ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༩/༠༨

རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་བར་གྱི་བདེ་འཇགས་དང་བཞི་འབྲེལ་རྒྱལ་ཁབ། 


༄༅།། ཁ་སྔོན་གཟའ་པ་སངས་ཉིན་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་གྱིས་རྒྱ་གར་དང་ཨོ་གླིང་། ཉི་ཧོང་གི་སྲིད་བློན་གསུམ་ཕོ་བྲང་དཀར་པོར་གདན་འདྲེན་ཞུས་ནས་བཞི་འབྲེལ་རྒྱལ་ཁབ་ཀྱི་ཆེས་མཐོའི་འགོ་ཁྲིད་རྣམས་དངོས་སུ་ཐུག་འཕྲད་གྲོས་མོལ་ཐེངས་དང་པོ་བྱུང་། ཁོང་ཚོས་ཏོག་དབྱིབས་ནད་དུག་སྔོན་འགོག་དང་སྨན་ཁབ་བགོ་འགྲེམ། དྲྭ་ལམ་གྱི་བདེ་འཇགས་སྲུང་སྐྱོབ་དང་འཛམ་གླིང་གི་སའི་གོ་ལའི་ཚ་དྲོད་འཕེལ་ནས་དཀའ་ངལ་འཕྲད་བཞིན་པར་གདོང་ལེན་ཇི་ལྟར་བྱེད་དགོས་མིན་སོགས་ལ་གྲོས་སྡུར་བྱས་པ་ཡིན་ཞེས་བསྒྲགས། ཕྱི་ཟླ་༩་པའི་ཚེས་༢༧་ཉིན་ཨ་རིའི་སི་ཨེན་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བཞི་འབྲེལ་རྒྱལ་ཁབ་ཀྱི་ཆེས་མཐོའི་འགོ་ཁྲིད་ཚོས་ཡོངས་གྲགས་སུ་རྒྱ་ནག་ཅེས་མིང་འབོད་གཏན་ནས་བྱས་མེད་ཀྱང་སྲིད་འཛིན་བྷ་ཌན་དང་སྲིད་བློན་མོ་དྷི། སྲིད་བློན་མོ་རི་སན་དང་སྲིད་བློན་སུ་གྷ་བཞིས་རྒྱ་གར་ནས་བཞི་བདེ་རྒྱ་མཚོའི་བར་དུ་བཙན་དྲག་དང་འཇིགས་སྐུལ་འབྱུང་གི་ཡོད་པ་མེད་པར་གཏོང་རྒྱུ་ཡིན། རྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོའི་བར་གྱི་འགྲིམ་འགྲུལ་རང་དབང་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན། ང་ཚོས་རྒྱལ་སྤྱིའི་ཁྲིམས་དང་མངའ་ཁུལ་དེའི་མཚོ་འགྲུལ། མཁའ་ལམ་གྱི་འགྲིམ་འགྲུལ་རང་དབང་ལ་སྲུང་སྐྱོབ་བྱ་རྒྱུ་དང་རྩོད་གཞི་ཐམས་ཅད་ཞི་བའི་སྒོ་ནས་སེལ་རྒྱུ། དམངས་གཙོའི་ལམ་ལུགས་དང་མངའ་ཁོངས་གོང་བུ་གཅིག་གྱུར་བཅས་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་སྤྱི་བསྒྲགས་སྤེལ། བཞི་འབྲེལ་རྒྱལ་ཁབ་ཀྱི་ཆེས་མཐོའི་འགོ་ཁྲིད་ཚོའི་སྤྱི་བསྒྲགས་སུ་རྒྱ་ནག་ཅེས་དངོས་སུ་མ་འཁོད་ཀྱང་ལྷོ་རྒྱ་ནག་རྒྱ་མཚོ་དང་ཤར་རྒྱ་ནག་རྒྱ་མཚོ། རྒྱ་གར་རྒྱ་མཚོའི་བར་དུ་རྒྱ་ནག་གི་ཤུགས་རྐྱེན་ཁྱབ། རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་བར་གྱི་རྒྱལ་ཁབ་ཁག་ལ་རྒྱ་ནག་གིས་བཙན་དྲག་བཀོལ་ནས་འཇིགས་སྐུལ་བྱེད་ཀྱི་ཡོད་པར་ཆེད་དུ་དམིགས་ནས་སྤྱི་བསྒྲགས་དེ་འདྲ་ཞིག་སྤེལ་བ་རེད་ཅེས་གནས་ཚུལ་ཐོན་འདུག

