་བའི་བོད་མི་ཚོའི་སྦྱར་ཡིག་༤༠ ་ཡིག་ངོར་ཕབ་ཡོད་པ་འདི་ལྟར།
༡ རུས་པ་བྲག་ལས་སྲ་བའི་རིགས་ཀྱི་ལྷ་སྲས།
རིགས་ཞེན་མེ་ལས་ཚ་བའི་དུས་ཀྱི་སྒྲོན་མེ། )
༢ གཏམ་ངན་ཞིག་གིས་ནམ་སེམས་སྟོང་སེང་ངེར་གྱུར་སོང་།
༣ བདག་ཅག་རྣམས་ཀྱི་སྐུ་ཡི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་སྐུ་བཤེགས་སོང་ཟེར། བདེན་ནམ།
༤ གངས་རིའི་བདེན་མཐའ་སྲུང་བའི་མི་བུ་སྙིང་སྟོབས་ཅན་ཞིག་ཞིག་བར་བཤེགས་པར་མྱ་ངན་ཞུ།
༥ སུས་གཅེན་པོ་གྲོངས་ན་སྐྱིད་མེད་མོད།། ༧སྐུའི་གཅེན་པོ་གྲོངས་པ་ཤིན་ཏུ་འཕངས།
༦ བྱས་པ་ཅན་གྱི་སྐྱེས་བར་འདུད། རུས་པ་ཅན་གྱི་བུར་མི་བུར་འདུད།
༧ དར་རྒུད་ཀྱི་ལོ་རྒྱུས་ནང་། བཟང་ངན་གྱི་གཏམ་སྣ་ཚོགས་མང་མོད། འོན་ཏང་། ཞིབ་ཕྲའི་ཆ་རྒྱུས་མི་མངའ། གང་ལྟར། གདོང་དམར་བའི་གཅེན་པོ་ལགས་པས།་་་་་་
༨ སྐུ་ལ་དར་དཀར་གྱི་་ནུབ་ལྭ་བསྣབས་ཤིང་། དབུ་སྐྲ་འོད་ལྕུག་སེར་ལྟག་ཀར་ཤད་པའི། ཡུལ་དུ་གྱར་བའི་རྒྱལ་སྲས། ཡུལ་ལ་ལོག་པའི་ལམ་ནས་ཚེ་གཅིག་འགོར།
༩ དངོས་གནས་ངེས་པ་དོན་གྱིས་ཁ་བ་རི་བའི་གཅེན་པོ་རེད།
༡༠ སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་དགུང་གྲངས་༩༧་ཐོག་དགོངས་པ་རྫོགས་པའི་གཏམ་ངན་ཐོས། (ཀ་ལིམ་པོང་གི་ཐུག་པ་ལས་བཟོ་བ་)དྲན་དགོས།
༡༡ མ་ཎིའི་དབྱངས་རྟས་ཁྱེད་ལ་སྐྱེལ་མ་བྱེད།
༡༢ ངས་དེ་རིང་ཐུག་པ་ལས་བཟོ་བ་ཞིག་སྐྱེལ་མ་ཞུ་དགོས་ཡོད། བདེ་བར་བཞུད།
༡༣ རུས་པ་སྲ་མོ། ཚེ་ཡིས་རྡུང་།
༡༤ ངས་ཁྱེད་རང་ངོ་མི་ཤེས་ཀྱང་ང་ཁྱེད་དང་འདྲིས་ཆེ། ༡༩༢༨--༢༠༢༥
༡༥ སྐུ་ཉིད་བཞུགས་སའི་རི་གྲོང་དེའི་སྨུག་ལོང་གིས་ཕ་ཡུལ་དྲན་པའི་ནང་ལ་ལྷུང་བཞིན་རྒྱང་དུ་ཆས་སོང་།
