ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༡༢/༠༥

ཀརྨ་བསམ་གྲུབ་གསོན་པོར་ཕྱིར་ཐོན་པ་ནི་དགའ་དགོས་པ་ཞིག་རེད།


ཀརྨ་བསམ་གྲུབ་ཀྱི་བཟའ་ཟླ་དང་བུ་མོ་གཉིས།
ཀརྨ་བསམ་གྲུབ་ཀྱི་བཟའ་ཟླ་དང་བུ་མོ་གཉིས།

མི་རིགས་ཤིག་ལ་མཚོན་ན་མི་རིགས་ཀྱི་དཔའ་བོ་ནི་མི་རིགས་དེའི་བླ་སྲོག་ཡིན་པས། བོད་མི་ཚོས་ཆབ་སྲིད་བཙོན་པ་དང་རང་སྲེག་ངོ་རྒོལ་བ་ཚོའི་ལོ་རྒྱུས་ལ་རྒྱུས་ལོན་དང་ཁྱབ་སྤེལ་བྱེད་རྒྱུ་ནི་ད་ལྟའི་དུས་སུ་གལ་གནད་ཆེ་ཤོས་ཡིན་ཞེས་དང་། ལོ་བཅོ་ལྔའི་རྗེས་སུ་ཀརྨ་བསམ་གྲུབ་ལགས་རྒྱ་ནག་གི་བཙོན་ཁང་ནས་གསོན་པོར་ཐོན་ཐུབ་པ་བྱུང་བ་ནི་དགའ་སྣང་སྐྱེས་དགོས་པ་ཞིག་རེད་ཅེས་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཞིག་གིས་བརྗོད་སོང་།

ཟླ་འདིའི་ཚེས་༡༨་ཉིན་ལ་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་དང་གནའ་རྫས་དོན་གཉེར་བ་ཀརྨ་བསམ་གྲུབ་ལགས་རྒྱ་ནག་གིས་ལོ་བཅོ་ལྔར་བཙོན་འཇུག་རྗེས་གློད་གྲོལ་བཏང་ནས་ནང་མི་དང་ལྷན་འཛོམས་བྱུང་ཡོད་པ་རེད་དེ་ཁོང་གི་སྐེད་པ་དང་འཇིང་བ་ལ་གནོད་སྐྱོན་ཕོག་ཡོད་པས་འདྲུད་འཐེན་འཁོར་ལོའི་ནང་དུ་བཞུགས་དགོས་བྱུང་འདུག

རྒྱ་ནག་གཞུང་གིས་ལོ་ལྔ་ལ་བཙོན་འཇུག་བྱས་མྱོང་བའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་འཇམ་དཔལ་སྨོན་ལམ་ལགས་ཀྱིས་རང་གི་ཉམས་མྱོང་དང་བཙན་བྱོལ་དུ་ཉམས་ཞིབ་བྱེད་པའི་གནས་ཚུལ་ཁག་གཞི་ལ་བཞག་ནས་བརྗོད་དོན། བཙོན་པ་མང་པོ་ཞིག་གསོན་པོར་ཕྱིར་ཐོན་རྒྱུ་ཁག་པོ་རེད་ལ། མང་པོ་ཞིག་གྲོངས་འགྲོ་གི་ཡོད། པར་སོགས་ནས་ཀརྨ་བསམ་གྲུབ་ལགས་ཀྱི་གཟུགས་པོའི་གནས་སྟངས་ཡག་པོ་མེད་ཅིང་ནད་གཅོང་ཅན་དུ་གྱུར་བ་གསལ་བོ་རེད་དེ། ཡང་གསོན་པོར་ཐོན་ཐུབ་པ་བྱུང་བ་ནི་དཔེ་མི་སྲིད་པའི་ཡག་པོ་ཡིན་པ་རེད།