གཟའ་པ་སངས་ཉིན་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་གྱིས་རྒྱ་གར་དང་ཨོ་གླིང་། ཉི་ཧོང་གི་སྲིད་བློན་གསུམ་ཕོ་བྲང་དཀར་པོར་གདན་འདྲེན་ཞུས་ནས་བཞི་འབྲེལ་རྒྱལ་ཁབ་ཀྱི་ཆེས་མཐོའི་འགོ་ཁྲིད་རྣམས་དངོས་སུ་ཐུག་འཕྲད་གྲོས་མོལ་ཐེངས་དང་པོ་བྱུང་།
གཟའ་པ་སངས་ཉིན་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་གྱིས་རྒྱ་གར་དང་ཨོ་གླིང་། ཉི་ཧོང་གི་སྲིད་བློན་གསུམ་ཕོ་བྲང་དཀར་པོར་གདན་འདྲེན་ཞུས་ནས་བཞི་འབྲེལ་རྒྱལ་ཁབ་ཀྱི་ཆེས་མཐོའི་འགོ་ཁྲིད་རྣམས་དངོས་སུ་ཐུག་འཕྲད་གྲོས་མོལ་ཐེངས་དང་པོ་བྱུང་།

ཉམས་ཞིབ་པ་ཚོས་བཞི་འབྲེལ་རྒྱལ་ཁབ་ཀྱིས་རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་བར་དུ་དཔལ་འབྱོར་གྱི་ཤུགས་རྐྱེན་ཡང་ཁྱབ་ཐབས་བྱེད་དགོས། འདས་པའི་ལོ་༢༠་ཡས་མས་ཤིག་གི་རིང་དེར་ཨ་མི་རི་ཀས་ཉིན་ལྟར་ཨབ་གྷ་ཎི་སི་ཐན་གྱི་དམག་འཁྲུག་ལ་ཨ་སྒོར་དུང་ཕྱུར་གསུམ་རེ་འགྲོ་བཏང་བ་རེད། གལ་སྲིད་ཨ་མི་རི་ཀས་མ་འོངས་པའི་ལོ་གཉིས་ཀྱི་རིང་དུ་འགྲོ་གྲོན་དེའི་ཕྱེད་ཀ་ཞིག་གཏོང་ཐུབ་ཚེ། ཨ་སྒོར་དུང་ཕྱུར་༥༠༠་ཐམ་པ་གསོག་འཇོག་ཐུབ་པ་དང་བཞི་འབྲེལ་རྒྱལ་ཁབ་ཀྱི་དངུལ་ཁང་ཞིག་ཚུགས་ཐུབ། བཞི་འབྲེལ་རྒྱལ་ཁབ་ཀྱི་དངུལ་ཁང་གིས་ཨ་སྒོར་ཐེར་འབུམ་བརྒྱ་ཐམ་པ་བཀར་འཇུག་བྱེད་ཐུབ་ན་རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་བར་གྱི་ས་ཁམས་ཆབ་སྲིད་ལ་འགྱུར་བ་ཆེན་པོ་ཞིག་གཏོང་ཐུབ་ངེས་རེད། དཔེར་ན་སིངྒ་ལ་དང་བལ་ཡུལ། བྷང་ག་ལ་དང་འབྲུག་ཡུལ། ཝྭེ་ཏེ་ནམ་སོགས་ལ་སྐྱེད་ཀ་དམའ་མོ་བྱས་ནས་དངུལ་སྒོར་བུ་ལོན་གཏོང་ཆོག སིངྒ་ལ་དང་བྷང་ག་ལ། བལ་ཡུལ་སོགས་ནི་རྒྱ་ནག་གི་བུ་ལོན་འོག་ཏུ་ཚུད་ནས་ནམ་ཡང་ཐར་ཐབས་མེད་པ་ཞིག་ཏུ་གྱུར་འདུག ད་ལྟ་རྒྱལ་ཁབ་མང་དག་ཅིག་འུ་ཐུག་སྟེ་རྒྱ་ནག་ནས་བུ་ལོན་བསྐྱི་དགོས་ཐུག་གི་ཡོད་པ་རེད། བཞི་འབྲེལ་རྒྱལ་ཁབ་ཀྱི་མཐུན་ཚོགས་སྟོབས་ཤུགས་ལྡན་པའི་མཐུན་ཕྱོགས་ཤིག་ལ་འགྱུར་ཐུབ་རྒྱུ་ཡིན་མིན་ནི་རྒྱ་གར་དང་ཉི་ཧོང་གཉིས་ཀྱིས་འཛེམ་ཟོན་མེད་པར་རྒྱ་ནག་ལ་ཁ་གཏད་ཅི་ཙམ་གཅོག་ཐུབ་རྒྱུ་ཡིན་མིན་ལ་ཐུག་འདུག