༡༦ གཡུང་དྲུང་གི་རྨུ་ཐུག་རིང་མོ་ལ་འཇུས་ནས་ག་ལེར་ཕེབས་ཀྱང་། རེ་བའི་མཆོད་ཀོང་དུ་ལུས་པའི་མར་ཁུ་འདི་དག་གིས། སྣ་གསལ་གྱི་དོན་ཇི་ཙམ་བྱ་ནུས་ཨང་། རིགས་ལ་བརྩེ་དུང་ཟབ་པའི་མི། རུས་ལ་གློ་བ་ཉེ་བའི་མི།
༡༧ བོད་མི་རིགས་ཀྱི་ལས་དོན་ལ་མཛད་པ་ཆེ་ཞིང་བཀའ་དྲིན་སྙིང་བཅངས་ཞུ་འོས་པའི་ལྷ་སྲང་རྒྱལ་ལོ་དོན་གྲུབ་མཆོག་༢༠༢༥་ ༢་༨་ཉིན་བཀའ་བློན་སྤུག་གཟིམས་ཤག་ཏུ་དགོངས་པ་མྱ་ངན་འདས་འདུག
༡༨ ད་ལྟ་ངའི་ཡིད་ལ་ལོ་རྒྱུས་ཀྱི་དེབ་ཐེར་ཞིག་དྲན་ཡོང་གིན་འདུག ཉེ་རབས་ལོ་རྒྱུས་ཀྱི་དེབ་ཅིག དེའི་དེའི་ཁྲོད་ནས་ང་རང་མི་ཕོ་ཞིག་དང་འཕྲད་མྱོང་བ་དྲན་གྱིན་འདུག
༡༩ ཁྱེད་ཉིད་གྲུ་འཛིན་བདག་གི་གཅེན་པོ་ཡིན་ལ། མི་རིབས་ཤིག་གི་རྡོ་རིང་ངོ། མྱ་ངན་ཞུ།
༢༠ ཨ་ཁ་ཁ། སྐུ་ཚེ་ཧྲིལ་བོ་བོད་ཀྱི་བསྟན་པ་དང་ཆབ་སྲིད། རྒྱལ་ཁབ་དང་། མི་རིགས་ཀྱི་འཐབ་རྩོད་ཆེད་དུ་ཡོད་ཚད་ཕུལ་གནང་བའི་བཙན་རྒོལ་རྒྱལ་གཅེས་དཔའ་བོ། སྐུའི་གཅེན་པོ་སྐུ་ངོ་བཀའ་ཟུར་རྒྱལ་ལོ་དོན་གྲུབ་མཆོག དགུང་ལོ་གོ་བདུན་ཐོག་དགོངས་པ་རྫོགས་པར་སེམས་པ་རབ་ཏུ་སྐྱོ་བའི་ངང་མྱ་ངན་གུས་འདུད་ཞུ། མི་དབང་ཆེན་མོ་མཆོག་ནི་ཉེ་རབས་བོ ད་ཀྱི་ལོ་རྒྱུས་ཀྱི་དེབ་ཐེར་ནང་དུ། རྩོད་མེད་ཡོངས་གྲགས་ཐོག་བཙན་རྒོལ་རྒྱལ་གཅེས་ཀྱི་དཔའ་བོ་ཡ་མེད་ཞིག་དང་། དཔའ་མཛངས་རྟུལ་ཕོད་ ཀྱི་མི་སྣ་གལ་ཆེན་ཞིག་ཀྱང་ཡིན་པས་ཤུལ་ལྷག་ཁོང་གི་ནང་མི་གཉེན་འ བྲེལ་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཀྱིས་མྱ་ངན་དང་གུས་འདུད་གྲངས་མེད་ཞུ།
༢༡ དུས་རབས་གཅིག་གི་དཔའ་བོ། ཙོང་ཁ་སྟག་འཚེར་བ། གངས་ཅན་བོད་ལ་བཀའ་དྲིན་ཆེ། ལྷ་སྲས་རྒྱལ་ལོ་དོན་གྲུབ་མཆོག
༢༢ གངས་རི་མཐོང་སར་ཐུག་པ་བཟོ་ཞོར་དུ།། ཡངས་པའི་རྒྱལ་ཁམས་འཕེལ་འགྲིབ་ལྟད་མོ་བལྟས།། མི་ཚེ་གཅིག་གི་ཕམ་ཁ་ཁོག་ལ་སྦས།། སྐྱེ་བ་ད་རེས་སྡུག་ཡུས་ཐུག་པར་བཅོལ།།
༢༣ ཀ་ལིམ་པོང་ནས་པོ་ཏ་ལའི་གཟི་དཔལ་སྲུང་བའི་དཔའ་བོ་མཆོག་ལ་མྱ་ངན་ཞུ།
