ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༡༡/༡༥

འཛམ་གླིང་མི་འབོར་ཐེར་འབུམ་༨ ལས་བརྒལ་རྒྱུ་དང་རྒྱ་གར་ནི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཆགས་རྒྱུ། 


སྤྱི་ཟླ་༧ པའི་ཚེས་༡༡ སྟེ་འཛམ་གླིང་མི་འབོར་གྱི་ཉིན་མོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་ལས་དོན་ལྷན་ཚོགས་ཀྱིས་སྤེལ་བའི་༢༠༢༢ ལོའི་འཛམ་གླིང་མི་འབོར་སྐོར་གྱི་སྙན་ཐོ་གསར་པ་ལས། ད་ལོའི་སྤྱི་ཟླ་༡༡ པའི་ཚེས་༡༥ ཉིན་འཛམ་གླིང་ཁྱོན་ཡོངས་ཀྱི་མི་འབོར་དེ་བཞིན་ཐེར་འབུམ་༨ ལས་བརྒལ་རྒྱུ་ཡིན་པར་མ་ཟད། ༢༠༢༣ ལོར་རྒྱ་གར་གྱི་མི་འབོར་དེ་རྒྱ་ནག་ལས་བརྒལ་ནས་འཛམ་གླིང་ཐོག་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཨང་དང་པོ་ཆགས་རྒྱུ་ཡིན་པ་འཁོད་འདུག

གོང་འཁོད་སྙན་ཐོ་ལས། དེང་སང་འཛམ་གླིང་གི་མི་འབོར་འཕར་ཚད་ནི་འདས་པའི་མི་ལོ་བདུན་ཅུ་ལྷག་རིང་དམའ་ཤོས་སུ་སླེབས་ཡོད་ཅིང་། ༢༠༢༡ ལོར་འཛམ་གླིང་ཐོག་བུད་མེད་རེ་རེ་ལ་ཆ་སྙོམས་ཕྲུ་གུ་གཉིས་ཚེག་གསུམ་རེ་སྐྱེས་ཡོད་པའི་དབང་དུ་བཏང་ན། འབྱུང་འགྱུར་༢༠༥༠ ལོར་བུད་མེད་རེ་རེ་ལ་ཧ་ལམ་ཕྲུ་གུ་གཉིས་ཚེག་གཅིག་རེ་སྐྱེ་རྒྱུ་ཡིན་པ་དང་། དེ་སྔོན་༡༩༥༠ ལོར་བུད་མེད་རེ་རེས་ཆ་སྙོམས་ཕྲུ་གུ་ལྔ་རེ་སྐྱེས་ཀྱི་ཡོད་པ་རེད།

སྤྱི་ཚོགས་དང་སྨན་བཅོས་འཕྲོད་བསྟེན་གྱི་ཆ་རྐྱེན་སོགས་ལེགས་བཅོས་ཡོང་བར་བརྟེན་ནས། དེང་སྐབས་འཛམ་གླིང་ཐོག་མིའི་ཚེ་ཐག་ཇེ་རིང་དང་འཆི་སྐྱོན་བྱུང་བའི་མི་འབོར་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཨན་ཐུང་ནིའུ་ཀུ་ཐེ་རེ་སིས་འཛམ་གླིང་མི་འབོར་གྱི་ཉིན་མོར་སྤེལ་བའི་གསལ་བསྒྲགས་ལས། དེང་སང་འཕྲོད་བསྟེན་སོགས་ཆ་རྐྱེན་ཡར་རྒྱས་ཕྱིན་ནས་མིའི་ཚེ་ཐག་ཇེ་རིང་ལ་འགྲོ་བཞིན་ཡོད་པ་དང་། དེ་བཞིན་མངལ་ཆགས་པའི་བུད་མེད་དང་། ཕྲུ་གུ་རྣམས་འཆི་སྐྱོན་བྱུང་བའི་ཚད་དེ་ཡང་ཉུང་དུ་ཕྱིན་ཡོད་པ་རེད་ཅེས་གསུངས་འདུག