ཨོ་གླིང་གིས་ཨ་རི་དང་དབྱིན་ཇི་གཉིས་ལ་མཉམ་འབྲེལ་བྱས་ནས་དམག་དོན་དང་དཔལ་འབྱོར་གཉིས་ཀའི་ཐོག་ཏུ་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་འགོ་བཙུགས་པ་རེད། མ་འོངས་པར་བཞི་འབྲེལ་རྒྱལ་ཁབ་ཀྱིས་དཔལ་འབྱོར་མཉམ་འབྲེལ་ལ་ཤུགས་སྣོན་རྒྱག་དགོས། རྒྱ་ནག་གིས་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་བཞི་འབྲེལ་རྒྱལ་ཁབ་གཏོར་བཤིར་གཏོང་གི་རེད། རྒྱ་ནག་གིས་ཅི་ཙམ་གཏོར་བཤིག་བཏང་ན་དེ་ཙམ་གྱིས་བཞི་འབྲེལ་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཇེ་བརྟན་དུ་འགྲོ་སྲིད་ཅེས་བསྟན།།

རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་འཐབ་ཇུས་ཞིབ་འཇུག་གི་ཉམས་ཞིབ་པ་ཧར་ཤ་པན་ཏས་བཤད་པ་ལྟར་ན། བཞི་འབྲེལ་རྒྱལ་ཁབ་ཀྱི་མཚོ་དམག་གིས་རྒྱ་ནག་དམིགས་འབེན་དུ་བཟུང་ནས་མཉམ་འབྲེལ་དམག་སྦྱོང་དང་རྒྱལ་སྲུང་མཉམ་འབྲེལ་རྒྱ་རྒྱུ་ཤུགས་ཆེ་རུ་ཕྱིན་སོང་། ད་ཐེངས་ཀྱི་ལྷན་འཛོམ་གྲོས་མོལ་སྐབས་སུ་བཞི་འབྲེལ་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོས་ཏོག་དབྱིབས་ནད་དུག་སྔོན་འགོག་དང་སྨན་ཁབ་བགོ་འགྲེམ། རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན་དང་འཕྲུལ་རིག་ལག་རྩལ་མཉམ། མཚོ་ཁོངས་སྲུང་སྐྱོབ་སོགས་གྲོས་སྡུར་བྱས་པ་ཐམས་ཅད་རྒྱ་ནག་ལ་དམིགས་ནས་གྲོས་སྡུར་བྱས་པ་ཧ་ཅང་གསལ་པོ་རེད། རྒྱ་ནག་གཞུང་གིས་མངའ་ཁུལ་དེར་དཔེ་སྲོལ་གསར་པ་ཞིག་གཏད་ནས་ཤུགས་རྐྱེན་ཐེབས་ཀྱི་ཡོད་པར་བཞི་འབྲེལ་རྒྱལ་ཁབ་ཀྱིས་གདམ་ཀ་གཞན་པ་ཞིག་བཀོད་སྒྲིག་བྱེད་དགོས། ད་ལྟའི་དུས་སྐབས་འདིར་རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་བར་གྱི་རྒྱལ་ཁབ་ཁག་ལ་རྒྱ་ནག་མ་གཏོགས་བརྟེན་ས་མི་འདུག རྒྱ་ནག་གིས་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཚོང་ལམ་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་ནི་དབུས་ཨེ་ཤི་ཡ་ནས་ཡུ་རོབ། ཨ་ཧྥི་རི་ཀ་བར་དུ་གནམ་ཐང་དང་གྲུ་ཁ། རྒྱ་ལམ་དང་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱས་ནས་རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས་ཀྱི་ཤུགས་རྐྱེན་ཁྱབ་ཐབས་རེད་ཅེས་བཤད། བདུན་ཕྲག་སྔོན་མར་བཞི་འབྲེལ་