༢༤ རུས་པ་སྲ་མོ། སྤོབས་པ་བརྟན་པོ། བརྗིད་བརྗིད་ཞུམ་མེད་ཐུགས་ཀྱི་བཞེད་དགོངས་དང་།
སྐྱོ་སྐྱོ་སྐྱིད་སུག་རུམ་ནས་བཞུད་པ་འདི།། ཆེན་པོ་གངས་རི་ཉིལ་བའི་དཔེ་མཇོག་དང་།།
ཡང་ཡང་ཟུག་ཟེར་འཕྱུར་བའི་གདུང་བ་ཡིན།། ༢༠༢༥་༢་༨་ཉིན།
༢༥ མཐོ་སྒང་གི་ས་གཞི་གཉའ་བར་བཏེགས་པའི་འབྲོང་རྒོད། ༡༩༢༨- ༢༠༢༥
༢༦ དེབ་ཐེར་གྱི་གསེབ་ནས་ཁྱེད་རང་མཐོང་ཞིང་ཁྱེད་རང་ཤེས། བློ་གྲོས་ཡངས་པའི་བཀོད་པ་དང་རུས་གསེང་ལ་འཐིམ་པའི་སྙིང་སྟོབས་དེ་དག་ད་ལྟ་ལན་གཅིག་དྲན་ན་དུས་ཀྱི་མཐའ་འདིར་ལྷག་ཏུ་སྐྱོ་བས་མནར་ཞིང་བདག་ཡིད་ཨ་ཐང་ཆད་ནས་མགོ་བོ་རུམ་ཏུ་བཅུག་སྟེ་མྱ་ངན་དང་གུས་འདུད་ཞུས།
༢༧ རི་གྲོང་དེའི་སྨུག་ལོང་ཁྲོད་འཁྲེང་ཞེན་དང་རེ་བའི་སྤྱན་ཟུང་གྱེར་ནས་རུས་པ་ས་མཐར་མཐོར་དགོས་པ། བཤད་འདོད་པ་ཐམས་ཅད་མགྲིན་པའི་སྒོ་མོ་ལས་བཙན་གྱིས་བཀག་སྟེ་མིག་ཀོང་ལ་འཁྱིལ་ཡོང། འོན་ཀྱང་། ཀུན་རྟོག་གི་རྩིག་ངོས་ལ་བྲིས་པའི ཚོར་ཤེས་ཀྱི་ཡིག་ཆུང་དག་སུས་ཀྱང་བསུབ་ཐབས་བྲལ།
༢༨ པོ་ཏ་ལའི་རྒྱལ་ཕིབས་ཀྱི་གཟི་བརྗིད་ཕྱོགས་སུ་སྤྲོས་པའི་སྐར་མ་འོད་ཆེན། ཡར་ཀླུང་གཙང་བོའི་རླབས་རྒྱུན་གྱི་ཟིལ་ཤུགས་མཁའ་རུ་འབྱོ་བའི་གཡུ་འབྲུག་ཟེ་སྔོན། གངས་དཀར་པོའི་རང་མདངས་ས་མཐའ་རུ་སྲུང་བའི་སེང་གེ་དཀར་མོ། དཔའ་བརྟན་ཚུགས་ཀྱི་མཆེ་སྡེར་ཏབ་ཏུ་གཙིགས་པའི་རྒྱ་སྟག་ཐིག་དམར།
༢༩ དེ་རིང་སྒང་ག་བོད་ཀྱི་ཉེ་རབས་ལོ་རྒྱུས་སྟེང་གི་རླབས་ཆེ་བའི་མི་སྣ། བཙན་རྒོལ་རྒྱབ་སྐྱོར་གྱི་རུ་སྣེ་འདྲེན་མཁན་སྐུའི་གཅེན་པོ་རྒྱལ་ལོ་དོན་འགྲུབ་མཆོག་ཞིང་གཞན་དུ་གཤེགས་པར་ཡིད་གདུང་དྲག་པོས་མྱ་ངན་ཞུ།
༣༠ རི་སུལ་གྱི་ངོགས་ནས་ཐུག་པ་ཕོར་བ་གང་བཅོས་པས་མངར་སྒྱུར་ཁ་གསུམ་གྱི་དྲི་ངད་ཅིག་ཧི་མ་ལའི་རི་རྒྱུད་བརྒལ་ནས་གོ་ལ་ཧྲིལ་བོའི་ཕྱི་ནང་ལ་མྱངས་མི་ཚར་བའི་སྨྲ་བསམ་བརྗོད་འདས་ཀྱི་མངར་ཁ་ཞིག་བསྩལ་ཏེ། ༡༩༢༨--༢༠༢༥
