ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༩/༠༨

བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་འབྲས་ནད་ཀྱི་དཀའ་ངལ།


བོད་ཀྱི་འབྲས་ནད་ཚོགས་པས་འཛམ་གླིང་འབྲས་ནད་ཉིན་མོ་སྲུང་བརྩི་དང་སྟབས་བསྟུན་ནས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆེད་ལས་མི་འདྲ་བའི་རྒྱ་གར་བའི་སྨན་པ་བཅོ་ལྔ་ལྷག་ཆེད་དུ་གདན་ཞུས་ཀྱིས་བོད་པ་གཙོས་པའི་ས་གནས་ཡུལ་མི་སོགས་ལ་ཕྱི་ཟླ་ ༢ ཚེས་ ༣ དང་ ༤ བཅས་ཉིན་གྲངས་གཉིས་རིང་ནད་རིགས་བརྟག་དཔྱད་རྣམ་གྲངས་མི་འདྲ་བ་བཅུ་ལྷག་རིན་པ་ཆག་ཡང་གི་ཐོག་ནས་གནང་བཞིན་ཡོད་འདུག། དེ་རིང་བརྟག་དཔྱད་ཉིན་གཉིས་པའི་ཐོག་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ལས་བྱེད། སྐུའི་བླ་སྨན་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་བཅས་གདན་ཞུས་ཀྱིས་འཛམ་གླིང་འབྲས་ནད་ཉིན་མོའི་བྱེད་སྒོར་མཉམ་བཞུགས་དང་། སྨན་སྒར་ཐོག་གཟིགས་ཞིབ་ཀྱང་གནང་སོང་།

བོད་ཀྱི་འབྲས་ནད་ཚོགས་པའི་ངོས་ནས་རིན་མེད་སྨན་སྒར་གོ་སྒྲིག་གནང་དགོས་པའི་པའི་གལ་གནད་དང་འབྲེལ་བའི་སྐོར་ལ། བོད་ཀྱི་འབྲས་ནད་ཚོགས་པའི་ཚོགས་གཙོ་ཚུལ་ཁྲིམས་ལགས་ཀྱིས་འགྲེལ་བརྗོད་གནང་དོན། བོད་ཀྱི་རྩ་དོན་ཆེད་དུ་མི་རིགས་དེ་གནས་དགོས་པ་གལ་ཆེ་ཡིན་པ་དང་། དེའི་ཕྱིར་བོད་མི་རེ་རེའི་ཚེ་སྲོག་དེ་བས་གལ་ཆེ་ཡིན་པས། བོད་མིའི་སྤྱི་ཚོགས་ནང་འབྲས་ནད་རྐྱེན་པས་བོད་མིའི་ཚེ་སྲོག་ཤོར་བའི་གྲངས་འབོར་མང་ཤོས་ཡིན་སྟབས། ལས་འགུལ་འདི་ལྟ་བུ་སྤེལ་དགོས་པ་ངང་གིས་གལ་ཆེ་ཡིན་པ་བརྗོད་གནང་སོང་།

དེ་བཞིན་བོད་མིའི་སྤྱི་ཚོགས་ནང་འབྲས་ནད་ཀྱི་དཀའ་ངལ་དུ་མ་ཡོད་པའི་ཁོངས་ནས་གཙོ་བོ་ཕོ་བའི་འབྲས་ནད་ཆགས་ཀྱི་ཡོད་པ་དང་། དེ་དག་གི་ཐོག་ལ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་ངོས་ནས་ཀྱང་འཕྲོད་བསྟེན་སློབ་གསོ་ཚན་པ་ལོགས་སུ་ཆེད་འཛུགས་ཀྱིས་མི་མང་ལ་འཕྲོད་བསྟེན་གོ་རྟོགས་དང་། བོད་མི་འདུས་སྡོད་ཀྱི་སྤྱི་ཚོགས་ནང་དམིགས་བསལ་ཕོ་བའི་འབྲས་ནད་ཡོད་མེད་ལ་བརྟག་དཔྱད་གནང་གི་ཡོད་ཅིང་། གལ་ཏེ་འཕྲོད་བསྟེན་ལྟ་སྐྱོང་གི་ལས་གཞིའི་འོག་ལ་ཡོད་པ་གང་ཟག་སུ་རུང་འབྲས་ནད་གིས་མནར་ཚེ་སྨན་བཅོས་མཐུན་འགྱུར་རོགས་རམ་གང་དྲགས་གནང་བཞིན་ཡོད་པ་འཕྲོད་བསྟེན་ལས་ཁུངས་ཀྱི་ཟུང་དྲུང་ཚེ་རིང་གཡུ་སྒྲོན་ལགས་ཀྱིས་ངོ་སྤྲོད་གནང་བྱུང་།

