ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༡༢/༢༢

ཨ་རིའི་སྔོན་གཤེགས་དམག་མིའི་དྲན་གསོའི་ཉིན་མོ་དང་འབྲེལ་བའི་ཤེས་བྱ་དོན་ཚན་ལྔ།


༢༠༢༤ ལོའི་ཟླ་བ་༥ པའི་ཚེས་༢༦ ཉིན། སྔོན་གཤེགས་དམག་མིའི་དྲན་གསོའི་ཉིན་མོའི་སྔ་ནུབ་ཏུ་ཝེ་ཐི་ནམ་དམག་འཁྲུག་རྗེས་དྲན་རྡོ་རིང་མདུན་ལ་ཨ་རིའི་རྒྱལ་དར་ཞིག་བསླངས་ཡོད་པའི་ངང་ཚུལ།
༢༠༢༤ ལོའི་ཟླ་བ་༥ པའི་ཚེས་༢༦ ཉིན། སྔོན་གཤེགས་དམག་མིའི་དྲན་གསོའི་ཉིན་མོའི་སྔ་ནུབ་ཏུ་ཝེ་ཐི་ནམ་དམག་འཁྲུག་རྗེས་དྲན་རྡོ་རིང་མདུན་ལ་ཨ་རིའི་རྒྱལ་དར་ཞིག་བསླངས་ཡོད་པའི་ངང་ཚུལ།

ལོ་རེར་འཆར་ཅན་སྤྱི་ཟླ་༥ པའི་བདུན་ཕྲག་མཐའ་མ་དེའི་རེས་གཟའ་ཟླ་བ་ཉིན་ནི་ཨ་རིའི་སྔོན་གཤེགས་དམག་མིའི་དྲན་གསོའི་ཉིན་མོ་ཡིན་ཞིང་། ད་ལོའི་ཉིན་མོ་དེ་སྤྱི་ཟླ་༥ པའི་ཚེས་༢༧ རེས་གཟའ་ཟླ་བའི་ཉིན་ལ་འཁེལ་ཡོད་པ་དང་། གཞུང་འབྲེལ་གུང་གསེང་གི་ཉིན་མོ་དེ་བཞིན་རྒྱལ་ཁབ་ཀྱི་དོན་དུ་བློས་གཏོང་གནང་མཁན་གྱི་དམག་མི་རྣམས་ལ་ཆེད་དམིགས་ཀྱིས་དྲན་གསོ་ཞུ་བའི་ཉིན་མོ་ཞིག་ཡིན་པ་རེད། ཉིན་མོ་དེར་ནམ་རྒྱུན་ཨ་རིའི་སྲིད་འཛིན་མཆོག་རྒྱལ་ས་ཝ་ཤིན་ཊོན་ཉེ་འཁྲིས་ཀྱི་ཨེར་ལིན་ཌོན་དུ་འཁོད་པའི་རྒྱལ་ཁབ་ཀྱི་དུར་སར་ཕེབས་ཏེ་སྔོན་གཤེགས་དམག་མིའི་དུར་ས་མེ་ཏོག་འབུལ་སྲོལ་ཡོད་ཅིང་། ཨེར་ལིན་ཌོན་དུར་ཁྲོད་དུ་ཨ་རིའི་དམག་མི་འབུམ་གསུམ་ལྷག་གི་རུས་ཐལ་དུར་སྦས་བྱས་ཡོད་པ་རྣམས། དམག་ཁྲོད་དུ་ཚེ་སྲོག་ཤོར་བ་ཤ་སྟག་ཡིན་པ་དང་། སྔ་ཤོས་སུ་ལོ་ངོ་༡༥༠ ལྷག་ཙམ་གྱི་གོང་དུ་ཨ་རིའི་ལྷོ་བྱང་ནང་འཁྲུག་སྐབས་ཀྱི་དམག་མི་ཡིན་པ་རེད།