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོས་ལྷན་འཛོམ་གྲོས་མོལ་མ་བྱས་གོང་དུ་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་གསར་འགོད་ལྷན་ཚོགས་ཐོག་ཏུ་བཞི་འབྲེལ་རྒྱལ་ཁབ་ལ་ལམ་ལྷོངས་གཏན་ནས་ཡོང་མི་སྲིད། རྒྱལ་ཁབ་གཞན་ཞིག་དམིགས་འབེན་དུ་བཟུང་ནས་དཔུང་སྒྲིག་བྱེད་ཀྱི་ཡོད་པ་ནི་དུས་སྐབས་དང་རྒྱལ་སྤྱིའི་འགྱུར་འགྲོས་ལ་རྒྱབ་འགལ་རེད་ཅེས་སྐྱོན་བཙུགས།།

ཨོ་གླིང་གི་གླེང་མོལ་གསར་ཁང་ལས་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རི་དང་དབྱིན་ཇི། ཨོ་གླིང་གསུམ་གྱིས་ཨ་དབྱིན་ཨོ་གསུམ་གྱི་རྒྱལ་སྲུང་མཉམ་འབྲེལ་བཙུགས། ཨ་རི་དང་ཨོ་གླིང་། རྒྱ་གར་དང་ཉི་ཧོང་བཅས་ཀྱིས་བཞི་འབྲེལ་རྒྱལ་ཁབ་བཙུགས་པར་དགེ་སྐྱོན་གཉིས་ཀ་འདུག ཕྱོགས་གཅིག་ནས་རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་བར་དུ་མཚོན་ཆའི་འགྲན་སྡུར་གསར་པ་ཞིག་ཚུགས་རྒྱུ་ཉག་ཅིག་རེད། ཕྱོགས་གཞན་དེར་རྒྱ་ནག་ལ་སྔོན་ཆད་བྱུང་མྱོང་མེད་པའི་ཨ་དབྱིན་ཨོ་གསུམ་གྱི་རྒྱལ་སྲུང་མཉམ་འབྲེལ་དང་བཞི་འབྲེལ་རྒྱལ་ཁབ་ཀྱི་ཁ་གཏད་པ་གསར་པ་ཞིག་ཐོན་པ་རེད། འདི་ནི་འཛེམ་བག་དང་ལྐོག་ཏུ་སྒྲུབ་ཀྱི་ཡོད་པ་ཞིག་མིན་པར་མངོན་སུམ་དུ་འབྱུང་གི་འདུག ཨ་དབྱིན་ཨོ་གསུམ་གྱི་རྒྱལ་སྲུང་མཉམ་འབྲེལ་ནི་རྒྱ་ནག་གི་དམག་དོན་སྟོབས་ཤུགས་གཅོག་རྒྱུའི་ཆེད་དུ་བཙུགས་པ་རེད་ཅེས་གནས་ཚུལ་སྤེལ། དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྱི་རྒྱལ་སྤྱིའི་འཐབ་ཇུས་ཉམས་ཞིབ་ཁང་དང་སུད་ཌེན་གྱི་རྒྱལ་ས་སི་ཊོཀ་ཧོམ་རྒྱལ་སྤྱིའི་ཞི་བདེ་ཉམས་ཞིབ་ཁང་གཉིས་ཀས་ཏོག་དབྱིབས་ནད་དུག་ཁྱབ་གདལ་དུས་སུའང་རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་བར་གྱི་དམག་དོན་འགྲོ་གྲོན་གཏོང་རྒྱུ་ཉུང་དུ་ཕྱིན་མི་འདུག རྒྱ་དཀར་ནག་གཉིས་གཙོས་རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་བར་གྱི་དམག་དོན་འགྲོ་གྲོན་བརྒྱ་ཆ་༤༧་མང་དུ་སོང་འདུག