ངོ་འཕྲད་བདེ་བའི་དྲ་འབྲེལ།

 
ཨ་རིའི་གཞུང་གི་ཕྱི་རྒྱལ་རོགས་དངུལ་མཚམས་འཇོག་དང་རྒྱ་ནག
གཟའ་ལྷག་པ། ༢༠༢༥/༠༤/༡༦

ཨ་རིའི་གཞུང་གི་ཕྱི་རྒྱལ་རོགས་དངུལ་མཚམས་འཇོག་དང་རྒྱ་ནག


ཨི་ཐི་ཨོ་པི་ཡའི་བུད་མེད་ཅིག་ཨ་རིའི་རོགས་ཚོགས་ཀྱི་གྲོ་ཞིབ་ཁུག་མ་ཡོད་སར་ལངས་བསྡད་ཡོད།
ཨི་ཐི་ཨོ་པི་ཡའི་བུད་མེད་ཅིག་ཨ་རིའི་རོགས་ཚོགས་ཀྱི་གྲོ་ཞིབ་ཁུག་མ་ཡོད་སར་ལངས་བསྡད་ཡོད།

༄༅།།སྲིད་འཛིན་ཌོ་ནལ་ཌམ་གཞུང་འཛིན་ལྷན་ཁང་ནས་ཨ་མི་རི་ཀའི་རྒྱལ་སྤྱིའི་འཛུགས་སྐྲུན་རོགས་རམ་ཚོགས་པ་དབྱིན་སྐད་དུ་USAID ལས་ཁུངས་ཀྱི་ཕྱིའི་རྒྱལ་ཁབ་ལ་རོགས་དངུལ་ཁག་མཚམས་འཇོག་གནང་རྒྱུའི་ཐག་གཅོད་གནང་བའི་རྗེས་སུ་རྒྱལ་ནང་དུ་རྩོད་གཞི་ཆེན་པོ་ཞིག་ཡོང་བཞིན་པ་དང་ཕྱིའི་རྒྱལ་ཁབ་མང་པོ་ཞིག་ལའང་བློ་འཚབ་ཡོང་གི་ཡོད་པ་རེད།

སྲིད་འཛིན་ཌམ་གྱི་གཞུང་འཛིན་ལྷན་ཁང་ནས་ཐག་གཅོད་དེ་གནང་དགོས་དོན་ནི་ཨ་རིའི་མང་ཚོགས་ཀྱི་དཔྱ་ཁྲལ་ནས་ཡིན་པའི་དངུལ་འབོར་ཆེན་པོ་ཞིག་འཕྲོ་བརླག་དང་ཡང་ན་བེད་སྤྱོད་ལོག་པར་འགྲོ་ཡི་ཡོད་པའི་རྒྱུ་མཚན་གསུངས་ཡོད།

འོན་ཀྱང་ཐག་གཅོད་དེར་སྐྱོན་བརྗོད་པ་ཚོས་ཨ་རིས་རྒྱལ་སྤྱིའི་ཐོག་ལ་ད་བར་སྤྲོད་བཞིན་པའི་རོགས་རམ་དེ་དག་མཚམས་འཇོག་གནང་བ་ཡིན་ཚེ་ཨ་རིར་འགྲན་རྩོད་བྱེད་མཁན་རྒྱ་ནག་དང་ཨུ་རུ་སུ་ལྟ་བུས་ཨ་རིའི་སྟོང་ཆ་དེ་བསྐང་སྲིད་པ་རེད་ཅེས་གསུངས་ཀྱི་ཡོད་པ་དང་། ཡང་དབྱེ་ཞིབ་པ་ཁག་ཅིག་གིས་རྒྱ་ནག་གིས་སྟོང་ཆ་དེ་བསྐང་འདོད་ཡོད་ནའང་ད་ལྟའི་རྒྱ་ནག་གི་དཔལ་འབྱོར་ལ་དཀའ་ངལ་འཕྲད་བཞིན་པའི་རྐྱེན་གྱིས་ཚོད་འཛིན་ཡོང་སྲིད་པ་རེད་ཅེས་བརྗོད་ཀྱི་ཡོད།

ཨ་རིའི་ཕྱི་སྲིད་དྲུང་ཆེ་མེ་ཁེ་རུ་བྷེ་ཡོ་
ཨ་རིའི་ཕྱི་སྲིད་དྲུང་ཆེ་མེ་ཁེ་རུ་བྷེ་ཡོ་