དེ་དང་ཕྱོགས་མཚུངས་དེ་རིང་འཛམ་གླིང་འབྲས་ནད་ཉིན་མོ་སྲུང་བརྩའི་ཐོག་དེ་སྔ་ནུ་མའི་འབྲས་ནད་ལས་དྲག་སྐྱེད་བྱུང་མཁན་བསྟན་འཛིན་པ་སངས་ལགས་ཀྱང་མཉམ་བཞུགས་གནང་ཡོད་འདུག་ཅིང་། ཁོང་གིས་འབྲས་ནད་ཀྱིས་མནར་བཞིན་པའི་སྐབས་དཀའ་ངལ་མང་དག་ཅིག་ལ་གདོང་ལེན་བྱེད་དགོས་པ་སྨྲོས་མེད་ཀྱང་། གཙོ་བོ་སོ་སོའི་བསམ་བློའི་འཁྱེར་སོའི་ཐོག་ནས་ནད་ཀྱི་དྲག་སྐྱེད་ལ་དམིགས་བསལ་གྱི་ཕན་ནུས་བྱུང་བ་སོགས་ཀྱི་ཉམས་མྱོང་ཡང་བརྗོད་བྱུང་།

གཞི་རྩའི་ལོ་ལྟར་བོད་ཀྱི་འབྲས་ནད་ཚོགས་པས་འཛམ་གླིང་འབྲས་ནད་ཉིན་མོ་དང་སྟབས་བསྟུན་ནས་གཙོ་བོ་མཚན་རྟགས་བསྡུ་རུབ་སོགས་ཀྱི་འབྲས་ནད་གོ་རྟོགས་ལས་འགུལ་སྣ་མང་ཞིག་སྤེལ་བཞིན་ཡོད་པ་དང་། འདི་ལོའི་འབྲས་ནད་ཉིན་མོར་རིན་མེད་འཕྲོད་བསྟེན་སྨན་སྒར་ཆེད་འཛུགས་ཀྱིས་དེའི་ནང་རྒྱ་གར་གྱི་སྨན་ཁང་ཆེ་ཁག་གསུམ། ལྡི་ལི་ནས་ Rajiv Gandhi འབྲས་ནད་ཞིབ་འཇུག་བསྟི་གནས་ཁང་དང་། ཀངྒ་ར་ Fortis སྨན་ཁང་། པཱ་ལམ་པུར་ Rotary Maranda སྨན་ཁང་བཅས་ནས་ཁྱོན་ཆེད་ལས་འདྲ་མིན་གྱི་སྨན་པ་ བཅོ་ལྔ་ལྷག་དང་། དེ་བཞིན་འབྲས་ནད་ཚོགས་པའི་སྨན་ཞབས་དང་བཅས་ནས་གཞོགས་འདེགས་འོག སྙིང་དང་། ནུ་མ། བུ་སྣོད། ཕོ་བ། ཁ་ལ་སོགས་པར་འབྲས་ནད་བརྟག་དཔྱད་དང་། དེ་མཚུངས་མིག་དང་། ཆབ་གཅིན། བཤང་གཅི། ཁྲག་ཤེད་དང་། གཅིན་སྙི་སོགས་ལ་ཉིན་གྲངས་གཉིས་རིང་ནད་པ་བཞི་བརྒྱ་བརྒལ་བར་བརྟག་དཔྱད་དང་། སྨན་སྦྱིན་ཡང་གཏོང་བཞིན་ཡོད་འདུག་ལ། རྒྱུན་གཏན་ནས་ཀྱང་གཞིས་ཆགས་ཁག་ལ་ཆེད་བཅར་གྱིས་བོད་ཀྱི་ཐེབས་རྩ་དང་ཟུང་འབྲེལ་གྱིས་འབྲས་ནད་གཙོ་བོར་བྱས་ཏེ་འཕྲོད་བསྟེན་གོ་རྟོགས་ལས་འགུལ་གང་སར་སྤེལ་བཞིན་ཡོད་པ་ཚུལ་ཁྲིམས་ལགས་ཀྱིས་མུ་མཐུད་ནས་འགྲེལ་བརྗོད་གནང་བྱུང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

གླེང་སྟེགས།

XS
SM
MD
LG