སྤྱི་ལོ་༢༠༡༠་ལོར་རྒྱ་ནག་གཞུང་གིས་ཀརྨ་བསམ་གྲུབ་ལགས་འཛིན་བཟུང་དང་བཙོན་འཇུག་ཁྲིམས་ཐག་བཅད་པའི་སྐབས་སུ། བོད་ཀྱི་ཆབ་སྲིད་བཙོན་ཟུར་འཇམ་དཔལ་སྨོན་ལམ་ལགས་ནི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ལས་རོགས་དང་ཉམས་ཞིབ་པ་ཡིན་པ་རེད། ཁོང་གིས་༢༠༠༨་ལོའི་ཞི་རྒོལ་ཆེན་པོ་བྱུང་བའི་རྗེས་ཀྱི་སྐབས་དེ་དུས་ཀྱི་བོད་ནང་གི་ཆབ་སྲིད་ཀྱི་ཁོར་ཡུག་སྤྱི་དང་། ཡང་ཀརྨ་བསམ་གྲུབ་ལགས་ལ་རྒྱ་ནག་གཞུང་གིས་(དུར་ས་སྔོགས་ནས་རིག་དངོས་རྐུ་ཁྱེར་བྱེད་པ་)ཞེས་པའི་ཉེས་འཛུགས་བྱེད་དོན་སོགས་ཀྱི་སྐོར་ནས་ཕྱིར་དྲན་དང་བཅས་འདི་ག་རླུང་འཕྲིན་ཁང་ལ་བརྗོད་སོང་།

བུ་སྤུན་གསུམ་ལ་ཉེས་འཛུགས་དང་བཙོན་འཇུག
བུ་སྤུན་གསུམ་ལ་ཉེས་འཛུགས་དང་བཙོན་འཇུག

འཇམ་དཔལ་སྨོན་ལམ་ལགས་ཀྱིས། ཀརྨ་བསམ་གྲུབ་ལགས་ནི་ཕུལ་བྱུང་གི་ཚོང་པ་ཞིག་དང་བརྩེ་སེམས་ཅན་ཞིག བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་ཕོག་བཞིན་པ་དེ་སྲུང་སྐྱོབ་ཀྱི་ཕྱག་ལས་འབོར་ཆེན་གནང་མཁན། སྤྱི་ཚོགས་དགེ་རྩ་སྒྲུབ་མཁན་ཞིག་ཡིན་པ་བཅས་ཤུགས་རྐྱེན་གང་འཚམས་ཡོད་མཁན་ཞིག་ཡིན། སྐབས་དེ་དུས་བོད་ཀྱི་སྤྱི་ཚོགས་ཐོག་ལ་ཁ་ཡོད་ལག་ཡོད་ཀྱིས་ཕྱག་ལས་གནང་མཁན་དང་ཤུགས་རྐྱེན་ཡོད་མཁན་དཔེར་ན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ལྟ་བུའི་གནད་ཡོད་དང་ཤུགས་རྐྱེན་ཅན། བོད་ཀྱི་སྤྱི་ཚོགས་སུ་གཟེངས་སུ་ཐོན་པའི་ཕུལ་བྱུང་མི་སྣ་ཚོར་ཉེས་པ་འདྲ་མིན་ཞིག་ལ་ཁ་གཡར་ནས་འཇུ་བཟུང་བྱེད་པའི་གནས་ཚུལ་མང་པོ་བྱུང་ཡོད་པ་རེད་ལ། ཀརྨ་བསམ་གྲུབ་ལགས་ཀྱང་དེའི་གྲས་ཡིན་ཞེས་བརྗོད་བྱུང་། ཡང་ཁོང་གིས་འགྲེལ་བརྗོད་གནང་དོན་ལྟར་ན། སྐབས་དེ་དུས་ཀརྨ་བསམ་གྲུབ་བུ་སྤུན་གསུམ་གྱིས་(ཨ་ཁྱུང་སེང་གེ་རྣམ་རྫོང