ཏོག་དབྱིབས་ནད་དུག་གིས་རྐྱེན་པས་ད་ཕན་འཛམ་གླིང་ཁྱོན་ཡོངས་སུ་མི་གྲངས་བྱེ་བ་གཅིག་དང་ས་ཡ་བཞི་འབུམ་དགུ་ལྷག་ཙམ་འདས་གྲོངས་སུ་ཕྱིན་ཡོད་པ་དང་། དེ་བཞིན་འཛམ་གླིང་ཡོངས་ཀྱི་མིའི་ཚེ་ཐག་དེ་ཡང་དེ་སྔོན་༢༠༡༩ ལོའི་དགུང་ལོ་༧༢.༨ ནས་༢༠༢༡ ལོའི་༧༡ ལ་མར་ཆག་ཡོད་པ་རེད། དེང་སང་འཛམ་གླིང་གི་མི་འབོར་མུ་མཐུད་ནས་ཡར་འཕར་གི་ཡོད་པ་དང་སྙན་ཐོ་དེ་ལས་འཁོད་གསལ་ལ། ༢༠༣༠ ལོར་འཛམ་གླིང་གི་མི་འབོར་དེ་ཐེར་འབུམ་༨ དང་དུང་ཕྱུར༥ ལ་བརྒལ་རྒྱུ་ཡིན་པ་དང་། དེ་ནས་༢༠༥༠ ལོར་ཐེར་འབུམ་༩ དུང་ཕྱུར་༧ ལ་བརྒལ་རྒྱུ་རེད་འདུག ༢༠༨༠ ལོར་མི་འབོར་མང་ཤོས་སུ་སླེབས་ཏེ་ཧ་ལམ་མི་འབོར་ཐེར་འབུམ་ཆེན་པོ་༡ དང་དུང་ཕྱུར་༤ ལ་བརྒལ་རྒྱུ་ཡིན་པ་དང་། གྲངས་འབོར་དེ་བཞིན་༢༡༠༠ ལོའི་བར་དུ་གཏན་འཇགས་ཆགས་རྒྱུ་རེད་འདུག

༢༠༡༡ ལོར་རྒྱ་གར་གྱིས་བཏོན་པའི་མི་འབོར་ཞིབ་བཤེར་གྱི་གཞི་གྲངས་ལས། སྐབས་དེར་རྒྱ་གར་ལ་ཁྱོན་མི་འབོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་བྱེ་བ་གཅིག་ཡོད་པ་རེད། ཏོག་དབྱིབས་ནད་དུག་གིས་རྐྱེན་པས་༢༠༢༡ ལོར་རྒྱ་གར་གྱི་མི་འབོར་ཞིབ་བཤེར་དེ་བཞིན་འཕར་འགྱངས་བྱས་འདུག ཡང་རྒྱ་ནག་གིས་༢༠༢༡ ལོའི་སྤྱི་ཟླ་༥ པའི་ནང་མི་འབོར་ཞིབ་བཤེར་ཐེངས་བདུན་པ་བྱས་ཡོད་པ་དང་། རྒྱ་ནག་ལ་ད་ལྟ་མི་འབོར་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་བྱེ་བ་བཞི་ཙམ་ཡོད་པ་རེད། གཞན་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚོད་དཔག་བྱས་པ་ལྟར་ན། སང་ལོར་རྒྱ་གར་གྱི་མི་འབོར་དེ་རྒྱ་ནག་ལས་བརྒལ་ནས་འཛམ་གླིང་ཐོག་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཆགས་རྒྱུ་ཡིན་པ་བརྗོད་འདུག

རྒྱ་གར་གྱིས་༡༩༥༢ ལོ་ནས་བཟུང་འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་ལག་ལེན་བསྟར་འགོ་ཚུགས་ཡོད་པ་དང་། སྲིད་ཇུས་དེ་དང་རྒྱ་ནག་གིས་དེ་སྔོན་ལག་ལེན་བསྟར་ཟིན་པའི་སྲིད་ཇུས་དེ་གཉིས་ལ་མ་འདྲ་ས་ཡོད་དེ། རྒྱ་གར་གྱི་འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་དེས་རྒྱ་གར་ནང་གི་ཕྲུ་གུ་གསར་སྐྱེས་ཀྱི་ཚད་དེ་མགྱོགས་པོར་མར་ཆགས་བཅུག་མེད་པར་མ་ཟད། མི་ཐོག་རེ་རེའི་མི་འབོར་གྱི་གྲངས་འབོར་དེ་ཆ་སྙོམས་པོ་ཆགས་བཅུག་ཡོད། འོན་ཏེ་རྒྱ་ནག་གི་སྲིད་ཇུས་དེས་རྒན་རྒོན་གྱི་མི་འབོར་ཇེ་མང་དང་། ཕྲུ་གུ་གསར་སྐྱེས་ཀྱི་ཚད་ཇེ་ཉུང་དུ་ཕྱིན་བཅུག་ནས་དེ་གཉིས་བར་གྱི་ཧེ་བག་ཆེ་རུ་ཕྱིན་བཅུག་ཡོད་པ་རེད།

