ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༡༢/༢༢

བོན་གྱི་བྱུང་རབས་དང་དར་རྒུད་ཀྱི་བཅར་འདྲི།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཕྱི་ཟླ་༣་པའི་ཚེས་༢༧་ཉིན་གྱི་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་ཀུན་གླེང་བརྙན་འཕྲིན་ལས་རིམ་ལ་ཡུ་རོབ་རྒྱལ་ཁབ་ཧྥ་རན་སིར་གནས་འཁོད་རྩོམ་པ་པོ་དང་ཉམས་ཞིབ་པ། སློབ་དཔོན་ཆེན་མོ་མཁར་རྨེའུ་བསམ་གཏན་རྒྱལ་མཚན་ལ་བོན་དང་གཡུང་དྲུང་བོན་གྱི་དབྱེ་བ། བན་བོན་གྱི་ཁྱད་ཆོས་དང་ལྟ་བ། བོད་ཡིག་ཞང་ཞུང་སྨར་ཡིག་ལ་དཔེ་བལྟས་ནས་གཏན་ལ་ཕབ་པ་ཡིན་མིན། བོད་ཀྱི་ལོ་རྒྱུས་ཞིབ་འཇུག་ལ་མཁོ་བའི་བོན་གྱི་དེབ་ཐེར། བོད་པའི་ཉིན་རེའི་འཚོ་བར་བོན་སྲོལ་རྒྱུན་འཇགས་སུ་ཡོད་པ་བཅས་ལ་བཅར་འདྲི་ཞུས་ཡོད། འོན་ཀྱང་དྲི་ལན་ཐམས་ཅད་ཡིག་ཐོག་ཏུ་འགོད་མི་ཐུབ་ཀྱང་དྲི་བ་རེའི་ལྗགས་ལན་གནད་བསྡུས་རྣམས་ཡིག་ཐོག་ཏུ་བཀོད་ཡོད། འཕྲལ་དུ་བཀའ་འདྲི་ཞུ་ས་དང་ཟུར་ལྟའི་ཡིག་ཆ་སོགས་མེད་པའི་བོན་གཞུང་སོགས་ཀྱི་མིང་ཚིག་ཁག་ཅིག་གི་དག་ཆ་རྣམས་ཇི་བཞིན་མ་ཤེས་པར་འོལ་ཚོད་ཀྱིས་སྒྲ་གདངས་ལྟར་ཕབ་ཡོད་པས་ཡིག་ནོར་བྱུང་བ་ཁག་ལ་བཟོད་གསོལ་ཞུ།།
བོན་གྱི་སྒྲ་བཤད།
༄༅།། ཏུང་ཧོང་ཡིག་རྙིང་ལྟར་ན་བོན་དང་བོད་གཉིས་གོ་དོན་གཅིག་པ་ཡིན་ཞེས་འཁོད། དངོས་གནས་བྱས་ན་དང་པོ་བོན་དང་གཞུག་ཏུ་བོད་ལ་གྱུར་པ་འདྲ། ཡིག་རྙིང་ཁག་ཏུ་རྗེས་འཇུག་ད་དང་ན་གཉིས་བརྗེ་པོ་ཐེབས་པ་མང་པོ་འདུག དཔེ་བཞག་ན་བཙན་པོ་དང་བཙད་པོ་ཟེར་བ་ལྟར་རེད། བོན་པོའི་ལུགས་སྲོལ་ལ་བོད་ཀྱི་ཁམས་འདི་བོན་གྱི་ཁམས་ཡིན་ཞེས་བཤད་སྲོལ་ཞིག་འདུག་ཀྱང་དེ་ནི་ཁས་ལེན་ཐུབ་རྒྱུ་ཁག་པོ་རེད། བོན་པ་ཟེར་དུས་བྱ་ཚིག་རེད། དེ་ནི་བཟློ་བ་དང་སྔགས་བཟློ་བའི་སྐད་ཆ་ཞིག་རེད། ལྷ་བོད་(འབོད)པ་ལ་ལྷ་བོན་པ་ཟེར། ལྷ་ལ་ཆོས་བྱེད་པ་དང་ལྷ་ལ་མཆོད་པ་བྱེད་པའི་ཚིག་དེའི་དོན་དག་དེ་འདྲ་ཞིག་འདུག གང་ལྟར་ཡིག་རྙིང་ཁག་ཏུ་བོན་ཟེར་དུས་ཡིད་ཆེས་བྱ་ཡུལ་དང་ལྷ་གསོལ་བ་སོགས་རེད། ཚིག་དེའི་ཁུངས་ནི་བོད་རང་གི་མིང་ཚིག་ཅིག་རེད་འདུག
བོན་གྱི་འབྱུང་ཁུངས་དང་བོན་གྱི་རིགས། བན་བོན་གྱི་ཁྱད་པར།
ང་ཚོས་བོད་ལ་སྔ་མོ་ནས་ཡིད་ཆེས་བྱ་ས་ཅི་ཞིག་ཡོད་མེད་ཀྱི་ཁུངས་བལྟ་ས་ནི་ཏུང་ཧོང་ཡིག་རྙིང་རེད། ངས་བལྟས་ན་བོད་པས་ཡིད་ཆེས་བྱ་ཡུལ་དེ་བོད་རང་ནས་བྱུང་བའི་ས་སྐྱེས་རྡོ་སྐྱེས་ལྟ་བུ་ཞིག་ཡིན་དགོས་ཀྱི་རེད་སྙམ། དཔེར་ན་རི་ལ་ཡུལ་ལྷ་གནས་པ་དང་ཆུ་ལ་ཀླུ་གནས་པ། རིའི་སྟེང་དུ་ལྷ་ཀླུ་གཉན་གསུམ་གནས་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད། ས་འོག