སྤྨི་ཟླ་༥ པའི་༢༥ ཉིན། བྷོ་སི་ཊོན་སྤྱི་གླིང་གི་དམག་མིའི་རྗེས་དྲན་རྡོ་རིང་མདུན་ཨ་རིའི་རྒྱལ་དར་༣༧༠༠༠ སྒྲོན་ཡོད་པ།
སྤྨི་ཟླ་༥ པའི་༢༥ ཉིན། བྷོ་སི་ཊོན་སྤྱི་གླིང་གི་དམག་མིའི་རྗེས་དྲན་རྡོ་རིང་མདུན་ཨ་རིའི་རྒྱལ་དར་༣༧༠༠༠ སྒྲོན་ཡོད་པ།

ཉིན་དེར་ཨ་རིའི་ས་གནས་གང་སར་དམིགས་བསལ་གྱི་མཛད་སྒོ་ཚུགས་སྲོལ་ཞིང་། སྔོན་གཤེགས་དམག་མིའི་དྲན་གསོའི་ཉིན་མོ་ནི་ནམ་ཟླ་དབྱར་ཁ་དངོས་སུ་ཚེས་པའི་རྟགས་མཚན་དུ་བརྩི་སྲོལ་ཡོད་པ་དང་། ཨ་རི་བ་ཚོས་དབྱར་དུས་སུ་རྒྱ་མཚོའི་གྲམ་ཁ་དང་སོ་སོའི་སྒོ་རའི་ནང་ལ་ཤ་བསྲེག་གཏོང་བ་སོགས་ནང་མིའི་བྱེད་སྒོ་རིགས་གནང་སྲོལ་ཡོད་པ་རེད། ཨ་མེ་རི་ཀའི་རྒྱལ་ཡོངས་སུ་རྣམ་པ་ཅི་རིགས་པའི་སྒོ་ནས་སྔོན་གཤེགས་དམག་མིར་དྲན་གསོ་ཞུ་གནང་སྲོལ་ཡོད་པ་ལས། མི་རྣམས་ཀྱིས་བརྗོད་གཞི་གཅིག་གི་ཐོག་གཏམ་བཤད་གནང་ཞིང་། གཏམ་བཤད་མ་ཚུགས་གོང་ལ་ངག་བསྡམས་ནས་མྱ་ངན་གུས་འདུད་ཞུ་སྲོལ་ཡོད་པ་དང་། དེ་བཞིན་ཨ་རིའི་ས་གནས་སོ་སོའི་དམག་མིའི་དུར་སར་དར་ཆ་ཆུང་ཆུང་མང་པོ་མཐོང་རྒྱུ་ཡོད་པ་དང་། འདས་སོང་དམག་མིའི་ནང་མི་ཚོས་དུར་སར་བཅར་ནས་འཕྲེང་སེམས་ཆེན་པོས་མྱ་ངན་གུས་འདུད་ཞུ་སྲོལ་ཡོད་པ་རེད།

༢༠༢༤ ལོའི་ཟླ་བ༥ པའི་ཚེས་༢༦ ཉིན། ཨ་རིའི་སྔོན་གཤེགས་དམག་མིའི་དྲན་གསོའི་ཉིན་མོའི་གཟའ་མཇུག་ཏུ་མི་ཚོས་ནིའུ་ཡོག་གྲོང་ཁྱེར་མན་ཧན་ཊོན་ཁུལ་གྱི་དབུས་སྤྱི་གླིང་དུ་ཉི་མར་ལྡེ་བཞིན་པའི་ངང་ཚུལ།
༢༠༢༤ ལོའི་ཟླ་བ༥ པའི་ཚེས་༢༦ ཉིན། ཨ་རིའི་སྔོན་གཤེགས་དམག་མིའི་དྲན་གསོའི་ཉིན་མོའི་གཟའ་མཇུག་ཏུ་མི་ཚོས་ནིའུ་ཡོག་གྲོང་ཁྱེར་མན་ཧན་ཊོན་ཁུལ་གྱི་དབུས་སྤྱི་གླིང་དུ་ཉི་མར་ལྡེ་བཞིན་པའི་ངང་ཚུལ།