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་༽ཞེས་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚོགས་པ་བཙུགས་པ་དང་། ཁོ་ཚོའི་བྱ་གཞག་ལ་ཕྱི་ནང་གཉིས་ནས་ངོས་འཛིན་དང་དགའ་བསུ་ཐོབ་ནས་བྱ་དགའ་དང་བསྔགས་བརྗོད་སོགས་རག་བཞིན་ཡོད་ལ། ཁོ་ཚོས་ཤིང་ནགས་འདེབས་འཛུགས་དང་རྔོན་རྒྱག་བཀག་འགོག ཡང་རྒྱལ་ཁབ་ཀྱིས་སྤྲད་པའི་རོགས་དངུལ་ས་གནས་ལས་བྱེད་པས་མང་ཚོགས་ལ་ཏག་ཏག་མ་སྤྲད་པ་སོགས་ལ་སྐྱོན་བརྗོད་སོགས་བྱེད་ཡོང་དུས། ས་གནས་གཞུང་གི་ལས་བྱེད་པ་ཚོས་བུ་སྤུན་གསུམ་ལ་འཁོན་འཛིན་བྱས་ཏེ། མཐར་སྤྱི་ལོ་༢༠༠༩་ལོར་སྤུན་ཆེ་བ་རིན་ཆེན་བསམ་གྲུབ་དང་སྤུན་ཆུང་བ་འཆི་མེད་རྣམ་རྒྱལ་གཉིས་ཀྱང་འཛིན་བཟུང་གིས་(ཁ་བྲལ་བ་རེད་)ཅེས་ཉེས་འཛུགས་ཀྱིས་རིན་ཆེན་བསམ་གྲུབ་ལ་ལོ་ལྔ་ཡི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། འཆི་མེད་རྣམ་རྒྱལ་ལ་ལོ་གཅིག་དང་ཟླ་དགུ་ཡི་བཙོན་འཇུག་བྱས་མྱོང་ཡོད་འདུག སྤྱི་ལོ་༢༠༡༠་ལོར་ཀརྨ་བསམ་གྲུབ་ལགས་འཛིན་བཟུང་བྱེད་དོན་ནི་ལོ་༡༢་སྔོན་གྱི་དོན་རྐྱེན་ཞིག་ཡར་སྔོགས་ཏེ་དེ་ལ་ཁ་གཡར་ཡོད་པ་དང་། དེའི་རྒྱབ་ལྗོངས་ལྟར་ན། སྤྱི་ལོ་༡༩༩༨་དང་༡༩༩༩་ལོར་བསྟུད་མར་ཀརྨ་བསམ་གྲུབ་ལགས་ནི་ཞིན་ཅང་དུ་དུར་ས་རྙིང་བ་སྔོགས་ཏེ་རིག་དངོས་རྐུ་བཅོམ་བྱེད་པའི་ཉེས་མིང་འོག་འཛིན་བཟུང་ཐེངས་གསུམ་ཙམ་བྱས་པ་དང་། མཐར་དྲི་ཞིབ་སོགས་ཡོངས་སུ་རྫོགས་ཏེ་ཀརྨ་བསམ་གྲུབ་ཀྱི་ཉེས་འཛུགས་དེ་ཁུངས་ལུང་མེད་པ་དང་ཉེས་འཛུགས་ཕྱིར་བསྡུ་བྱེད་དེ་གློད་གྲོལ་བཏང་བ་དང་། གནས་ཚུལ་དེ་གཙང་མ་གཙང་རྐྱང་ཆགས་ཀྱང་། ཀརྨ་བསམ་གྲུབ་ལགས་ཀྱི་བུ་སྤུན་གཉིས་བཙོན་འཇུག་བྱས་ཏེ་ཟླ་ཤས་ལས་མ་འགོར་བར་ལོ་༡༢་སྔོན་གྱི་གནས་ཚུལ་ཞིག་སྔོགས་ཏེ་ཀརྨ་བསམ་གྲུབ་ལགས་འཛིན་བཟུང་བྱས་ཡོད་འདུག