འདས་པའི་ལོ་བཅུ་གྲངས་ཤིག་གི་རིང་ལ་རྒྱ་དཀར་ནག་གཉིས་ཀྱིས་ངལ་རྩོལ་ནུས་ཤུགས་ཀྱི་མ་རྩ་ལ་བརྟེན་ནས་ཁེ་བཟང་མང་པོ་རྙེད་ཡོད་ཀྱང་། དེང་སང་རྒྱ་ནག་ནང་མི་འབོར་གསར་སྐྱེས་ཀྱི་ཚད་ཇེ་ཉུང་ཆགས་ཡོད་པ་དེས་རྒྱ་ནག་ལ་གྱོང་གུད་ཆེན་པོ་ཐེབས་རྒྱུའི་བློ་འཚབ་ཡོང་གི་ཡོད་པ་རེད། ༢༠༡༦ ལོར་རྒྱ་ནག་གིས་བཟའ་ཚང་རེ་རེས་ཕྲུ་གུ་གཉིས་རེ་སྐྱེས་ཆོག་པའི་སྲིད་ཇུས་ལག་ལེན་བསྟར་ཡོད་པ་དང་། ཡང་༢༠༢༡ ལོར་བཟའ་ཚང་རེ་རེས་ཕྲུ་གུ་གསུམ་རེ་སྐྱེས་ཆོག་པའི་སྲིད་ཇུས་གཏན་འབེབས་བྱས་ཡོད། ཡིན་ན་ཡང་རྒྱ་ནག་མི་དམངས་ཚོར་དཔལ་འབྱོར་དང་འཚོ་བ་སོགས་ཀྱི་གནོན་ཤུགས་ཆེན་པོ་འཕྲད་བཞིན་ཡོད་པས། མི་ཚོ་ལ་ཕྲུ་གུ་སྐྱེ་རྒྱུའི་འདོད་པ་དེ་ཙམ་མེད་པ་ཆགས་ཡོད། ལྷག་པར་དུ་ཉེ་བའི་ལོ་འགའ་ཤས་རིང་ལ་རྒྱ་ནག་ནང་གི་མི་འབོར་སྐྱེས་ཚད་དེ་ཤུགས་ཆེ་མར་ཆགས་ཡོད་ཅིང་། རྒྱ་ནག་གཞུང་འབྲེལ་གྱིས་སྡོམ་རྩིས་བྱས་པ་ལྟར་ན་༢༠༢༡ ལོར་རྒྱ་ནག་རྒྱལ་ཡོངས་སུ་མི་འབོར་འབུམ་བཞི་དང་ཁྲི་བརྒྱད་ཙམ་ལས་འཕར་མེད་པ་དང་། རྒྱ་ནག་གི་ཉམས་ཞིབ་པ་ཚོས་གལ་སྲིད་རྒྱ་ནག་གི་མི་འབོར་སྐྱེས་ཚད་དེ་ད་དུང་མུ་མཐུད་ནས་མར་ཆག་པ་ཡིན་ན། འབྱུང་འགྱུར་རྒྱ་ནག་གི་ངལ་རྩོལ་ཁྲོམ་ར་དང་། དཔལ་འབྱོར་འཕེལ་རྒྱས་ལ་གནོད་སྐྱོན་ཚབས་ཆེ་ཐེབས་རྒྱུ་དང་། དེ་བཞིན་རྒན་རྒོན་ཚོའི་རྒས་གསོ་མ་ལག་རྒྱུན་སྐྱོང་ཐུབ་མིན་སོགས་ཀྱི་དཀའ་ངལ་འཕྲད་རྒྱུ་རེད་ཅེས་བློ་འཚབ་སྐྱེ་བཞིན་པ་རེད།

དེ་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཐོ་ལས། དེང་སང་མི་འབོར་སྐྱེས་ཚད་ཉུང་དུ་ཕྱིན་པའི་ཐོག་གནས་སྤོ་བྱེད་མཁན་གྱི་མི་འབོར་མང་དུ་ཕྱིན་པ་སོགས་ཀྱི་རྐྱེན་ལས་འབྱུང་འགྱུར་ལོ་༣༠རིང་ལ་འཛམ་གླིང་རྒྱལ་ཁབ་༦༡ ཙམ་གྱི་ནང་མི་འབོར་འཕར་ཚད་དེ་ཉུང་མཐར་ཡང་བརྒྱ་ཆའི་གཅིག་ཙམ་མར་ཆགས་རྒྱུ་དང་། ༢༠༥༠ ལོར་འཛམ་གླིང་རྒྱལ་ཁབ་ནང་མི་འབོར་འཕར་ཚད་ཀྱི་བརྒྱ་ཆའི་ཕྱེད་ཀ་དེ་སཱ་ཧ་ར་ལྷོ་རྒྱུད་ཀྱི་ཧྥེ་གླིང་རྒྱལ་ཁབ་སྟེ། དཔེར་ན་ཀན་གྷོ་སྤྱི་མཐུན་རྒྱལ་ཁབ་དང་། དབྱི་ཇི་ཕུ། ཨེ་སེ་ཨོ་པི་ཡ། རྒྱ་གར། ནཱ་ཇི་རི་ཡ། པཱ་ཀི་སི་ཐན། ཧྥེ་ལེ་པིན། ཐན་ཛ་ནི་ཡ་བཅས་ནས་ཡིན་པ་དང་། རྒྱལ་ཁབ་དེ་དག་གི་ནང་མི་འབོར་ཇེ་མང་འགྲོ་བ་ལ་བརྟེན་ནས་མི་རྣམས་ལ་ལས་ཀ་རྙེད་པའི་གོ་སྐབས་དང་། དཔལ་འབྱོར་གྱི་ཁེ་ཕན་མང་བ་རག་རྒྱུ་རེད་ཅེས་འཁོད་འདུག