༣༡ ཉིད་ཀྱི་ཚེ་བླ་སྲོག་གསུམ་ཧི་མ་ལའི་ཕར་ཚར་གྱི་དོན་དུ་ཕུལ། དཔའ་ཆེན་པོས་ལས་དོན་ཐེགས་དགའ་བ་དེའི་ཆེད་དུ་ཕུལ། བཙན་པོའི་བཤུལ་ལམ་གྱི་གཅེན་པོ། ཀ་ལིམ་པོང་གི་ཐུག་པ་ལས་བཟོ་བ་གཙོས། ཉིད་ཀྱི་མི་ཚེ་རྣམ་ཐར་བརྗེད་ག་ལ་ཐུབ། ༢༠༢༥
༣༢ གཅེན་གཅུང་མཉམ་དུ་ཕ་ཡུལ་ལ་ལ྄ོག་པའི་མངོན་འདོད་དང་གཞིས་བྱེས་བོད་མི་ལྷན་འཛོམས་ཀྱི་ཐུགས་རེ་དག་སེམས་ལ་ཉར་བཞིན་མྱི་ཡུལ་ས་མཐའ་ནས་འདས་གྲོངས་སུ་ཕྱིན་པ་ཡིད་སྐྱོ་གནས་སུ་གྱུར། མི་ལོ་གོ་བདུན་ནམ། མི་ཚེ་ཧྲིལ་བོའི་ནང་བོད་སྤྱི་བའི་རྩ་དོན་གྱི་ཆེད་དུ་སྐུ་ལས་བསྐྱོན་ཡོད། ཧུར་ཐག་གནང་ཡོད། སྐུའི་གཅེན་པོ། བོད་ཀྱི་བཀའ་ཟུར། གདུང་ཤུགས་དྲག་པོས་མྱ་ངན་ཞུ། སླར་ཡང་ལས་དང་སྨོན་ལམ་གྱི་དབང་གིས་སྐུ་མདུན་གྱི་འཁྲིས་སུ་སྐྱེ་བར་སྨོན།
༣༣ དཀའ་སྡུག་གི་ལས་སྣ་ཚོགས་ཀྱིས་ཁྱེད་ལ་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་མཁན་དང་། སྐྱོན་བརྗོད་ཀྱི་མཆིལ་མ་མདའ་འཕེན་མཁན་ཡང་མང་དུ་ཡོད་མོད། མི་སོ་སོའི་སྐྱོན་ཡོན་འཇལ་བྱེད་ཀྱི་ཚད་མ་མི་གཅིག་པས། ཡོན་ཏན་དུ་བཟུང་ན་ཡོན་ཏན་ཡིན་པ་དང་། སྐྱོན་དུ་བཟུང་ན་སྐྱོན་ཡིན་པའི་ངེས་པ་ག་ལ་ཡོད། ཁྱེད་ཀྱིས་བཟང་བོའི་རྒྱབ་སྐྱོར་དང་། ངམ་པའི་མཚང་བརྟོལ་བྱས་པའི་གསེར་གྱི་གླེགས་བམ་དེ་ང་ཚོས་ལྷ་རྫས་མེ་ཏོག་གི་གྲལ་དུ་བཤམས། ཁྱེད་ཀྱི་སྙིང་སྟོབས་ཀྱི་མེ་དཔུང་ནི་ནམ་ཡང་མི་ཡུལ་བར་ང་ཚོས་མཛེས་རྒྱན་དུ་རློམས། བདག་གིས་ཁྱེད་ཀྱི་གཏམ་རྒྱུད་མང་དུ་སྤྲོས་པའི་གླེགས་ཅམ་དེ་ངོ་ཤེས་པ་ནས་བཟུང་ནམ་ཡང་ཡིད་ངོར་བསུབ་ཏུ་མེད་པའི་སྣང་བརྙན་གསོན་པོ་ཞིག་ཏུ་གྱུར་ཡོད། སྐུ་གཅེན་ལགས། བདེ་བར་བཞུད།