ད་ལྟ་རྒྱ་ནག་ལ་ཉེན་ཁ་གསར་པ་ཞིག་འཕྲད་ཀྱི་ཡོད་པ་དེ་ལ་གཞིགས་ནས་དམག་དོན་འགྲོ་གྲོན་སྔར་ལས་མང་དུ་གཏོང་རྒྱུ་ལྡོག་ཐབས་མེད་པ་ཞིག་རེད་ཅེས་གནས་ཚུལ་སྤེལ། རྒྱལ་སྤྱིའི་དམག་དོན་ཉམས་ཞིབ་པ་ཚོས་སྔོན་ཆད་ཨ་མི་རི་ཀས་ཨུ་རུ་སུ་ལ་མཚན་ཆའི་འགྲན་སྡུར་དང་དམག་དོན་འགྲོ་གྲོན་གྱི་འགྲན་སྡུར་བྱས་ནས་ཕམ་ཉེས་བཏང་བ་རེད། དུས་རབས་༢༡་པ་འདིར་ཨ་རི་དང་མཐུན་གྲོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་མཚོན་ཆ་དང་དམག་དོན་འགྲོ་གྲོན་ཐོག་ཏུ་འགྲན་སྡུར་བྱས་ནས་མཐའ་མཇུག་རྒྱ་ནག་ཕམ་ཉེས་སུ་གཏོང་རྒྱུའི་འཐབ་ཇུས་ཤིག་འཛིན་གྱི་འདུག་ཅེས་བཤད།།

དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྱི་རྒྱལ་སྤྱིའི་འཐབ་ཇུས་ཉམས་ཞིབ་ཁང་དང་སུད་ཌེན་གྱི་རྒྱལ་ས་སི་ཊོཀ་ཧོམ་རྒྱལ་སྤྱིའི་ཞི་བདེ་ཉམས་ཞིབ་ཁང་གཉིས་ཀྱིས་བཏོན་པའི་སྙན་ཐོ་ཁག་ལ་མུ་མཐུད་དུ་འཁོད་པ་ལྟར་ན། ༢༠༢༠་ལོར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གིས་ཨ་སྒོར་ཐེར་འབུམ་༥༢༨་དམག་དོན་ལ་འགྲོ་གྲོན་བཏང་ཡོད་ཅིང་། འགྲོ་གྲོན་དེའི་བརྒྱ་ཆ་༦༢་རྒྱ་དཀར་ནག་གཉིས་གཅིག་པུས་བཏང་འདུག རྒྱ་ནག་གི་ཉེན་ཁ་འགོག་པར་ཉི་ཧོང་དང་ཨོ་གླིང་རྒྱལ་ཁབ་གཉིས་ཀྱིས་ཀྱང་དམག་དོན་འགྲོ་གྲོན་མང་དུ་གཏོང་གི་ཡོད་པ་སྟེ། ཉི་ཧོང་གིས་༢༠༢༢་དང་༢༣་གྱི་རྒྱལ་སྲུང་འགྲོ་གྲོན་ཁོངས་སུ་ཨ་སྒོར་དུང་ཕྱུར་༥༠༠་ལྷག་དམག་དོན་ལ་འགྲོ་གྲོན་གཏོང་རྒྱུའི་དངུལ་རྩིས་འཆར་འགོད་བྱས་ཤིང་། ༢༠༢༡་ནས་༢༢་བར་དུ་ཨོ་གླིང་གཞུང་གིས་ཨ་སྒོར་དུང་ཕྱུར་༤༤༦་དམག་དོན་ལ་འགྲོ་གྲོན་གཏོང་གི་ཡོད་པར་ཁ་སྣོན་བྱ་རྒྱུའི་རྩིས་རྒྱག་གི་ཡོད་པའི་གནས་ཚུལ་ཐོན། དེ་བཞིན་ཐེ་ཝན་གཞུང་གིས་ཀྱང་མ་འོངས་པའི་ལོ་ལྔའི་རིང་ལ་ཨ་སྒོར་དུང་ཕྱུར་༨༧་འགྲོ་གྲོན་བཏང་ནས་རྒྱང་སྙོབ་མེ་ཤུགས་འཕུལ་མདེལ་ཉོ་སྒྲུབ་དང་ཐེ་ཝན་གྱི་འཕུར་མདེལ་ཕུགས་གསོག་མང་དུ་གཏོང་རྒྱུ། ལྷོ་ཀོ་རི་ཡས་ཀྱང་མཚོ་འོག་དམག་གྲུའི་ནང་ནས་འཕེན་ཐུབ་པའི་འཕུར་མདེལ་སོགས་མཚོན་ཆ་ཡར་རྒྱས་གཏོང་གི་ཡོད་པའི་གནས་ཚུལ་ཐོན། ལྷོ་ཀོ་རི་ཡའི་འཕྲལ་གྱི་ཁ་གཏད་པ་ནི་བྱང་ཀོ་རི་ཡ་ཡིན་རུང་ཕུགས་ཀྱི་དོགས་ཟོན་བྱ་ཡུལ་རྒྱ་ནག་ཡིན་ཞིང་། དེས་ན་རྒྱ་ནག་གཅིག་པུས་ཨ་རི་དང་རྒྱ་གར། ཉི་ཧོང་དང་ཨོ་གླིང་། དབྱིན་ཇི་དང་ཐེ་ཝན། ལྷོ་ཀོ་རི་ཡ་སོགས་ཉུང་མཐར་ཡང་རྒྱལ་ཁབ་བདུན་ལ་ཁ་གཏད་བཅག་ནས་དམག་དོན་འགྲོ་གྲོན་རྒྱུན་འཁྱོངས་བྱེད་དགོས་པ་དཀའ་ལས་ཁག་པོ་ཡིན་པ་ངོས་ཟིན་དགོས་པ་ཞིག་རེད་ཅེས་གནས་ཚུལ་ཐོན་འདུག

XS
SM
MD
LG