དྲན་གསོའི་དུས་ཆེན་དེ་ནི་ཡར་དེད་ན་གནའ་ཉམས་དོད་པའི་སྲོལ་རྒྱུན་གལ་ཆེན་ཞིག་ཡིན་ཞིང་། ལོ་རྒྱུས་ཀྱི་ས་བོན་ལྟ་བུར་དེའི་ཚེ་དེའི་དུས་གནའ་བོའི་གྷེ་རི་སིའི་སྲིད་དོན་པས་མི་དམངས་ལ་དམག་སར་ཚེ་སྲོག་ཤོར་བའི་སྐྱེ་བོ་རྣམས་ཀྱི་རིན་ཐང་ནི་གཞལ་དུ་མེད་ཅིང་། ཁོང་ཚོའི་དཔའ་བོའི་གཟི་བརྗིད་ནི་གསོན་པོར་གནས་པ་ཐམས་ཅད་ལས་མཆོག་ཏུ་གྱུར་པ་ཡིན་པའི་གནས་ལུགས་འགྲེལ་བརྗོད་གནང་ཡོད་པ་དེ་ཡིན་པ་རེད། གནའ་བོའི་བོད་ཀྱི་ལུགས་སུ་ དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས་གསལ་བའི་ཁོད་སོ་དྲུག་ལས། དཔའ་ལ་སྟག་གིས་མ་བསྟོད་ན། ། དཔའ་ངར་བྱས་པའི་རུ་མ་མེད། ། མཛངས་ལ་ཡིག་ཚངས་མ་བསྟོད་ན། ། ཕྱིན་ཆད་མཛངས་ངན་ཤན་མི་འབྱེད། ། ལེགས་ལ་བྱ་དགས་མ་བསྟོད་ན། ། སླན་ཆད་ལེགས་པ་སུ་ཡིས་བྱེད། ། སྡར་མ་ཝ་ཞུས་མ་དམད་ན། ། དཔའ་དང་སྡར་མའི་ཤན་མི་འབྱེད། ཅེས་གཡུལ་དུ་དཔའ་པོ་ལ་དཔའ་ཚན་དྲུག་གིས་བསྟོད་བསྔགས་དང་། སྡར་མ་ལ་ཝ་པགས་བསྐོན་ཏེ་དམད་པ་བྱེད་པའི་རྒྱལ་ཁྲིམས་ཡོད་པ་དེ་དང་དགོངས་དོན་ཆ་འདྲ་བ་ཞིག་ཡིན་པར་སྣང་།

༢༠༢༤ ལོའི་ཟླ་བ་༥ པའི་ཚེས་༢༦ ཉིན། མི་ཚོས་ཝུར་ལྗི་ནི་ཡ་མངའ་སྡེའི་ཨེར་ལིན་ཊོན་དུར་ཁྲོད་དུ་མེ་ཏོག་འབུལ་བཞིན་པའི་ངང་ཚུལ།
༢༠༢༤ ལོའི་ཟླ་བ་༥ པའི་ཚེས་༢༦ ཉིན། མི་ཚོས་ཝུར་ལྗི་ནི་ཡ་མངའ་སྡེའི་ཨེར་ལིན་ཊོན་དུར་ཁྲོད་དུ་མེ་ཏོག་འབུལ་བཞིན་པའི་ངང་ཚུལ།

དྲན་གསོའི་མཛད་སྒོ་ལས་ཀྱང་སྙིང་པོ་ཡོད་པ་ཞིག་ལ། ཉིན་མོ་དེ་ནི་འཇིག་རྟེན་ཁམས་སུ་འཚོ་ཞིང་གནས་པའི་སྐྱེ་བོ་རྣམས་ཀྱིས་སོ་སོའི་ཁྱིམ་གཞིས་དང་རང་དབང་གི་ཆེད་དུ་ཚེ་སྲོག་བློས་གཏོང་གནང་མཁན་རྣམས་ལ་བཀའ་དྲིན་རྗེས་དྲན་དང་ཐུགས་རྗེ་ལེགས་འབུལ་གྱི་མཚོན་དོན་ལྡན་པ་ཞིག་ཀྱང་ཡིན་ཞིང་། རྒྱལ་ཁབ་ཀྱི་ཕུགས་འདུན་དང་རང་དབང་གི་དོན་དུ་གཅེས་སྲོག་བློས་བཏང་བའི་ཨ་རི་བ་དེ་རྣམས་མང་ཆེ་བ་ཤ་དར་རུས་དར་གྱི་གཞོན་སྐྱེས་ཤ་སྟག་ཡིན་པ་དང་། དེའི་ནང་ནས་ཨ་རི་བ་འབུམ་འགའ་ཤས་ཤིག་གཞན་གྱི་རང་དབང་གི་ཆེད་དུ་ཨ་ཧྥེ་རི་ཀའི་གླིང་ཆེན་གྱི་བྱང་ཕྱོགས་དང་། ཡུ་རོབ། ཞི་བདེ་རྒྱ་མཚོའི་མངའ་ཁུལ། ཨེ་ཤེ་ཡ་གླིང་ཆེན། དཀྱིལ་ཤར་མངའ་ཁུལ་སོགས་ཀྱི་གཡུལ་སར་ཚེ་སྲོག་ཤོར་ཡོད་པ་རེད།