༣༤ ཁྱེད་ཀྱི་མཛད་བཟང་དྲི་བྲལ་གངས་ཀྱི་རི།། ནམ་ཡང་ས་འཛིན་སྤོ་ན་ལྷང་ངེར་འགྱིངས།།
མི་འཇིགས་སྤོབས་པས་བཏེག་པའི་རྣམ་པར་ཐར།། ལོ་རྒྱུས་དེབ་ཐེར་ཁྲོད་ཀྱི་གསེར་གྱིས་བྲིས།།
བུ་ཚ་སྙིང་ཁམས་ཅན་གྱི་ཡིད་ལ་ཕབ།། དཀའ་སྡུག་དུས་ཀྱི་ཁུག་པ་རེ་རེ་ན།།
དཀའ་སྤྱད་རྡོ་རུས་གཏུག་པའི་གཏམ་རྒྱུད་རེ།། བརྩོན་པའི་གོ་ཆ་བགོས་པའི་སྐུ་ཚེ་གཅིག།
ང་ཡིས་དཔག་ཐབས་མེད་ཀྱང་བརྗེད་མི་སྲིད།།
༣༥ སྟོབས་ཀྱིས་འགྱིང་བའི་གངས་རི་ལྡེམ་ཙམ་བྱུང་།།
ལྷོད་ཀྱིས་ཚགས་པའི་མཚོ་མོ་རབ་ཅིག་ཐག།
མཚན་སྨག་རིམ་པ་དགུ་ཡི་བར་སྣང་།།
འབྲོང་རྒོད་རུ་ཐུར་རྩེ་ཡི་མེ་སྟག་མཆེད།།
ཡུལ་ཁམས་སྐྱ་བོ་ཡུག་ཅིག་ཚག་ཚག་སྲེག།།
༣༦་ གཏམ་རྒྱུད་མང་པོ་ཞིག་གི་མཇུག་དད་དུང་བསྡུས་མེད་པས་ང་ཁྱོད་རང་བདེ་བ་ཅན་དུ་སྐྱེས་བའི་སྨོན་ལམ་མི་འདེབས། པོ་ཏ་ལའི་ཐང་ཆེན་ནས་སྤུན་ཟླ་ཚོ་ཕྱིར་ལོག་པར་རེ་ཞིང་སྒུག་ན་ཡང་། རུས་པ་གསེར་གྱིས་རྒྱན་པའི་རྒན་རབས་པ་མང་པོ་ཞིག་ཁྲག་གིས་བྲིས་པའི་གཏམ་རྒྱུད་ལ་ཐིམ་སོང་། ཞེན་འཁོན་དང་ཕངས་སེམས་ལ་ཐིམ་སོང་།
༣༧ འཆི་བའི་ཆོས་ལ་བློ་ངེས་ཀྱང་།། འཕང་བའི་སེམས་ཀྱིས་མྱོང་བར་དཀའ།། འདས་པའི་བྱས་པ་རྒྱ་ཆེ་རུང་།། ད་དུང་བཞུད་པ་སྔ་སྣང་ཤར།། སྐྱེས་བུ་ལགས། འོལ་བརྒྱལ་གནང་སོང་།
༣༨ ཡང་བཙན་བྱོལ་རྩོམ་པ་པོ་ཆབ་བྲག་ལྷ་མོ་སྐྱབས་ཀྱིས་བྲིས་པའི་རྗེས་དྲན་ཞིག་བོད་ནང་གི་སྐད་འཕྲིན་གྱི་རྒྱབ་ལྗོངས་ཁ་ཤས་སུ་སྤེལ་བ་མཐོང་རྒྱུ་ཡོད་པ་དེའི་ནང་།
རྒྱལ་བའི་བཀའ་བཞིན་ལོ་མང་སྲི་ཞུ་བསྒྲུབས།། རྒྱ་དཔོན་རྣམས་ལ་ལོ་མང་བོད་དོན་བརྩད།།
དབུ་ལམ་ཟམ་པ་བཞེངས་ཏེ་དོན་མང་གྲུབ།། བཀའ་དྲིན་ཆེ་འོ་བཀའ་ཡི་བློན་ཆེན་མཆོག།
སྐུ་ཚེ་གང་བོར་སྐུ་ངལ་གང་མང་མྱངས།། ཆོལ་ཁ་གསུམ་པོ་རང་གི་ཁྱིམ་དུ་བསམས།།