ས་སྟེང་། ས་བླ་ཟེར། སྟེང་ལ་གཞི་བདག་དང་གཉན་རྣམས་གནས། ས་འོག་ཏུ་ཀླུ་རྣམས་གནས། ཀླུའི་ཆོ་ག་འདོན་རྒྱུ་ཧ་ཅང་གི་གལ་ཆེན་པོ་རེད། དེའི་འགྲེལ་བཤད་ལྟ་བུ་ཞིག་བཤད་ན་ལྷ་ཀླུ་གཉན་གསུམ་ཞེས་ལྷ་ཀླུ་གཉན་གསུམ་ལ་ས་འོག་ས་སྟེང་ས་བླ་ཞེས་གནས་ཡུལ་རེ་ཡོད་པ་ཞིག་རེད། མཚོ་དང་མཚེའུ། རྫིང་དང་ཆུ་ཀླུང་དེ་ཚོར་ཀླུ་གནས་ཡུལ་འདྲ་བོ་ཞིག་ཡིན་པས་ལོ་ཏོག་ཡག་པོ་སྐྱེ་བར་ཀླུ་ཆོག་འདོན་རྒྱུ་གལ་ཆེན་པོར་བརྩིས། པོ་ཏ་ལར་ཀླུའི་ཆོ་ག་འདོན་པའི་དཔེ་ཆ་མང་པོ་འདུག ༧གོང་ས་ལྔ་པའི་དུས་ནས་དཔེ་ཆ་དེ་ཚོ་བསྡུ་རུབ་བྱས་པ་མིན་ནམ། བོན་པོའི་དཔེ་ཆ་ཀླུ་འབུམ་དཀར་ནག་ཁྲ་གསུམ་ཞེས་ཀླུའི་མདོ་འདྲ་བོ་ཞིག་ཡོད་པ་རེད། དེའི་ཤིང་པར་ནི་སྡེ་དགེའི་པར་མ། རྟག་བརྟན་ཕུན་ཚོགས་གླིང་གི་པར་མ། དགའ་ལྡན་གྱི་པར་མ། གཞུག་ལ་འབྲུག་ཡུལ་གྱི་ཕུ་ནག་ཁའི་ཤིང་པར་ཧ་ལས་པའི་མཛེས་པོ་ཞིག་འབྲུག་ཡུལ་དུ་བསྐྱོད་དུས་མཐོང་སོང་། ངས་ཅི་ཞིག་ཟེར་གྱི་ཡོད་ཞུས་ན་བོད་ཀྱི་དགོན་པ་དང་ལྷ་ཁང་། ཁྱིམ་ཚང་ཆེ་ཁག་སོགས་གང་དུ་ཡིན་རུང་བོན་གྱི་ཀླུ་འབུམ་དཀར་ནག་ཁྲ་གསུམ་ཧ་ལམ་མེད་ས་ཞིག་མི་འདུག རྦད་དེ་གལ་ཆེན་པོ་ཆགས་འདུག བོན་པོའི་ལུགས་སྲོལ་ལ་བོད་ལ་བོན་ཟེར་པ་ཞིག་དར་ཡོད་པ་རེད་ཟེར་ཀྱང་དེ་ལ་སྟོན་པ་འདི་དང་ཆོ་ག་འདི་འདྲ་ཞིག་རེད་ཅེས་སྟོན་རྒྱུ་མི་འདུག ཕྱིས་སུ་གཡུང་དྲུང་བོན་གྱི་སྟོན་པ་ནི་སྟོན་པ་གཤེན་རབ་ཡིན་ཟེར་གྱི་ཡོད་པ་རེད། སྟོན་པ་གཤེན་རབ་ཞང་ཞུང་ནས་ཀོང་པོར་ཕེབས་ཏེ་གཡུང་དྲུང་བོན་དར་སྤེལ་གཏོང་དགོས་དགོངས་ཀྱང་བོད་ཀྱི་བོན་པོ་རྣམས་གཡུང་དྲུང་བོན་ཉམས་ལེན་གྱི་མཉམ་ཚོད་མི་འདུག དུས་ལ་བབས་མི་འདུག་དགོངས་ཏེ་མ་འོངས་པར་བོན་ཐེག་པ་རིམ་དགུའི་བསྟན་པ་ཞིག་དར་རྒྱུའི་སྨོན་ལམ་གསུངས་པ་རེད་ཟེར་སྲོལ་ཞིག་འདུག བོད་ལ་བོན་ཞེས་པའི་བསྟན་པ་ཞིག་དར་ཡོད་ཀྱང་སྟོན་པ་གཤེན་རབ་ཀྱིས་གསུངས་པའི་བསྟན་པ་དང་བརྒྱ་ཆ་བརྒྱ་ཐམ་པ་གཅིག་པ་མིན་པ་འདྲ། གཡུང་དྲུང་བོན་ལ་མཚོན་ན་ལྟ་བའི་ཐོག་ཏུ་ཐེག་པ་རིམ་པ་དགུ་ཡོད་པ་རྣམས་ལ་ཐེག་པ་མི་འདྲ་བ་དང་གྲུབ་མཐའ་མི་འདྲ་བའི་ཁྱད་པར་ཕྱེས་འདུག ཐེག་པ་དང་པོ་བཞི་ནི་རྒྱུ་ཡི་ཐེག་པ་དང་གཞན་རྣམས་ལ་འབྲས་བུའི་ཐེག་པ་ཟེར་གྱི་འདུག རྒྱུ་དང་འབྲས་བུའི་ཐེག་པ་ཞེས་དབྱེ་བ་ཕྱེས་འདུག རྒྱུ་ཡི་ཐེག་པ་ནི་བོད་པ་ཚོས་ཡིད་ཆེས་བྱ་ས་དང་ལག་ལེན་བསྟར་ས་ཞིག་རེད། དཔེར་ན་མོ་དང་རྩིས། གཏོ་དང་ཕྱྭ་ཞེས་གཙོ་བོ་བཞི་རེད། མོ་རྒྱག་པ་དང་རྩིས་རྒྱག་པ། གཏོ་ཆོག་དང་མེ་ཕྱཱ་བྱེད་པ་སོགས་རེད། མི་ཞིག་ན་བ་ཡིན་ན་ལུས་པོ་གཅིག་པུ་ན་བ་མིན་པར་རྒྱུ་རྐྱེན་གཞན་པ་ཡོད་པ་སྟེ། མི་དེ་ན་བ་ཡིན་ན་དེ་ལ་མོ་བརྒྱབ་ནས་ལྷ་ཀླུའི་གནོད་པ་བྱེད་མཁན་ཡོད་པ། གནོད་པ་བཟློག་པར་གཏོ་ཆོག་འདོན་དགོས་པ། དེ་ནས་ཕྱྭ་པར་རྩིས་སྐོར་དུ་བཅུག་ནས་སྐར་རྩིས་ཀྱི་ཐོག་ཏུ་འགྱུར་ལྡོག་ཆེན་པོ་ཡོང་གི་ཡོད་པ་བཤད་དགོས་པ། མོ་རྩིས་གཏོ་ཕྱྭ་བཞི་ནི་སྤྱི་ཚོགས་ལ་ཕན་པ་སྒྲུབ་པ་དང་དཀའ་ངལ་སེལ་སྤྱད་རིག་གནས་བཞི་རེད་ཅེས་བཤད་སྲོལ་ཞིག་འདུག