ཨ་རིའི་ཕྱི་སྲིད་དྲུང་ཆེ་མར་ཀོ་རུ་བྷེ་ཡོ་ནས་ཨ་མི་རི་ཀའི་རྒྱལ་སྤྱིའི་འཛུགས་སྐྲུན་རོགས་རམ་ཚོགས་པ་ USAID ལས་ཁུངས་ཀྱི་ལས་ཚབ་འགན་འཛིན་གྱི་ཐུགས་འགན་བཞེས་བཞིན་པ་ལྟར་ཁོང་གིས་ལས་ཁུངས་དེའི་མ་འོངས་པའི་བྱེད་སྒོ་རྣམས་སྲིད་གཞུང་གསར་པའི་དམིགས་ཡུལ་དང་མཐུན་པ་ཞིག་བཟོ་རྒྱུ་ཡིན་པ་གསུངས་ཤིང་རོགས་དངུལ་ཁག་ནི་ཨ་རིའི་མི་མང་གི་ཁྲལ་དངུལ་ནས་ཡིན་པས། ང་ཚོས་ཕྱི་རྒྱལ་དུ་བཏང་བའི་སྒོར་མོ་རེ་རེ་ང་ཚོའི་རྒྱལ་ཁབ་ཀྱི་ཁེ་ཕན་ཆེད་དུ་བེད་སྤྱོད་བྱེད་དགོས་ཞེས་བདུན་ཕྲག་འདིར་ཨེལ་སཱ་བ་ཌོ་ཡུལ་གྲུར་གཟིགས་སྐོར་གནང་སྐབས་གསར་འགོད་པར་གསུངས་ཡོད།

ཨ་མི་རི་ཀའི་རྒྱལ་སྤྱིའི་འཛུགས་སྐྲུན་རོགས་རམ་ཚོགས་པ་ USAID ལས་ཁུངས་ལ་ལོ་རེའི་སྔོན་རྩིས་ཨ་སྒོར་ཐེར་འབུམ་༤༠ཙམ་ཡོད་པ་རྣམས་འཛམ་གླིང་ཐོག་རྒྱལ་ཁབ་མང་པོའི་ནང་ལས་གཞི་ཁག་གི་ཐོག་ལ་རོགས་རམ་བྱེད་ཀྱི་ཡོད་པ་དེ་དག་ནང་རྒྱ་ནག་དང་འབྲེལ་བའི་ལས་གཞི་ཁག་ཅིག་ཀྱང་ཚུད་ཡོད་པས་སྲིད་འཛིན་ཌམ་གཞུང་འཛིན་ལྷན་ཁང་ནས་དེར་སྐྱོན་བརྗོད་

གནང་གཞིའི་ཁོངས་སུ་ཡོད་པ་ནི་ཕྱི་ཟླ་༢པའི་ཚེས་༣ཉིན་མོ་ཕོ་བྲང་དཀར་པོས་ཨ་མི་རི་ཀའི་རྒྱལ་སྤྱིའི་འཛུགས་བསྐྲུན་རོགས་རམ་ཚོགས་པ་ USAID ལས་ཁུངས་ཀྱི་རོགས་དངུལ་བེད་སྤྱོད་སྐོར་ལ་ཞིབ་འཇུག་ཞིག་ཕྱི་བསྒྲགས་གནང་བའི་ནང་རོགས་ཚོགས་དེས་འཛམ་གླིང་ཐོག་འགོས་ནད་སྔོན་འགོག་ཆེད་ཀྱི་ཨ་རིའི་ཚོགས་པ་ཨེ་ཀོ་ཧེལ་ཐི་མཐུན་ཚོགས་ཞེས་པ་དེར་ཨ་སྒོར་ས་ཡ་མང་པོ་སྤྲད་ཡོད་པ་དང་ཚོགས་པ་དེ་ནི་རྒྱ་ནག་གི་ཝུ་ཧན་ནད་དུག་བརྟག་དཔྱད་ཁང་དང་མཉམ་ལས་བྱས་ཡོད་པས་ཝུ་ཧན་གྱི་བརྟག་དཔྱད་ཁང་དེ་ནི་ཏོག་དབྱིབས་༡༩ནད་འབུ་འབྱུང་རྐྱེན་གཙོ་བོ་དེ་ཡིན་ཞེས་གསུངས་ཡོད་པ་རེད།