ཀརྨ་བསམ་གྲུབ་སྤུན་གསུམ་གྱི་ཨ་མ།
ཀརྨ་བསམ་གྲུབ་སྤུན་གསུམ་གྱི་ཨ་མ།

ཆབ་མདོའི་གོ་འཇོ་ནས་ཀརྨ་བསམ་གྲུབ་བུ་སྤུན་གསུམ་བཙོན་འཇུག་མ་བྱས་པའི་སྔོན་དུ་ཁོ་ཚོའི་ཁྱིམ་དུ་ཉེན་རྟོག་པ་འབྱོར་ནས་སྔོག་བཤེར་བྱས་པ་དང་སྐབས་དེ་དུས་ཁོ་ཚོའི་མ་རྒན་ལ་ཡང་ཉེས་རྡུང་བཏང་ནས་སྨན་ཁང་དུ་སྐྱེལ་ཡོད་ཅིང་། ཁྱིམ་གྱི་དཔེ་རྙིང་གཙོས་པའི་ཅ་ལག་མང་པོ་གཞུང་བཞེས་བཏང་ཡོད་པ་རེད།

འཇམ་དཔལ་སྨོན་ལམ་ལགས་ཀྱིས་རང་གི་ཉམས་མྱོང་དང་སྦྲགས་ནས་བོད་ཀྱི་ཆབ་སྲིད་བཙོན་པ་ཚོའི་ནང་མིའི་དཀའ་ངལ་སྐོར་ལ་ངོ་སྤྲོད་གནང་དོན། བཙོན་ཁང་ལ་བཅུག་པ་དེ་བཙོན་ཁང་དུ་བཅུག་པ་རེད་དེ། ཕྱི་ལོགས་སུ་ཡོད་པའི་ནང་མི་ཚོར་བཙོན་ཁང་ནང་གཅིག་མཚུངས་ཀྱིས་སྡུག་བསྔལ་མྱངས་བསྡད་ཡོད་རེད། དཔེར་ན། སྔོན་མ་ང་རང་བཙོན་ཁང་ནས་མར་གློད་དུས་ངའི་སྤུན་མཆེད་ཚོས་ང་ལ། ད་ལོ་གཞི་ནས་ཨ་མ་ལ་ལོ་སར་གཏོང་རྒྱུ་ཡོད་རེད། ཅེས་བརྗོད་ཀྱིན་འདུག དེ་ག་རེ་རེད་ཟེར་ན། བཙོན་ཁང་དུ་བཅུག་པ་དེ་ཚོའི་ཕ་མ་དང་སྤུན་ཟླ་སུ་ཡིན་ཡང་། ལོ་སར་སོགས་གཏོང་སྐབས་བཙོན་ཁང་དུ་ཡོད་པའི་མི་དེ་དྲན་དུས་མིག་ཆུ་གཏོང་གི་རེད། ཕ་མ་ཞིག་ཡིན་ན་ལོ་སར་སྐབས་ཕྲུ་གུ་ཚང་མ་འཛོམས་དུས་ཕྲུ་གུ་གཅིག་བཙོན་ཁང་དུ་སྡུག་པོ་མྱངས་ཡོད་པ་དྲན་ཚེ་ཕ་མ་མ་སྐྱིད་པ་ཆགས་དུས་ནང་མི་ཚང་མ་མ་སྐྱིད་པ་ཆགས་གི་རེད། དེ་ཡིན་དུས་ནང་མི་ཚོས་ཀྱང་སྤྱི་ཚོགས་སུ་བཙོན་ཁང་དུ་བཅུག་པ་ནང་བཞིན་གྱི་དཀའ་ངལ་དང་སྡུག་བསྔལ་ཞིག་ཁུར་བསྡད་ཡོད། ཅེས་གསུང་བྱུང་ལ། དེ་མཚུངས་བཙན་བྱོལ་གཞུང་མང་གཉིས་ཀྱིས་ཀྱང་ནང་ཁུལ་གྱི་རྩོད་རྙོག་ཁག་ལ་མགོ་མི་འཁོར་བར་བོད་ནང་གི་ཆབ་སྲིད་བཙོན་པ་ཚོའི་གནས་བབ་དང་དེ་ཚོའི་དགོས་འདུན། དེ་ཚོའི་ནང་མི་སོགས་ལ་དོ་སྣང་མང་ཙམ་གནང་འོས་པར་བརྗོད་བྱུང་། དེ་སྔོན་ལྷ་སར་བོད་དོན་ལས་འགུལ་སྤེལ་ཞིང་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མྱོང་མཁན། ལོ་ལྔ་ལ་རྒྱ་ནག་གི་བཙོན་ཁང་དུ་བཞུགས་མྱོང་མཁན། ལྷག་པར་དུ་བཙན་བྱོལ་དུ་ཕེབས་རྗེས་ལོ་ངོ་མང་པོའི་རིང་ལ་བོད་ནང་གི་ཆབ་སྲིད་བཙོན་པ་ཚོའི་གནས་བབ་སྐོར་ལ་ཉམས་ཞིབ་གནང་མྱོང་མཁན་འཇམ་དཔལ་སྨོན་ལམ་ལགས་ཀྱིས་བརྗོད་ན་འཛམ་གླིང་གི་སྤྱི་ཚོགས་གང་ཞིག་ཡིན་ཡང་མི་རིགས་ཤིག་གི་བླ་སྲོག་ནི་མི་རིགས་དེའི་དཔའ་བོ་ཚོ་ཡིན་པས། དཔའ་བོའི་ལོ་རྒྱུས་ལ་རྒྱུས་ལོན་དང་དྲན་གསོ། གླེང་སློང་དང་ཁྱབ་སྤེལ་བྱེད་རྒྱུ་སོགས་ནི་མི་རིགས་ཀྱི་སྙིང་སྟོབས་སྤེལ་བའི་ལག་ཆ་ཡིན་པ་རེད།