ངས་བཤད་པ་དེ་བོན་དང་གཡུང་དྲུང་བོན་གཉིས་ཀྱི་ཁྱད་པར་ཡིན། གཡུང་དྲུང་བོན་ནི་ཐེག་པ་རིམ་པ་དགུའི་ནང་དུ་ཐམས་ཅད་འདུས་ཡོད་པ་ཞིག་རེད། བན་དེ་དང་ང་ཚོའི་བོད་ལ་ཆོས་ལུགས་ཀྱི་ཕྱོགས་རེས་ཧ་ཅང་ཤུགས་ཆེན་པོ་རེད། ཕྱི་ནང་གཉིས་སུ་ཕྱེས་ཏེ་ཕྱི་པ་དང་ནང་པ་ཞེས་སྐད་ཆ་ཞིག་བྱུང་། ཕྱིས་སུ་སྒྱུར་བོན་དང་བརྡོལ་བོན། འཁྱར་བོན་ཞེས་སྐད་ཆ་ཞིག་བྱུང་འདུག འོན་ཀྱང་སྐད་ཆ་དེ་རྣམས་དུས་རབས་༡༡་པའི་ཡར་སྔོན་དུ་མི་འདུག དུས་རབས་༡༡་པའི་གཞུག་གི་སྐད་ཆ་ཞིག་རེད། དེ་ནས་ཡུན་རིང་ཞིག་གི་གཞུག་ཏུ་བོན་དཀར་དང་བོན་ནག་ཅེས་དབྱེ་བ་ཞིག་ཕྱེས་འདུག བོན་པོ་ཚོའི་ནང་ཁུལ་དུའང་བོན་གསར་མ་དང་བོན་རྙིང་པ་ཞེས་སྐད་ཆ་ཞིག་འདུག བོན་དཀར་དང་བོན་ནག་ཅེས་དབྱེ་བ་ཕྱེས་པའི་སྐད་ཆ་དེར་བོན་པོ་ཚོ་མཉེས་པོ་མི་འདུག བན་དེ་ཚོས་སྒྱུར་བོན་ཟེར་དུས་སངས་རྒྱས་ཆོས་ལུགས་ཀྱི་གཞུང་རྣམས་བོན་པོ་ཚོས་གཡར་ནས་བསྒྱུར་པ་རེད་ཟེར་པ་དེར་གོ་དགོས་པ་འདྲ། དེ་ལ་སྒྱུར་བོན་ཟེར་གྱི་འདུག བརྡོལ་བོན་ནི་ས་གནས་རང་དུ་དར་པའི་ས་སྐྱེས་རྡོ་སྐྱེས་ཏེ། ས་འོག་ནས་ཆུ་བརྡོལ་ཡོང་བ་ལྟར་ཡིན་པས་བརྡོལ་བོན་ཟེར་གྱི་འདུག འཁྱར་བོན་ནི་གཞན་ནས་འཁྱེར་ཡོང་བ་དང་ཕྱི་རོལ་པ་དབང་ཕྱུག་པའི་ལྟ་བ་ཞིག་འཁྱེར་ཡོང་བ་རེད་ཟེར་པ་དེ་ལ་འཁྱར་བོན་ཟེར་གྱི་འདུག སྲིད་པ་ཐམས་ཅད་སྒོ་ང་ལས་བྱུང་བ་རེད་ཟེར་སྲོལ་ཞིག་དབང་ཕྱུག་ལའང་འདུག ལྟ་བ་དེ་དབང་ཕྱུག་པ་ནས་འཁྱེར་ཡོང་བ་རེད་ཟེར་ཀྱང་དེ་ལ་ཏན་ཏན་གཅིག་མི་འདུག བོན་དཀར་བོན་ནག་ནི་དམར་མཆོད་བྱས་པར་ཟེར་གྱི་ཡོད་ས་རེད། འོན་ཀྱང་དེ་ནི་སྔ་མོའི་བོད་ཀྱི་དམངས་ཁྲོད་ཡུལ་སྲོལ་ཙམ་ཡིན་པ་ལས་བོན་གྱི་གཞུང་ལུགས་ཤིག་ཡིན་པ་སྒྲུབ་ཐུབ་ཀྱི་མི་འདུག གཡུང་དྲུང་བོན་ཡང་བན་དེ་ལྟར་དགོན་པའི་སྒྲིག་ཁྲིམས་དང་གྲྭ་བཙུན། དྲང་སྲོང་སོགས་གཅིག་མཚུངས་འདྲ་བོ་ཞིག་རེད། བན་དེ་དང་གཡུང་དྲུང་བོན་གཉིས་ལ་མི་འདྲ་བའི་ཁྱད་པར་གཙོ་བོ་ནི་གཡས་སྐོར་དང་གཡོན་སྐོར་གྱི་ཁྱད་པར་རེད། གཡུང་དྲུང་བོན་དང་སྟོན་པ་ཤཱཀྱ་ཐུབ་པའི་སངས་རྒྱས་ཆོས་ལུགས་ལ་ལྟ་བའི་ཆ་ནས་མི་འདྲ་བའི་ཁྱད་པར་ཆེན་པོ་མི་འདུག བན་བོན་གཉིས་ཀྱི་ཁྱད་པར་ནི་ལས་འབྲས་དང་རྟེན་འབྲེལ། སྐྱེ་བ་སྔ་ཕྱི་རེད། བོད་ལ་སྔ་མོ་ནས་སྐད་ཆ་བཤད་སྟངས་མ་འདྲ་བ་མ་གཏོགས་སྐྱེ་བ་སྔ་ཕྱིའི་སྐད་ཆ་ཞིག་འདུག བན་བོན་གཉིས་ཀྱི་བསམ་བློའི་འདུ་ཤེས་ཀྱི་ཁྱད་པར་ལ་མཚོན་ན་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་པའི་བཀའ་བསྟན་ཁག་གི་བརྗོད་བྱ་དང་བསམ་བློའི་འདུ་ཤེས་ལ་ཁྱད་པར་ཆེན་པོ་འདུག དཔེ་བཞག་ན་བོད་འགྱུར་བཀའ་བསྟན་ཁག་ཏུ་ཁང་པ་རྒྱག་སྟངས་ཤིག་བཤད་ཀྱང་ཁང་པ་རྒྱག་སྟངས་དང་བཟོ་བཀོད། དེའི་བསམ་བློའི་འདུ་ཤེས་རྣམས་རྒྱ་གར་བའི་བསམ་བློའི་འདུ་ཤེས་ཡིན་པ་ལས་བོད་པའི་བསམ་བློའི་འདུ་ཤེས་བཅངས་ནས་བཤད་པ་ཞིག་མ་རེད། བོན་གཞུང་དུ་ཁང་པ་རྒྱག་སྟངས་ཤིག་བཤད་ན་བོད་པའི་བསམ་བློ་དང་བོད་པའི་བཟོ་བཀོད། བོད་པའི་འདུ་ཤེས་ཐོག་ཏུ་སྐད་ཆ་བཤད་ཀྱི་འདུག