​བདེ་སྐྱིད་ནི་རང་དབང་གི་འབྲས་བུ་དང་། རང་དབང་ནི་དཔའ་བློ་ཁོག་གི་འབྲས་བུ་ཡིན་ཙ་ན། རྒྱུ་འབྲས་རྟེན་འབྲེལ་གྱི་གོ་རིམ་འདི་ཉིད་དུས་ནམ་ཡང་འཁྲུག་མི་རུང་ཞིང་། འབྲས་བུ་ལོངས་སུ་སྤྱོད་བཞིན་གང་འབྱུང་སའི་རྒྱུ་ལ་རྡོག་བརྫིས་བཏང་བ་ནི་དོན་ལ་བདེ་སྐྱིད་རྨང་ནས་འཇོམས་པ་ཉིད་དུ་ངེས་པས་ན། དཔའ་བོ་ཁོང་རྣམས་ལ་རྗེས་དྲན་ཞུ་བ་ནི་དོན་དམ་ལ་སོ་སོའི་བདེ་སྐྱིད་དང་རང་དབང་ལ་བདག་པོ་བརྒྱབ་པ་ཁོ་ན་ཡིན་པ་ལྟར། ཨ་རིའི་སྔོན་གཤེགས་དམག་མིའི་དྲན་གསོའི་ཉིན་མོ་དེ་བཞིན་གཡུལ་འཐབ་ག་གེ་མོ་ཞིག་དང་དམག་འཁྲུག་གང་ཡང་རུང་བ་ཞིག་ལ་དྲན་གསོ་གནང་རྒྱུ་དེ་མ་ཡིན་པར། དེའི་སྙིང་དོན་དཔའ་བོའི་དྲག་གསོ་རྡོ་རིང་ཙམ་དང་བརྗིད་ཆགས་ཉམས་ལྡན་གྱི་དྲན་གསོ་ཁང་ཙམ་ལས་འདས་ཏེ། བཀའ་དྲིན་བསམ་ཤེས་ཀྱི་རྒྱལ་ཁབ་ཅིག་ལ་བསྔགས་བརྗོད་ཀྱི་མཚན་སྙན་སྒྲོན་པ་ཞིག་སྟེ། རྒྱལ་ཁབ་དེའི་རང་དབང་དང་བདེ་སྐྱིད་སྲུང་སྐྱོབ་ཀྱི་ཆེད་དུ་གཅེས་སྲོག་བློས་གཏོང་གནང་བ་དེ་ནི་དུས་རྟག་ཏུ་ཆུད་མི་ཟ་བའི་ངེས་དོན་བསྟན་པ་ཞིག་ཀྱང་ཡིན་པ་རེད།