དེའི་སྐོར་ལ་འཇམ་དཔལ་སྨོན་ལམ་ལགས་ཀྱིས། ད་ལྟ་ཕར་བལྟས་ཡོང་དུས་ང་ཚོ་དོན་དག་མེད་པའི་རྙོག་དྲ་དེ་འདྲར་རྩོད་གླེང་བྱེད་བཞིན་འདུག གལ་ཆེ་ཤོས་དེ་ནི་དཔེར་ན་ད་ལྟ་བཙོན་ཁང་དུ་ཡོད་པའི་སྒོ་ཤེས་རབ་རྒྱ་མཚོ་ལྟ་བུའི་ཉེ་ལམ་འཇུ་བཟུང་བྱས་པའི་ཆབ་སྲིད་བཙོན་པ་དེ་ཚོའི་ཐད་ལ་བསམ་ཞིབ་བྱེད་དེ། དེ་ཚོས་ག་རེ་བྱེད་འདུག དེ་ཚོའི་གནས་སྟངས་ལ་ཉིན་རེར་རྒྱུས་ལོན་བྱེད་རྒྱུ། ཕྱོགས་གཅིག་ནས་དམ་དྲག་ཡོད་རེད་དེ་ཕྱོགས་གཞན་ནས་སྤྱི་ཚོགས་དྲ་ལམ་བརྒྱུད་དེ་གནས་ཚུལ་དེ་ཚོ་གང་ཞིག་ནས་རག་ཡོང་གི་ཡོད་དུས། དེ་ཚོའི་གནས་ཚུལ་ལ་བསམ་ཞིབ་དང་ཁྱབ་སྤེལ། རྒྱུས་ལོན་བྱེད་པ་ཡིན་ན། ང་ཚོའི་སྤྱི་ཚོགས་ཀྱི་སྟོབས་ཤུགས་དང་ནུས་པ་རང་བཞིན་གྱིས་ཚུར་གཅིག་ལ་སྒྲིལ་ཡོང་གི་རེད། དེ་ནང་བཞིན་ང་ཚོའི་མི་རིགས་ཀྱི་སྙིང་སྟོབས་དེ་འཕེལ་ཡོང་གི་རེད། དཔེ་བཞག་ན། འཛམ་གླིང་གི་སྤྱི་ཚོགས་ཁྱོན་ཡོངས་ནས་ཞུས་ན་ཡང་སྤྱི་ཚོགས་གང་ཞིག་ཡིན་ཡང་མི་རིགས་ཤིག་ལ་དཔའ་བོ་དགོས་ཀྱིན་ཡོད་པ་དང་། དཔའ་བོ་ནི་མི་རིགས་ཀྱི་བླ་སྲོག་དེ་ཆགས་ཡོད། ང་ཚོས་ཀརྨ་བསམ་གྲུབ་ལྟ་བུ་དང་སྒོ་ཤེས་རབ་རྒྱ་མཚོ་ལྟ་བུ། དེ་མིན་གྱི་ཆབ་སྲིད་བཙོན་པ་ཚོའི་ལོ་རྒྱུས་དེ་ཚོ་ང་ཚོའི་མི་རིགས་ཀྱི་སྙིང་སྟོབས་འཕེལ་བྱེད་ཀྱི་གཞི་རྩ་ཞིག་ཆགས་ཡོད། དེ་ཚོའི་སྐོར་ང་ཚོའི་སྤྱི་ཚོགས་སུ་ཁྱབ་སྤེལ་བྱེད་དགོས་པ་དེ་གལ་ཆེན་པོ་ཆགས་ཡོད་ལ། གལ་ཆེ་ཤོས་ཤིག་ནི་ཆབ་སྲིད་བཙོན་པ་དེ་ཚོའི་སྐོར་ལ་རྗེས་འདེད་ཀྱིས་རྒྱུས་ལོན་བྱེད་དགོས། དཔེར་ན་ཕ་མ་སྤུན་མཆེད་དེ་ཚོར་དཀའ་ངལ་ག་རེ་འཕྲད་འདུག ཁོ་ཚོའི་གནས་ཚུལ་ཉུང་ཉུང་ཞིག་ལས་མེད་ཀྱང་དེ་གླེང་སློང་བྱེད་དེ་མི་དེ་དག་མ་བརྗེད་པ་བྱེད་དགོས་པ་རེད། ང་ཚོའི་ཆབ་སྲིད་བཙོན་པ་ཚོ་དང་རང་ལུས་མེར་སྲེག་གཏོང་མཁན་ཚོའི་ལོ་རྒྱུས་གླེང་དགོས་པ་རེད། ང་ཚོའི་སྤྱི་ཚོགས་སུ་ཁོ་ཚོའི་ལོ་རྒྱུས་ཤོད་ཅེས་བཤད་ན་ཁག་པོ་ཆགས་བསྡད་ཡོད། ལོ་གཅིག་གཉིས་རྗེས་སུ་ག་ལེར་བརྗེད་འགྲོ་གི་ཡོད་དུས། གནད་དོན་འདིའི་ཐད་ལ་ཤུགས་སྣོན་རྒྱག་དགོས་འདུག་ཅེས་བརྗོད་བྱུང་།