ཕྱི་རྒྱལ་གྱི་བོད་རིག་པའི་མཁས་པ་ཚོས་ཀྱང་བོད་ཡིག་གི་དཔེ་དེབ་ཁག་ལ་ཞིབ་འཇུག་བྱས་ནས་རྒྱ་གར་བའི་སྐད་ཆ་བཤད་སྟངས་དང་བསམ་བློའི་འདུ་ཤེས་མིན་པར་བོད་པ་རང་གི་སྐད་ཆ་བཤད་སྟངས་དང་བསམ་བློའི་འདུ་ཤེས་བཅངས་ནས་བཤད་པ་རྣམས་བཙལ་ཏེ་ཞིབ་འཇུག་བྱེད་ཀྱི་འདུག ངས་དཔྱད་རྩོམ་ཞིག་ཏུའང་དེ་ལྟར་བཀོད་ཡོད། བོད་པ་རང་གིས་སྐད་ཆ་བཤད་སྟངས་དང་བསམ་བློའི་འདུ་ཤེས་ཐོག་ཏུ་ཁང་པ་རྒྱག་སྟངས་ཀྱི་དཔེ་ཆ་ཡོད་དམ་ཞེས་ང་ལ་གཞན་གྱིས་དྲིས་མྱོང་། ངས་འཚོལ་ཞིབ་བྱས་དུས་བོན་པའི་དཔེ་ཆ་རྙིང་པ་ཞིག་རྙེད་བྱུང་། དངོས་གནས་བོད་རང་གི་ཐུན་མོང་མ་ཡིན་པའི་ཁང་པ་བཞེང་ལུགས་ཀྱི་བཞེད་ལུགས་ཤིག་འདུག བོན་པའི་དཔེ་ཆའི་ནང་དུ་རྒྱ་གར་བའི་ཤན་མ་ཞུགས་པར་ཞིང་པ་ཡིན་ན་གྲོ་ནེ་འདེབས་ལུགས་དང་འབྲོག་པ་ཡིན་ན་མར་ཕྱུར་བཟོ་ལུགས་སོགས་བོད་པ་རང་གི་བསམ་བློ་དང་བོད་པ་རང་གི་འདུ་ཤེས་འཁོད་པ་བོན་པའི་དཔེ་ཆ་ཁག་ཏུ་མང་བ་འདུག
བོན་དང་ཞང་ཞུང་གི་འབྲེལ་བ།
ཞང་ཞུང་ཟེར་དུས་གངས་ཏེ་སིའི་ཉེ་འཁོར་གྱི་ས་ཆ་རྣམས་ཡིན་ས་རེད། ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཡབ་གནམ་རུ་སྲོང་བཙན་དུས་སུ་བློན་པོ་ཁྱུང་པོ་སྤུངས་སད་ཟུ་ཙེས་ཞང་ཞུང་བོད་ཀྱི་མངའ་འོག་ཏུ་བསྡུས་པ་རེད། གནམ་རི་སྲོང་བཙན་དུས་སུ་བོད་ཀྱི་བཙན་པོ་རྣམས་ཡར་ཀླུང་དུ་བཞུགས། ཐོག་མར་ལྷོ་ནས་བྱང་དུ་རྒྱ་བསྐྱེད། ལྷ་ས་ནས་འཕན་པོ་བར་དུ་བོད་རྒྱལ་གྱི་མངའ་འོག་ཏུ་བསྡུས། ཁྱུང་པོ་སྤུངས་སད་ཟུ་ཙེས་གངས་ཏེ་སི་བར་དུ་རྒྱ་བསྐྱེད་ནས་ཞང་ཞུང་བོད་ཀྱི་མངའ་འོག་ཏུ་བསྡུས་པ་ཏུང་ཧོང་ཡིག་རྙིང་དུ་གསལ། ལོ་རྒྱུས་ཐོག་ཏུ་ཞང་ཞུང་གང་དུ་ཡོད་མེད་ཧ་གོ་ཐུབ་ཀྱི་འདུག ཡིན་ནའང་ཞང་ཞུང་ལ་མི་རིགས་ཤིག་ཡོད་པ་དང་མི་རིགས་དེར་སྐད་ཡིག་ཅིག་ཡོད་དགོས་ཀྱི་རེད། བོན་པའི་དཔེ་ཆའི་ནང་དུ་ཞང་ཞུང་སྐད་དུ་ཞེས་ཚིག་ཕྲེང་འགའ་རེ་འདོན་གྱི་རེད། ཞང་ཞུང་ལ་སྐད་ཡིག་ཅིག་ཡོད་པའང་ཤེས་ཀྱི་འདུག ཡིན་ནའང་དཀའ་ངལ་དེ་ཞང་ཞུང་སྐད་ཡིག་གི་བྱ་ཚིག་འགྲོ་སྟངས་དང་བརྡ་སྤྲོད་ཀྱི་འགྲོ་སྟངས་གསལ་པོ་ཞིག་མི་འདུག བྱ་ཚིག་འགྲོ་སྟངས་གསལ་པོ་ཞིག་རྙེད་ཀྱི་མི་འདུག དཔེར་ན་ང་ཕེ་རི་སི་ལ་འགྲོ་ཡི་ཡོད་ཟེར་དགོས་ན་ཞང་ཞུང་སྐད་དུ་འབྲི་ཐུབ་ཀྱི་མི་འདུག སྐད་རིགས་རིག་པ་ལྟར་ན་བྱ་ཚིག་ནི་ཤིན་ཏུ་གལ་ཆེན་པོ་རེད། ད་ལྟ་དེ་ལ་ཞིབ་འཇུག་བྱེད་བཞིན་པའི་སྒང་རེད། བོན་པོས་བཤད་སྟངས་ལ་སྟོན་པ་གཤེན་རབ་རྟགས་གཟིགས་འོལ་མོ་ལུང་དུ་བྱུང་བ་རེད་ཟེར། རྟགས་གཟིགས་འོལ་མོ་ལུང་ནི་བན་དེ་ཚོས་ཤམྦྷ་ལ་ཟེར་པ་ལྟར་རེད། མི་ཁག་ཅིག་གིས་ཨི་རན་ལ་སྟག་གཟིག་ཟེར་གྱི་རེད། ཡིན་ནའང་དག་ཆ་དེ་སྟག་གཟིག་མ་རེད། ཏ་ཟིག་རེད། དེ་རྒྱ་སྐད་ནས་ཕྱུང་བ་རེད་ཟེར། གང་ལྟར་སྐད་ཆ་བཤད་ལུགས་མང་པོ་ཞིག་འདུག