གཅིག། སྔོན་གཤེགས་དམག་མིའི་ཉིན་མོར་སྲུང་བརྩི་ཞུ་དོན་ཅི།

གྲོས་ཚོགས་ཀྱི་ཉམས་ཞིབ་ཚན་པས་བརྗོད་དོན་ལྟར་ན། ཉིན་མོ་དེ་ནི་ཨ་རིའི་དམག་ཞབས་ཞུ་རིང་གཅེས་སྲོག་ཤོར་མཁན་གྱི་མི་རྣམས་ལ་རྗེས་དྲན་ཞུ་བའི་ཉིན་མོ་ཞིག་ཡིན་པ་དང་། རྒྱལ་ཁབ་ཀྱི་ངོས་ནས་དུས་དྲན་སྲུང་བརྩི་ཞུ་བ་ནི་དུས་དྲན་དེའི་ཆ་ཤས་ཤིག་ཡིན་ཞིང་། ཨ་རི་བ་ཚང་མས་ཉིན་དེའི་ཕྱི་དྲོ་ཆུ་ཚོད་གསུམ་པར་བྱེད་སྒོ་ཡོད་ཚད་རེ་ཞིག་མཚམས་འཇོག་གིས་ངག་བསྡམས་ནས་མྱ་ངན་གུས་འདུད་ཞུ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

གཉིས། ཨ་རིའི་སྔོན་གཤེགས་དམག་མིའི་ཉིན་མོའི་འབྱུང་སྟངས།

གཞུང་འབྲེལ་གུང་གསེང་ཉིན་མོ་དེའི་མགོ་ཁུངས་ཨ་རིའི་ལྷོ་བྱང་དབར་གྱི་ནང་འཁྲུག་སྐབས་སུ་ཐུག་ཅིང་། སྤྱི་ལོ་༡༨༦༡ ལོ་ནས་༡༨༦༥ ལོའི་བར་གྱི་དམག་འཁྲུག་དེས་ཨ་རིའི་ལྷོ་བྱང་གཉིས་ཀྱི་དམག་མི་འབུམ་དྲུག་ལྷག་གི་སྲོག་ཤོར་ཡོད་པ་དང་། སྤྱི་ལོ་༡༨༦༨ ལོའི་ཟླ་བ་༥ པའི་ཚེས་༣༠ ཉིན། དེའི་ཚེ་དེའི་དུས་ཀྱི་མཉམ་འབྲེལ་གཞུང་གི་དམག་མི་ཟུར་པའི་སྒྲིག་འཛུགས་ཀྱིས་དུར་སར་མེ་ཏོག་གིས་བཏུམས་ནས་ཐེངས་དང་པོ་རྒྱལ་ཡོངས་སུ་སྲུང་བརྩི་ཞུ་སྐབས་རྩོད་གཞི་གང་ཡང་མེད་པ་རེད།

གསུམ། སྔོན་གཤེགས་དམག་མིའི་ཉིན་མོ་ནི་རྩོད་གཞི་ཞིག་ཡིན་ནམ།

ཁག་ཅིག་གིས་དུས་དྲན་ཉིན་མོ་དེའི་ངོ་བོ་དང་སྙིང་དོན་ལ་འགྱུར་ལྡོག་ཕྱིན་འདུག་ཅེས་བརྗོད་མཁན་ཡོད་པ་ལྟར། སྤྱི་ལོ་༡༨༦༩ ལོར། ནིའུ་ཡོག་དུས་བབ་ཀྱིས་གལ་ཏེ་དུས་ཆེན་དེའི་སྐབས་སུ་ཕྱིའི་རྣམ་པ་རྒྱས་སྤྲོས་དང་། གསོལ་ཚིགས་དང་གཏམ་བཤད་སོགས་འབྲེལ་མེད་དོན་གཞན་ལ་དོ་སྣང་བྱས་དྲགས་ཚེ་སྔོན་གཤེགས་དཔའ་བོ་རྣམས་ལ་ཁྱད་གསོད་དང་དུས་ཆེན་དེའི་གཟི་བརྗིད་ཆེ་མཐོང་གཅོག་གི་རེད་ཅེས་བརྗོད་མྱོང་ཡོད་པ་རེད།