ཀརྨ་བསམ་གྲུབ་ཀྱི་སྐོར་ལ་རྒྱལ་སྤྱིའི་དོ་སྣང་།
ཀརྨ་བསམ་གྲུབ་ཀྱི་སྐོར་ལ་རྒྱལ་སྤྱིའི་དོ་སྣང་།

ཡང་ད་ལྟ་སྐབས་དེ་དུས་ཀྱི་གནས་ཚུལ་ཁག་ལ་ཕྱིར་མིག་ལྟ་སྐབས་ནེའུ་ཡོག་དུས་བབ་(The New York Times) གཙོས་པའི་རྒྱུགས་ཆེ་བའི་འཛམ་གླིང་གསར་འགྱུར་ཁག་ཏུ་ཀརྨ་བསམ་གྲུབ་ལགས་ཀྱི་གནས་ཚུལ་དཔར་བསྐྲུན་བྱས་མྱོང་འདུག་ལ། དེའི་རྒྱུ་མཚན་གཙོ་བོ་ནི་སྐབས་དེ་དུས་ཀརྨ་བསམ་གྲུབ་ལགས་ཀྱི་ཁྲིམས་རྩོད་པ་ནི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་སྐད་གྲགས་ཅན་ཕུ་ཌི་ཆང་ཡིན་པ་དང་། ཁོང་གིས་སྐབས་དེ་དུས་ཀརྨ་བསམ་གྲུབ་ལགས་ལ་ཁྲིམས་བཤེར་དྲང་བོ་དང་དོན་ལྡན་ཞིག་བྱུང་མེད་པ། ཁྲིམས་ཁང་གི་ཉེས་འཛུགས་བཀའ་རྒྱ་ལ་ངོས་ལེན་མེད་པར་གོང་རིམ་ལ་ཞུ་གཏུག་བྱས་ཀྱང་འབྲས་མེད་དུ་གྱུར་བ་སོགས་རྒྱལ་སྤྱིའི་ནང་ཡོངས་གྲགས་ཀྱིས་བསྒྲགས་མྱོང་བ་རེད། དེ་བཞིན་ཀརྨ་བསམ་གྲུབ་ལགས་ཀྱི་བཟའ་ཟླ་སྒྲོལ་དཀར་འཚོ་ལགས་ཀྱིས་ཀྱང་སྐབས་དེ་དུས་ཀརྨ་བསམ་གྲུབ་ལགས་ལ་མནར་གཅོད་བཏང་བའི་རྒྱུད་རིམ་དང་ཀརྨ་བསམ་གྲུབ་ལགས་ལ་མ་ཉེས་ཁ་གཡོགས་བྱེད་པ། ཡང་ཞིན་ཅང་དུ་བཙོན་འཇུག་བྱས་པ་ནི་ཀརྨ་བསམ་གྲུབ་ཀྱི་ནང་མི་ཚོར་མཚོན་ན་དུས་ཐོག་ལ་བཙོན་ཐུག་བྱེད་རྒྱུར་དཀའ་ངལ་འཕར་མ་བཟོས་པ་སོགས་ཀྱི་སྐོར་ནས་ཡོངས་གྲགས་ངང་རྩོམ་ཡིག་བྲིས་ཏེ་ཕྱི་བསྒྲགས་བྱས་མྱོང་བ་རེད།

གླེང་སྟེགས།

XS
SM
MD
LG