དེ་འདྲ་ཡིན་ན་ཞང་ཞུང་དང་རྟགས་གཟིགས་འོལ་མོ་ལུང་གཉིས་ཁ་ཁ་ཡིན་པ་ཞིག་རེད། དེ་ལ་རྙོག་གྲ་ཚ་ཐག་ཆོད་ཅིག་འདུག དེང་སང་ཞང་ཞུང་གི་རིག་གནས་དང་ཞང་ཞུང་གི་ཤེས་རིག་ཅེས་ལྷ་ས་སོགས་ལ་ཚོགས་འདུ་མང་པོ་ཞིག་འཚོགས་ཀྱི་འདུག ང་ཡང་པེ་ཅིང་ལ་ཞང་ཞུང་གི་ཚོགས་འདུ་ཞིག་ལ་ཕྱིན་པ་ཡིན། ཞང་ཞུང་གི་རིག་གནས་ཞེས་གནའ་རྫས་མང་པོ་སྟོན་གྱི་འདུག དེ་ཚོ་ཚང་མ་བརྒྱ་ཆ་བརྒྱ་ཐམ་པ་ཁས་ལེན་ཐུབ་རྒྱུ་ཁག་པོ་འདུག དེང་སང་རིག་གནས་གསར་པ་བཟོ་འདྲ་ཞིག་བཤད་རྒྱུ་མང་པོ་དང་གལ་ཆེན་པོ་ཞིག་ཆགས་འདུག
ཞང་ཞུང་སྨར་ཡིག་དང་བོད་ཡིག
ཁྱེད་རང་གིས་བཤད་པ་ལྟར་བཞེད་ལུགས་མི་འདྲ་བ་མང་པོ་ཞིག་འདུག ངས་བལྟས་ན་བོད་ཡིག་ནི་སྨར་ཡིག་ལས་ཕྱུང་བ་རེད་ཟེར་པ་དེར་སྒྲུབ་བྱེད་ཡག་པོ་ཞིག་རྙེད་རྒྱུ་ཧ་ཅང་དཀའ་ལས་ཁག་པོ་རེད། སྨར་ཡིག་གང་ནས་ཕྱུང་བ་བཤད་ཁག་པོ་དང་སྨར་ཡིག་བྲིས་ཡོད་པ་རྙེད་ཁག་པོ་རེད། དེང་སང་བོན་པོ་ཚོས་སྨར་ཡིག་བཀོལ་སྤྱོད་གཏོང་གི་འདུག སྨར་ཡིག་ཏུ་བྲིས་པ་ཞིག་བྱུང་མྱོང་ཡོད་པ་མ་རེད་ཟེར་ཁག་པོ་འདུག ཡིན་ནའང་ད་ལྟའི་བར་དུ་སྨར་ཡིག་ལ་བྲིས་པ་ཚིག་ཕྲེང་འགའ་རེ་མ་གཏོགས་མཐོང་མ་མྱོང་། གནའ་རྫས་རིག་པའི་ཐོག་ནས་དུས་རབས་༡༡་པའི་ཡན་ཆད་དུ་སྨར་ཡིག་ཡོད་མེད་ཀྱི་སྐད་ཆ་བཤད་ཐུབ་རྒྱུ་ཁག་པོ་འདུག བོན་པོའི་དཔེ་ཆའི་ནང་དུ་ཞང་ཞུང་སྨར་ཡིག་བྲིས་པ་ཁག་ཅིག་ཡོད་པ་གཞི་རྩར་བཞག་སྟེ་སྨར་ཡིག་ཡོད་པ་རེད་ཟེར་རྒྱུ་ནི་ཁག་པོ་འདུག ཏུང་ཧོང་ཡིག་རྙིང་ལྟར་ན་རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་སུ་ཡི་གེ་མེད་པའི་ཡེ་གི་གསར་དུ་ཚུགས་རེད་ཟེར་གྱི་འདུག ལོ་རྒྱུས་ཀྱི་ཐོག་ནས་ཕལ་ཆེར་དེ་འདྲ་ཞིག་མིན་ནམ། སྲོང་བཙན་གྱི་སྲིང་མོ་སན་མར་དཀར་ཞང་ཞུང་རྒྱལ་པོ་ལིག་མི་ཧྱ་ལ་བག་མར་བརྫངས། བློན་པོ་ཞིག་ཞང་ཞུང་ལ་སན་མར་དཀར་ཇི་ལྟར་བཞུགས་ཡོད་མེད་བལྟ་རུ་མངགས་པ་རེད། ཁོ་མོ་ཁྱོ་ག་དང་དགའ་བོ་དེ་ཙམ་མ་བྱུང་བར་གླུ་ཞིག་བླངས་པ་ནི་སྐད་གྲགས་ཆེན་པོ་རེད། བློན་པོས་གླུ་ཚིག་རྣམས་ཡིག་ཐོག་ཏུ་ཕབ་ནས་གནས་ཚུལ་ཞིག་བཏང་བ་རེད་ཟེར། དེ་ལ་ངས་ཡི་གེ་ཞིག་བྲིས་པ་ཡིན་ན་ཡི་གེ་ཞིག་ཡོད་པ་ཐག་ཆོད་རེད། ཡི་གེ་མེད་ན་ཡི་གེ་འབྲི་ཐུབ་རྒྱུ་མ་རེད། དེ་ནི་དཔེ་ཆ་རྙིང་པ་རྙིང་པ་རེད། དེ་འདྲ་ཡིན་ན་སྲོང་བཙན་དུས་སུ་ཡི་གེ་ཞིག་ཡོད་པ་ཐག་ཆོད་རེད། ཡིན་ནའང་ཏུང་ཧོང་ཡིག་རྙིང་དུ་སྲོང་བཙན་གྱི་རྣམ་ཐར་བྲིས་དུས་ཡི་གེ་མེད་པའི་ཡི་གེ་གསར་དུ་ཚུགས་ཞེས་བཀོད་འདུག དེ་ལ་དངོས་འགལ་ཞིག་འདུག ནང་འགལ་དེ་སེལ་ཐུབ་ཀྱི་མི་འདུག
གྲི་གུམ་བཙན་པོའི་དུས་སུ་བོན་ལ་ཉམས་ཉེས་བྱུང་དོན།