ཚེ་ལོ་མཐར་ཕྱིན་བགྲེས་སོང་བསོད་ནམས་ཅན།། བདེ་བ་ཅན་གྱི་ཞིང་དེར་བདེ་བར་གཤེགས།།
བསྟན་སྲིད་རིག་གཞུང་མི་རིགས་སྲུང་སྐྱོབ་ཆེད།། ལུས་སྲོག་ལོངས་སྤྱོད་བཏང་བའི་དཔའ་བོ་དག།
གྲུ་འཛིན་མགོན་དེས་ཐུགས་རྗེས་གཟིགས་ངེས་ན།། བདག་ཅག་དགའ་བའི་དགེ་བ་བསྔོ་བར་འོས།།
༣༩ ཙོང་ཁའི་རི་བོ་སྨུག་ལ་འདྲེས་པའི་མཚན་མོ།
སུ་ཞིག་གི་སེམས་པས་ཙོང་ཁའི་ཉིན་མཚན་སྲུང་ཡོད་དམ། རྒྱང་རིང་ནས་གཏན་དུ་ལོག་ཐབས་མེད་པ་དེ་སུ་ཡིན་ནམ། རྒྱང་རིང་ནས་ཕ་ཡུལ་དྲན་ན་ཕྱིར་དྲན་ཁོ་ན་ཡི་གེར་འགོད་མཁན། བགྲེས་པོ་ལགས།
ས་མཐའི་ཐུག་པ་དཀར་ཡོལ་གང་གི་གཏམ་རྒྱུད། ཙོང་ཁའི་ས་དང་གནམ་ལ་བྱེར་བའི་དགའ་སྐྱོ། ས་མཐའ་ནས་ས་མཐར་ལྷུང་། དོ་ནུབ།
ཁྱོད་ཀྱིས་རྟ་ཁྱུ་འཚོས་མྱོང་སའི་རི་གྲོང་དེ། ཁེར་རྐྱང་གི་རླུང་བུས་བསྐྱོད། ཁྱོད་ཀྱི་ནུ་བོ་མ་བྱོན་པའི་སྔ་རོལ་ཏུ། ཁྱོད་ཀྱི་ཕ་རྒན་ནད་ཀྱིས་གཙེས་མྱོང་སའི་རི་གྲོང་དེ། དོ་ནུབ། ཁེར་རྐྱང་གི་མུན་པའི་ཀློང་ན་བཤུམ།
སྨུག་དང་འདྲེས་པའི་ཙོང་ཁའི་སྐྱེ་བ། མཚན་མོ་དེ་མི་སྲིད་པ་ཞིག་ཏུ་འགྱུར།
མཚན་གུང་འདིར། ཡི་གེ་འདི་གཏགས་མཁན་ལ། ཐུག་པ་དཀར་ཡོལ་གང་ཡོད་ན་ཅི་མ་རུང་ཨང་།
༤༠ ཞེ་འདི་སྨྲེང་བ་ལ།
ལོ་རྒྱུས་དེབ་ཐར་འབྲི་བའི་བྱུང་རབས་ག་ཆེན།། བདེན་རྫུན་གསེད་དཀྲོལ་གཏོང་བའི་ཤེས་རབ་འོད་ཆེན།། མི་རྒྱུད་ལྷ་ལས་ཆད་པའི་རིགས་ཀྱི་ཕོ་ཉ།། བོད་དོན་གཙུག་ཏུ་བཀུར་ལ་ཁྱེད་འདྲ་དཀོན་ཤག།
ནང་ནས་ཆགས་སྡང་སྟོང་གི་འཁོར་ལོ་བསྐོར་ཚེ།། ཕྱི་ནས་འཇོམས་བྱེད་དགྲ་ཡིས་རྔམ་སེམས་བྱུང་ཉིན།། མིག་རྒྱང་རིང་དུ་སེམས་པའི་གངས་ཀྱི་གཡུ་རལ།། ཐབས་དང་སྤོབས་པས་ངོམ་ལ་ཁྱེད་ཉིད་བརྗིད་དོ།།
ཕུང་དཀྲུག་ཁྲམ་པའི་ཚོགས་ཀྱི་གདོང་ཁེབས་ཕུད་ཅིང་།། རང་རིགས་སྲིད་ཞི་སྒྲུབ་ལ་རྒྱབ་ནས་སྐྱོར་འདོད།། ལོ་རྒྱུས་གསང་བའི་ཞལ་ངོ་གསལ་བོར་སྟོན་ཆེད།། ག་ལིམ་པོང་གི་ཐུག་པ་བོད་ལ་བསྐོལ་ཡོད།།