བཞི། སྔོན་གཤེགས་དམག་མིའི་ཉིན་མོའི་འགྱུར་བ།

སྤྱི་ལོ་༡༩༧༡ ལོར། གྲོས་ཚོགས་སུ་ཁྲིམས་འཆར་ཞིག་གཏན་འབེབས་ཀྱིས་སྔོན་གཤེགས་དམག་མིའི་ཉིན་མོ་དེ་བཞིན་ལོ་རེ་འཆར་ཅན་སྤྱི་ཟླ་༥ པའི་ཚེས་༣༠ ཉིན་དེ་སྤྱི་ཟླ་༥ པའི་བདུན་ཕྲག་མཐའ་མ་དེའི་རེས་གཟའ་ཟླ་བའི་ཉིན་ལ་གཏན་འཁེལ་ཡོད་སྟབས། དོན་དམ་ལ་ཉིན་མོ་དེ་ལ་གཟའ་མཇུག་གི་ཉིན་གཉིས་ཁ་སྣོན་བྱས་ན་ཁྱོན་གུང་གསེང་ཉིན་གསུམ་ཆགས་ཡོད་པ་རེད།

༥ ཉིན་མོ་དེ་ཚོང་དང་ཡུལ་སྐོར་ལས་རིགས་སོགས་དང་འབྲེལ་དགོས་དོན་ཅི་ཡིན་ནམ།

དུས་རབས་༡༩ པའི་ནང་སྔོན་གཤེགས་དམག་མིའི་ཉིན་མོར་མྱ་ངན་གུས་འདུད་ཞུས་ཚར་རྗེས་མི་ཚང་མ་སྤང་ཐོག་ལ་ཞལ་ལག་མཆོད་པ་དང་རྩེ་མོ་རྩེད་སྲོལ་ཡོད་ཅིང་། དེ་ནས་རིམ་བཞིན་དབྱུག་རྩེད་སྤོ་ལོ་དང་མོ་ཏྲ། གཟའ་མཇུག་གི་ངལ་གསོ་དང་གུང་གསེང་གི་ལམ་ལུགས་སྲོལ་སོགས་དར་ནས་ཉིན་མོ་དེ་ལ་ཡང་དེ་མཚུངས་ཀྱིས་འགྱུར་ལྡོག་ཕྱིན་ཡོད་པ་རེད། དཔེར་ན་དུས་རབས་༢༠ པའི་དུས་དཀྱིལ་ཙམ་ལ། ཉིན་མོ་དེ་ལ་ཚོང་ཁང་སྒོ་ཕྱེ་མཁན་ཤིན་ཏུ་ཉུང་ཡང་། དེང་སང་སྔོན་གཤེགས་དམག་མིའི་ཉིན་མོར་ཆེད་དམིགས་ཀྱི་ཚོང་དང་ཡུལ་སྐོར་གྱི་ལས་རིགས་མང་པོ་དར་ཡོང་གི་ཡོད་ཅིང་། དེར་བརྟེན་མི་མང་པོ་ཞིག་གིས། གཞན་གྱི་ཆེད་དུ་རང་སྲོག་བློས་གཏོང་བྱེད་མཁན་སྔོན་གཤེགས་དམག་མི་ཚོ་ལ་རྗེས་དྲན་ཞུ་བ་དང་དུས་མཉམ་དུ། སོ་སོའི་འཚོ་བ་དེ་ཡང་ལོངས་སྤྱོད་ཡག་པོ་ཞིག་བྱ་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད་འདུག།

༢༠༢༤ ལོའི་ཟླ་བ༥ པའི་ཚེས་༢༦ ཉིན། སྐྱེས་པ་ཞིག་གིས་མོ་ཊར་གཟབ་སྤྲོས་སྤྲས་ནས་རྒྱལ་ས་ཝ་ཤིན་ཊོན་དུ་སྐྱོད་སྐབས་པར་ལེན་བཞིན་པའི་ངང་ཚུལ།
༢༠༢༤ ལོའི་ཟླ་བ༥ པའི་ཚེས་༢༦ ཉིན། སྐྱེས་པ་ཞིག་གིས་མོ་ཊར་གཟབ་སྤྲོས་སྤྲས་ནས་རྒྱལ་ས་ཝ་ཤིན་ཊོན་དུ་སྐྱོད་སྐབས་པར་ལེན་བཞིན་པའི་ངང་ཚུལ།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

གླེང་སྟེགས།

འབྲེལ་ཡོད།

XS
SM
MD
LG