དྲི་བ་དེ་ཡག་པོ་འདུག འོན་ཀྱང་སྐད་ཆ་བཤད་ཁག་པོ་འདུག བོན་པོའི་དཔེ་ཆའི་ནང་དུ་རྒྱལ་པོ་དང་བླ་མཆོད་དམ། སྐུ་གཤེན་ཚོའི་བར་དུ་འགལ་ཟླ་བྱུང་། སྐུ་གཤེན་ཚོས་ཆབ་སྲིད་ལ་ཐེ་གཏོགས་བྱས་ནས་རྒྱལ་པོ་དང་བླ་མཆོད་ཚོའི་བར་དུ་འགལ་ཟླ་བྱུང་བ་རེད་ཅེས་སྐད་ཆ་ཞིག་འདུག ཡིན་ནའང་ཏུང་ཧོང་ཡིག་རྙིང་དུ་རྒྱལ་པོ་གྲི་གུམ་བཙན་པོའི་རྣམ་ཐར་མདོར་བསྡུས་ཤིག་ཡོད་པ་ཧ་ཅང་གསལ་པོ་རེད། དེའི་ནང་དུ་རྒྱལ་པོ་དང་བླ་མཆོད་ཚོར་འགལ་ཟླ་བྱུང་བ་གཏན་ནས་འཁོད་མི་འདུག དེ་ལ་ང་ཡང་དོགས་པ་ཞིག་སྐྱེས་བྱུང་། དེ་འདྲའི་གནད་དོན་གལ་ཆེན་པོ་ཞིག་ཡིན་ན་ཚིག་གཅིག་ཀྱང་འཁོད་མེད་དོན་ཅི་ཞིག་ཡིན་ནམ་བསམས་བྱུང་། ཁྱེད་རང་གིས་བཤད་པ་ལྟར་གྲི་གུམ་བཙན་པོའི་དུས་སུ་བོན་བསྣུབས་པ་རེད་ཅེས་སྐད་ཆ་བཤད་ལུགས་ཤིག་འདུག ཕྱིས་སུ་ཁྲི་སྲོང་གི་དུས་སུའང་འགལ་ཟླ་བྱུང་བ་རེད་ཅེས་སྦ་བཞེད་ནང་དུ་གསལ་འདུག དེས་ན་རྩོད་པ་དེ་འདྲ་ཞིག་བྱུང་ཡོད་པ་འདྲ།
བོད་པ་ཚོས་བོན་ཆོས་བཞག་སྟེ་ནང་ཆོས་ལ་དད་པ་བྱས་དོན།
སྲོང་བཙན་དུས་སུ་བོད་ཀྱི་རྒྱལ་རབས་ཀྱི་རྩ་བ་བརྟན་པོ་ཡག་པོ་ཞིག་ཚུགས་འདུག རྒྱལ་སྤྱིའི་ཐོག་ཏུ་བོད་ཁམས་སྙན་གྲགས་ཆེན་པོ་ཆགས་ཏེ་རྒྱ་བཟའ་དང་བལ་བཟའ་ཁབ་ཏུ་བཞེས། བོད་ལ་སངས་རྒྱས་ཆོས་ལུགས་དར་འགོ་ཚུགས་འདུག ཡིན་ནའང་རྒྱལ་པོ་དང་རྒྱལ་པོའི་སྐུ་འཁོར། བློན་པོ་དང་སྐུ་དྲག་ཚོའི་གྲས་སུ་སངས་རྒྱས་ཆོས་ལུགས་དར་པ་མ་གཏོགས་དམངས་ཁྲོད་དུ་སངས་རྒྱས་ཆོས་ལུགས་དར་པ་རེད་ཟེར་རྒྱུ་ཧ་ཅང་དཀའ་ལས་ཁག་པོ་རེད། བཙུན་མོ་རྣམས་བཞེས་ནས་ནང་པའི་ལྷ་ཁང་བཞེངས། བོད་རྒྱལ་ཁབ་ཆེན་པོ་རྒྱལ་སྤྱིའི་རྣམ་པ་ཞིག་ལ་གྱུར་འདུག དེའི་སྔོན་ལ་བོན་གྱི་དུས་སུ་རྒྱལ་པོ་རེ་ལ་སྐུ་གཤེན་རེ་དང་སྐུ་གཤེན་དེ་ཚོས་རྒྱལ་པོའི་བླ་ལ་སྲུང་སྐྱོབ་དང་སྐུ་ཚེ་རིང་པོར་བཞུགས་པར་ཞབས་བརྟན་བསྒྲུབས་པ། རྒྱལ་པོ་སྐུ་གཤེགས་ན་བང་སོ་བཞེང་དགོས་འདུག རྒྱལ་པོའི་བང་སོ་བཞེངས་ནས་དུར་མཆོད་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག རྒྱལ་པོ་ཁག་ཅིག་སྐུ་མ་གྲོངས་གོང་དུ་བང་སོ་བཞེངས་ཟིན། སྐུ་གཤེགས་དུས་བློན་པོ་རྣམས་ཀྱང་མཉམ་དུ་འཆི་དགོས་པ་དེ་འདྲ་བྱུང་འདུག རྟ་ལུག་མང་པོ་བསད་ནས་དུར་དུ་སྦས་པའང་བྱུང་འདུག བང་སོ་བཞེངས་པ་དང་སྐུ་གཤེན་གྱི་རིམ་པ་རྣམས་ཏུང་ཧོང་ཡིག་རྙིང་དུ་གསལ་འདུག ཡིད་ཆེས་བྱ་ཡུལ་གཙོ་བོ་ནི་རྒྱལ་པོ་རྣམས་ལྷ་ལས་བབས་པའི་ལྷའི་རྒྱུད་པར་བཞེད། བོད་ཀྱི་རྒྱལ་པོར་བྱིན་དང་འཕྲུལ་གྱི་ནུས་པ་ཡོད་པར་བརྩིས། ཕྱིས་སུ་བྱིན་ནི་བྱིན་རླབས་ལ་འགྱུར། འཕྲུལ་ནི་རྫུ་འཕྲུལ་ལ་འགྱུར་ཏེ་ཆོས་ཀྱི་བྱིན་རླབས་དང་སྟོན་པ་ཤཱཀྱ་ཐུབ་པའི་རྫུ་འཕྲུལ་ལ་སྦྱར་ནས་གོ་དོན་ལོགས་སུ་སོང་འདུག བོན་པོ་ཚོས་གཉའ་ཁྲི་བཙན་པོ་ནས་བཟུང་སྟེ་བོད་ཀྱི་རྒྱལ་པོ་རྣམས་ཕྱྭ་དང་དམུ་ཞེས་གཉིས་ཡོད་པའི་གྲས་ཀྱི་ཕྱྭའི་རྒྱུད་པ་ཡིན། གནམ་རིམ་པ་དགུའི་སྟེང་དུ་བཞུགས་ཡོད། རྒྱལ་པོ་རྣམས་ནི་ཕྱྭའི་ཡང་ཕྱྭ་ཡིན་ཞེས་བཞེད་སྲོལ་ཡོད་པ་ནི་དབོན་ཞང་རྡོ་རིང་དུ་བཀོད་འདུག