ཐོབ་ཁྲི་རྫིག་པོར་མནན་ནས་ཁ་ཕོ་མ་བསྒྲགས།། ལས་ལ་མི་བརྩོན་སྟོང་བའི་འབྲུག་སྐད་མ་འབྱིན།། སྐུ་ཚེའི་ལོ་ཟླ་མཐའ་ན་ཉི་མ་རེ་ཡང་།། ཁྱོད་རང་རིགས་ཀྱི་སླད་དུ་གསོན་པ་མི་བརྗེད།།
རང་ས་རང་གིས་སྲུང་ལ་འཇིགས་སྣང་འབྱུང་སྐབས།། རང་ཟས་རང་གིས་ཟོས་ན་ཉེས་ཆད་གཅོད་སྐབས།། རང་ཡུལ་བསྐྱུར་ནས་གཞན་ཡུལ་གཡར་བའི་དུས་དེར།། ནང་མིའི་ཁེན་སའི་མི་དེ་གཅེན་པོ་ཁྱོད་ཡིན།།
གེ་སར་མོན་ནས་ལྷག་པས་ཕྱི་དགྲ་བཙན་སྐབས།། སྣང་ངུ་དུང་གི་ཟླ་བའི་སྐུ་སྲོག་འཆོར་སྐབས།། སྤྱི་དཔོན་ཉི་མ་སེར་པོའི་དཔུང་ཡ་གཅིག་པུ།། གཅེན་པོ་འདན་མ་ཁྱོད་ཡིན་གཞན་ཞིག་མ་ཐོས།།
སྐུ་གྲགས་ཐོབ་དབང་ཆང་གིས་བཟི་ཁ་བཙན་ཚེ།། ཕྱི་དོན་གསེར་གྱི་འཁོར་ལོ་སྐོར་མཁན་ཉུང་དུས།། རང་སྟོབས་རང་གིས་བཅོམ་པའི་དུས་ངན་འཆར་ཚེ།། སྐུ་མདུན་སྙིང་སྟོབས་བཙན་པོའི་ཆ་ཡ་ཁྱོད་ཡིན།།
སྤྱིར་ན་སྐྱེས་ནས་འཆི་བ་འཁོར་བའི་ཆོས་ཉིད།། སྐྱོ་ཡང་ཐབས་ཤེས་མེད་པ་ངས་ཀྱང་ལོས་ཤེས།། འོན་ཀྱང་རང་དོན་བྲལ་ཞིང་སྤྱི་དོན་སེམས་པའི།། མར་མེ་ཁྱོད་འདྲ་གཟིམ་ཚེ་སེམས་ནས་འཕང་བྱུང་།།
ཤི་རྗེས་འགྱོད་པ་གླེན་པའི་ངང་ཚུལ་ཡིན་མོད།། ཤུལ་རྗེས་དྲན་པ་བཟང་པོའི་ངང་ཚུལ་ཡིན་པས།། དབུགས་ཀྱི་རྒྱུ་བ་མ་འགག་མ་འཇིག་བར་དུ།། ངས་ཀྱང་ཁྱོད་རང་བཞིན་དུ་ཐུག་པ་བཟོ་འདོད།།
ཞེས་ལ་སོགས་པ་བྲིས་ཏེ་བོད་ནང་གི་བོད་མི་ཚོས་རྒྱལ་ལོ་དོན་གྲུབ་ལགས་ཀྱི་སྐུ་ཚེ་དང་འབྲེལ་བའི་བོད་ཀྱི་བདེ་དོན་དང་ལོ་རྒྱུས། གནས་བབ་ལ་སེམས་ཚོར་ཆེན་པོས་སྦྱར་ཡིག་སྤེལ་བཞིན་པ་མ་ཟད། བཙན་བྱོལ་དུ་ཡང་དེ་མཚུངས་ཀྱིས་གླིང་རིན་པོ་ཆེ་མཆོག་གཙོས་བོད་མི་སྒེར་བ་མང་པོས་སོ་སོའི་སྤྱི་ཚོགས་དྲ་ལམ་དུ་སེམས་ཚོར་ཆེན་པོས་སྦྱར་ཡིག་སྤེལ་བཞིན་པ་མཐོང་རྒྱུ་འདུག
གླེང་སྟེགས།