ཡང་ཕྱོགས་གཞན་ཞིག་ནས་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེ་དག་གི་ནང་མི་འབོར་འཕར་ཚད་ཇེ་མཐོ་ཆགས་པ་དེས་ས་གནས་ཀྱི་འཕྲོད་བསྟེན་དང་ཤེས་ཡོན་མ་ལག་ལ་གནོན་ཤུགས་ཆེན་པོ་འཕྲད་གི་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་ལས་དོན་ལྷན་ཚོགས་ཀྱི་དྲུང་ཆེ་གཞོན་པ་ལིའུ་ཀྲེན་མིང་གིས་བརྗོད་དོན་ལ། མི་འབོར་ཤུགས་ཆེ་འཕར་བ་དེས་རྒྱལ་ཁབ་དེ་དག་ལ་འཕྲོད་བསྟེན་དང་ཤེས་ཡོན་གྱི་ཆ་རྐྱེན་མི་འདང་བའི་དཀའ་ངལ་འཕྲད་ཉེན་ཆེ་བ་དང་། དེ་ལས་ལྡོག་སྟེ་གལ་སྲིད་འཕྲོད་བསྟེན་དང་ཤེས་ཡོན། དེ་བཞིན་ཕོ་མོ་བསྡུར་ཚད་སོགས་ཁྱོན་ཡོངས་ནས་ཡར་རྒྱས་དོ་སྙོམས་པོ་ཡོང་ཐུབ་པ་ཡིན་ན་མི་འབོར་སྐྱེས་ཚད་ཉུང་དུ་འགྲོ་རྒྱུ་དང་། འཛམ་གླིང་གི་མི་འབོར་འཕེལ་ཚད་ཀྱང་ཇེ་དལ་ཆགས་ཐུབ་ཀྱི་རེད་ཅེས་བརྗོད་འདུག

མཐའ་དོན་ལ་གོང་འཁོད་སྙན་ཐོ་དེའི་ནང་འབྱུང་འགྱུར་རྒན་རྒོན་གྱི་མི་འབོར་མང་དུ་འགྲོ་བའི་གནད་དོན་གསལ་སྟོན་བྱས་ཏེ། ༢༠༥༠ ལོར་འཛམ་གླིང་མི་འབོར་གྱི་ཆ་སྙོམས་ཚེ་ཐག་དེ་ལོ་༧༧.༢ ལ་སླེབས་རྒྱུ་ཡིན་ཞིང་། སྐབས་དེ་དུས་འཛམ་གླིང་ཐོག་དགུང་ལོ་༦༥ ཡས་ཀྱི་མི་འབོར་དེ་ལོ་༥ མན་ཆད་ཀྱི་ཕྲུ་གུའི་གྲངས་འབོར་ལས་ལྡབ་གཉིས་ལྷག་ཙམ་མང་བ་ཆགས་རྒྱུ་དང་། ཕྲུ་གུ་ལོ་༡༢ མན་གྱི་མི་འབོར་དང་ཧ་ལམ་འདྲ་པོ་ཆགས་རྒྱུ་རེད་འདུག རྒན་རྒོན་ཇེ་མང་འགྲོ་བའི་གནད་དོན་དེ་བཞིན་སྔོན་འགོག་ཆེད་དུ་འཛམ་གླིང་རྒྱལ་ཁབ་ཁག་གིས་སྤྱི་པའི་འཕྲོད་བསྟེན་ཆ་རྐྱེན་དང་། རྒས་ཕོགས་མ་ལག་གི་གསར་སྐྲུན་སོགས་མཐུན་འགྱུར་གནང་དགོས་པའི་འབོད་སྐུལ་གནང་འདུག །

XS
SM
MD
LG