ཀོང་པོར་རྡོ་རིང་ཞིག་རྙེད་པ་དེའི་སྟེང་དུའང་བོད་ཀྱི་རྒྱལ་པོ་རྣམས་ཕྱྭའི་རྒྱུད་པ་ཡིན་ཞེས་བཀོད་འདུག བོད་རྒྱལ་རྣམས་མི་དཀྱུས་མ་དང་མི་འདྲ་བར་དམག་ལ་དཔའ་བ། བློན་པོ་རྣམས་གློ་བ་ཉེ་དགོས་པ་སོགས་རེད་འདུག རྒྱལ་པོར་གློ་བ་ལོག་ན་གསོད་རྒྱུ་མ་གཏོགས་མི་འདུག ང་ཚོའི་རྒྱལ་པོ་རྣམས་དེ་འདྲའི་དབང་ཐང་ཆེན་པོ་རེད་འདུག
བོད་ཀྱི་ལོ་རྒྱུས་ཞིབ་འཇུག་ལ་གལ་གནད་ཆེ་བའི་བོན་དཔེ།
དྲི་བ་དེ་ཤིན་ཏུ་ལེགས། བོན་པོའི་དཔེ་ཆ་དུས་རབས་༡༡་པ་དང་དུས་རབས་༡༠་པའི་ཡར་སྔོན་དུ་བྲིས་ཡོད་པ་རྙེད་ཐུབ་རྒྱུ་རྦད་དེ་དཀའ་ལས་ཁག་པོ་འདུག ད་ལྟའི་བར་དུ་བཙལ་ཀྱང་རྙེད་མ་སོང་། བོན་དཔེ་ཡོད་པ་རྣམས་ནི་ཏུང་ཧོང་ཡིག་རྙིང་དུ་འདུག་ཀྱང་ལོ་རྒྱུས་ཆ་ཚང་བ་ཞིག་མི་འདུག རྒྱལ་པོ་གཉའ་ཁྲི་བཙན་པོ་ག་དུས་བྱོན་པ་རེད། རྒྱུད་པ་ཅི་ཞིག་རེད་ཟེར་པ་སོགས་མང་པོ་ཞིག་བཤད་ཡོང་གི་འདུག དེ་དག་ཐམས་ཅད་བོན་གྱི་ལུགས་སྲོལ་ལྟར་བཤད་ཡོད་རྒྱུ་རེད་བསམས་ཀྱང་མང་པོ་དེ་ཙམ་མི་འདུག ང་ཚོའི་བོད་ལ་བོན་པོ་གཅིག་པུ་མ་རེད། བན་དེ་ལའང་དུས་རབས་༡༡་པའི་ཡར་སྔོན་གྱི་དཔེ་ཆ་མི་འདུག རྒྱལ་རབས་དང་ཆོས་འབྱུང་རྣམས་དུས་རབས་༡༠་པའི་ཡར་ཆད་ལ་ཁུངས་འདེད་ཐུབ་ཀྱི་མི་འདུག དེའི་རྒྱུ་རྐྱེན་ཅི་ཡིན་བཤད་ཁག་པོ་འདུག རྒྱལ་པོ་གླང་དར་དུས་སུ་ཟིང་ཆེན་པོ་ལངས་ནས་དཔེ་ཆ་མང་པོ་ཞིག་མེད་པར་བཟོས་པ་རེད་ཟེར་གྱི་འདུག་ཀྱང་བདེན་པ་ཡིན་མིན་ནི་མི་ཤེས། ལུང་པ་གཞན་ལྟར་ང་ཚོའི་བོད་ལ་གནའ་རྫས་རིག་པས་བརྟག་དཔྱད་ཡག་པོ་ཞིག་འགོ་ཚུགས་ཐུབ་མི་འདུག གནའ་རྫས་རིག་པས་བརྟག་དཔྱད་ཡག་པོ་ཞིག་བྱེད་ཐུབ་ན་འདྲ་མི་འདྲ་མང་པོ་ཞིག་འཐོན་སྲིད། འཕྱོངས་རྒྱས་ཀྱི་བཙན་པོའི་བང་སོ་ཁག་ལ་གནའ་རྫས་རིག་པས་བརྟག་དཔྱད་བྱེད་ཐུབ་ཀྱི་ཡོད་པ་མ་རེད། བརྟག་དཔྱད་བྱེད་ན་ཅ་ལག་དང་ཡིག་རྙིང་སོགས་འཐོན་སྲིད་པ་རེད། བོན་གཞུང་དུ་ལོ་རྒྱུས་ཁོ་ནར་དམིགས་ནས་བྲིས་ཡོད་པ་དཀོན་པོ་རེད། སྟོན་པ་གཤེན་རབ་ཀྱི་ལོ་རྒྱུས་ལ་མཚོན་ན་མདོ་གཟེར་མིག་ཟེར་པ་ཞིག་ཡོད་པ་རེད། དེ་ནི་རྒྱ་ཆེན་རོལ་པའི་མདོ་དང་འདྲ་བོ་ཞིག་རེད། དོན་དག་སྙིང་པོ་དེ་སྟོན་པ་གཤེན་རབ་ཀྱི་རྣམ་ཐར་འདྲ་བོ་ཞིག་རེད་འདུག སྟོན་པ་གཤེན་རབ་ཀྱི་རྣམ་ཐར་གསུམ་ཡོད་པ་དེའི་ནང་གི་གཉིས་པ་དེ་ཡིན་པ་ཡོད་སྙམ། དེའི་ནང་ལ་ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱིའི་སྐད་ཆ་བཤད་ཀྱི་འདུག ཡིན་ནའང་སྐད་ཆ་བཤད་ལུགས་དེ་བོད་རང་གི་བསམ་བློ་དང་འདུ་ཤེས་ཤིག་འཁྱེར་ནས་བཤད་ཀྱི་འདུག བོན་གྱི་དཔེ་ཆའི་ནང་དུ་བོད་པའི་བསམ་བློ་དང་བོད་པའི་འདུ་ཤེས་ཀྱི་སྐད་ཆ་བཤད་པ་མང་པོ་ཞིག་མཉན་རྒྱུ་འདུག འདི་ནི་དཔེ་མཚོན་ཙམ་ཡིན། དཔེ་ཆ་གཞན་པའང་མང་པོ་འདུག
བོད་ཀྱི་ཆོས་རྒྱུད་ཁག་གི་གྲས་སུ་བོན་པོ་ཚུད་སྟངས།