འོན་ཀྱང་ཚོགས་པ་དེ་དང་རྒྱ་ནག་གཞུང་གཉིས་ཀས་སྐྱོན་བརྗོད་དེར་ངོས་ལེན་བྱེད་ཀྱི་མེད་པ་རེད། ཉེ་བའི་ལོ་ཤས་ནང་ཨ་མི་རི་ཀའི་རྒྱལ་སྤྱིའི་འཛུགས་སྐྲུན་རོགས་རམ་ཚོགས་པ་ USAID ལས་ཁུངས་ནས་རྒྱ་ནག་དང་འབྲེལ་བའི་ལས་གཞི་ཁག་གི་ཐོག་ལ་རོགས་རམ་དང་མ་རྩ་འཛུགས་འཇོག་བརྒྱུད་རྒྱལ་སྤྱིའི་ཐོག་རྒྱ་ནག་གི་ཤུགས་རྐྱེན་ལ་ཁ་གཏད་ཆེད་ཀྱི་ཐབས་བྱུས་ཤིག་ལག་ལེན་བསྟར་ཡོད་པ་དང་། རྒྱ་ནག་གི་ཤུགས་རྐྱེན་འགོག་རྒྱུའི་ཆེད་ཀྱི་རོགས་རམ་འཆར་གཞི་ཁག་ནི་ཁོང་ཚོའི་གྲུབ་འབྲས་གཙོ་བོ་ཞིག་ཡིན་ཞིང་ལས་གཞི་དེ་དག་བརྒྱུད་རྒྱ་ནག་དམར་ཤོག་གཞུང་དང་དེའི་སྤྱོད་ངན་ལ་ཁ་གཏད་པ་ཚོ་མཉམ་འབྲེལ་བྱེད་ཐུབ་ཀྱི་ཡོད་པ་དེས་ཨ་རིའི་རྒྱལ་ཁབ་བདེ་འཇགས་ལ་ཕན་ཐོགས་པ་བྱུང་ཡོད་ཅེས་ཁོང་ཚོའི་དྲ་རྒྱའི་ཐོག་ལ་བྲིས་ཡོད།

ཨ་མི་རི་ཀའི་རྒྱལ་སྤྱིའི་འཛུགས་བསྐྲུན་རོགས་རམ་ཚོགས་པ་ USAID ལས་ཁུངས་
ཨ་མི་རི་ཀའི་རྒྱལ་སྤྱིའི་འཛུགས་བསྐྲུན་རོགས་རམ་ཚོགས་པ་ USAID ལས་ཁུངས་

ཨ་རིའི་གཞུང་གི་རྒྱལ་སྤྱིའི་རོགས་སྐྱོར་ལས་ཁུངས་USAID ཡི་ཨེ་ཤི་ཡའི་རོགས་རམ་སྡེ་ཚན་གྱི་འགན་འཛིན་ཕྱག་རོགས་མེཀ་སི་ཕཱར་གྱིས་ ༢༠༢༣ ལོར་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཚོགས་ཆུང་ཞིག་ལ་ཨ་རིའི་རོགས་སྐྱོར་ལས་ཁུངས་དེ་ནས་ལོ་བཅུ་ཕྲག་ལྷག་གི་རིང་ལ་ཝིར་ཇི་ནི་ཡ་མངའ་སྡེའི་ཝིལ་ལཱི་ཡེམ་མེ་རི་མཐོ་སློབ་ཀྱི་ཉམས་ཞིབ་ཚོགས་པ་བརྒྱུད་རྒྱ་ནག་གི་ཕྱི་རྒྱལ་ལ་མ་རྩ་འཛུགས་འཇོག་སྐོར་གྱི་གནས་ཚུལ་མང་པོ་བསྡུ་རུབ་བྱས་ཡོད་པའི་སྐོར་སྙན་སེང་ཞུས་ཡོད་པ་རེད།

གཟའ་ལྷག་པའི་ཉིན་མོ་ཕྱི་སྲིད་དྲུང་ཆེ་རུ་བྷི་ཡོ་ཡིས་སྲིད་འཛིན་ཌམ་གཞུང་འཛིན་ལྷན་ཁང་ནས་ཨ་རིའི་རྒྱལ་སྤྱིའི་རོགས་དངུལ་ལས་ཁུངས་ལ་དངུལ་སྤྲོད་མཚམས་བཞག་ནས་ལས་གཞི་རྣམས་ལ་ངོས་འཛིན་བྱེད་བཞིན་ཡོད་པ་ལས་མཚམས་འཇོག་བྱ་རྒྱུ་མིན་ཡིན་པར་ཨ་རིའི་རྒྱལ་ཁབ་ཀྱི་ཁེ་ཕན་དང་མཐུན་པའི་ཐོག་ནས་སྒྲོམ་གཞི་བསྐྱར་སྒྲིག་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་དང་། མ་འོངས་པར་རོགས་དངུལ་ཁག་ཨ་རིའི་ཕྱི་སྲིད་ལྷན་ཁང་བརྒྱུད་ནས་སྤྲོད་དགོས་མིན་སོགས་ལ་གོ་བསྡུར་གནང་རྒྱུ་ཡིན་པ་སོགས་འགྲེལ་བརྗོད་གནང་ཡོད་པ་རེད།

གླེང་སྟེགས།

XS
SM
MD
LG