ང་ཚོའི་བོད་ལ་རྒྱལ་དབང་ལྔ་པའི་དུས་སུ་བོན་པོ་བོད་ཀྱི་ཆོས་ལུགས་ཁག་གི་གྲས་སུ་ཚུད་པ་བྱུང་འདུག ༡༧༦༩་ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོ་སྡེ་སྲིད་ལ་བསྐོས། ༧གོང་ས་ལྔ་པས་བཀའ་གཙིགས་འདྲ་བོ་ཞིག་བརྩམས་པ་དེའི་ནང་དུ་གསང་སྔགས་འཆང་པ་གཡུང་དྲུང་བོན་ཞེས་བོད་རང་གི་ཆོས་ལུགས་ཤིག་ཡིན་པ་དང་གཞུང་ལ་བརྟེན་པའི་ཆོས་ལུགས་ཤིག་ཡིན་པའི་སྐད་ཆ་ཞིག་འདུག དུས་དེ་ནས་བཟུང་སྟེ་བོད་རང་གི་ཆོས་རྒྱུད་ཁག་གི་ཁོངས་སུ་ཡོད་པ་ཏན་ཏན་རེད་འདུག ༧གོང་ས་ལྔ་པ་སྐུ་འཚོ་བཞུགས་དུས་སུ་བོན་ཆོས་གལ་ཆེན་དུ་ཆགས་འདུག པོ་ཏ་ལ་བཞེངས་དུས་བོན་པོ་འགའ་བོས་ནས་ས་ཆོག་བསྒྲུབ་ཏུ་བཅུག་པ་རེད་ཟེར་པའི་སྐད་ཆ་ཡང་འདུག པོ་ཏ་ལའི་དཔེ་མཛོད་ཁང་དུ་བོན་གྱི་དཔེ་ཆ་མང་པོ་འདུག དཔེ་ཆ་གྲངས་ཀ་ཅི་ཙམ་ཡོད་མེད་ནི་མི་ཤེས། ངས་འགའ་ཞིག་མཐོང་བ་དེ་ཚོར་དཀར་ཆག་བསྒྲིག་ཐུབ་མི་འདུག རྒྱ་གར་དུ་བོན་པོ་བོད་ཀྱི་ཆོས་རྒྱུད་ཁག་གི་ཁོངས་སུ་ཇི་ལྟར་ཚུད་པ་ཡིན་མིན་ང་ལ་རྒྱུས་མངའ་དེ་ཙམ་མེད། ༡༩༦༩་ཡས་མས་སུ་སངས་རྒྱས་བསྟན་འཛིན་ལགས་མཁན་པོར་བསྐོས་སོང་། དེ་ནས་ཁོང་རྒྱལ་བ་རིན་པོ་ཆེའི་སྐུ་མདུན་ལ་བཅར་ནས་བོན་པོ་བོད་ཀྱི་ཆོས་རྒྱུད་ཁག་གི་ཁོངས་སུ་ཚུད་དགོས་ཀྱི་འདུག་ཅེས་སྙན་སེང་ཞུས་པ་རེད་ཟེར་པ་མ་གཏོགས་ང་ལ་ཞུ་རྒྱུ་ཅང་མེད།།
བོད་པའི་ཉིན་རེའི་འཚོ་བར་བོན་སྲོལ་རྒྱུན་འཇགས།
སྤྱིར་བོད་པ་ཚོས་སངས་རྒྱས་ཆོས་ལུགས་ལ་ནང་པ་ཟེར་གྱི་འདུག ནང་པ་ཟེར་པའི་ཚིག་དེར་ང་འཐད་པོ་དེ་ཙམ་མེད། ནང་པ་ཟེར་དུས་ཕྱི་པ་ཞིག་ཀྱང་ཡོང་དགོས་ཀྱི་རེད། ཕྱི་ནང་གཉིས་ཀྱི་དབྱེ་བ་ཞིག་འབྱེད་དགོས་ཀྱི་རེད། ནང་པ་ཟེར་དུས་ཡག་ག་ཞིག་དང་ཕྱི་པ་ཟེར་དུས་དེ་ཙམ་ཁས་ལེན་མི་ཐུབ་པ་ཞིག་ལ་གོ་བ་ལེན་གྱི་འདུག བོད་ཀྱི་ཆོས་ལུགས་ནི་བླ་མའི་ཆོས་ལུགས་རེད། བླ་མའི་འགྲོ་ལུགས་ལྟ་བུར་གྱུར་པ་རེད་ཅེས་སིངྒ་ལ་དང་ཐེ་ལན་ཌི་སོགས་ཀྱིས་བོད་པའི་ཆོས་ལུགས་དེ་སངས་རྒྱས་ཆོས་ལུགས་གཙང་མ་ཞིག་ཨེ་ཡིན་སྙམ་པའི་དོགས་པ་བྱེད་ཀྱི་འདུག བོད་ཀྱི་རྒྱས་སངས་ཆོས་ལུགས་དེ་རྒྱ་གར་ནས་དར་པའི་སངས་རྒྱས་ཆོས་ལུགས་ཡང་དག་པ་ཞིག་མ་རེད། དེ་ནི་བོན་གྱི་ཆོས་ལུགས་ལ་འདྲེས་ཡོད་པ་རེད་ཟེར་མཁན་ཡང་མང་པོ་ཞིག་ཡོང་གི་འདུག བོད་པའི་ཉིན་རེའི་འཚོ་བར་མཚོན་ན་གཡང་འགུག་བྱེད་པ་དང་གཡང་ཆོག་འདོན་པ། ལྷ་གསོལ་བ་དང་ཀླུ་ཆོག་འདོན་པ། ཚེ་བསྲིང་པར་ཚེ་ཆོག་སྒྲུབ་པ། ཁོར་ཡུག་སྲུང་སྐྱོབ་ལའང་གལ་ཆེན་པོ་འདུག རི་ལ་ཤིང་བཅད་པ་དང་ས་བརྐོས་པ། རྡོ་སློག་པ། མཚོ་དང་མཚེའུ་ལ་མི་གཙང་བ་བླུགས་པ། ཆུ་ཀླུང་ལ་མི་གཙང་བ་འཕོས་ན་མི་འགྲིག་ཟེར་ནས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་པོ་བརྩིས་འདུག ད་ཅི་གོང་དུ་ཞུས་པ་ལྟར་མོ་དང་རྩིས། གཏོ་དང་ཕྱྭ་སོགས་ཀྱང་གཅིག་མཚུངས་ཀྱིས་གལ་འགངས་ཆེན་པོ་རེད་འདུག

XS
SM
MD
LG