ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༡༢/༡༧

བལ་ཡུལ་དུ་སྔར་རྒྱུན་བཞིན་གསུམ་བཅུའི་དུས་དྲན་བཀག་སྡོམ་བྱས་འདུག


འདི་གའི་བལ་ཡུལ་གྱི་རྒྱལ་ས་ཀ་ཐན་མན་གྲུ་ནང་གཞུང་འབྲེལ་དུས་ཆེན་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༥ པ་དེ་སྲུང་བརྩི་བྱ་རྒྱུར་བལ་ཡུལ་གཞུང་གིས་བཀག་འགོག་གིས་བོད་མི་འདུས་སྡོད་ཀྱི་ས་གནས་ཡོངས་སུ་དམག་མི་འགྲེམས་འཇོག་སོགས་བྱས་ཡོད་པ་རེད་འདུག།

འགྲོ་བ་མིའི་ཐོབ་ཐང་གི་རྒན་བཟང་པོ་ལགས་ཀྱིས་གནས་སྟངས་དང་འབྲེལ་བའི་སྐོར་ལ་གསུང་དོན། གཙོ་བོ་དེ་སྔར་ཡིན་ན་ཆོས་ཕྱོགས་དང་འབྲེལ་བའི་སྒོ་ནས་གཞུང་འབྲེལ་མཛད་སྒོ་འཚོགས་ཆོག་གི་རེད་མོད། ༢༠༢༠ ལོ་ཡས་མས་ནས་བཟུང་སྟེ། བཀག་འགོག་གིས་གཏན་ནས་འཚོགས་འཇུག་གི་ཡོད་པ་མ་རེད། དེ་ཡང་རྒྱ་ནག་གཞུང་གིས་གནོན་ཤུགས་ཀྱི་རྐྱེན་པས་བལ་ཡུལ་གཞུང་གིས་བཀག་འགོག་བྱས་པ་རེད། དེ་རིང་ཡིན་ན་རྒྱལ་སའི་མངའ་ཁུལ་གྱི་བོད་མི་འདུས་སྡོད་ཀྱི་ས་གནས་ཡོངས་སུ་དམག་མི་ཕོན་ཆེན་འགྲེམ་འཇོག་བྱས་ནས་བཞག་འདུག་ཅེས་བརྗོད་སོང་།

གཞན་ཡང་དོན་གཅོད་ལས་ཁུངས་ནས་ཡོངས་ཁྱབས་གསལ་སྒྲགས་ཡི་གེ་ཞིག་ཉིན་ཤས་གོང་སྤེལ་དོན་ནང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༥ པ་གཞུང་འབྲེལ་མཛད་སྒོ་སྲུང་བརྩི་ཞུ་རྒྱུར་བལ་ཡུལ་གཞུང་ནས་ཆོག་མཆན་བཀའ་འཁྲོལ་གནང་སྲོལ་མེད་པ་ལྟར། སྔར་རྒྱུན་བཞིན་རང་རེའི་བོད་མི་ཡོངས་ནས་གནས་ཡུལ་གཞུང་གི་ཁྲིམས་སྒྲིག་གཉིས་ལ་འགལ་བའི་ལས་འགུལ་རིགས་སྤེལ་གནང་མི་ཡོང་བའི་འབོད་སྐུལ་དང་སྦྲགས་བོད་མི་རྣམས་ནས་དུས་དྲན་ཉིན་མཆོད་འབུལ་སྨོན་ལམ་གསུང་འདོན་ལ་སོགས་པའི་རྣམ་དཀར་དགེ་བའི་ལས་ལ་མངོན་པར་འབད་གནང་ཡོང་བའི་ཡོངས་ཁྱབས་གསལ་སྒྲགས་སྤེལ་བ་ཡིན་པ་མཁོད་ཡོད་པ་རེད་འདུག།

དེ་དང་ཆབས་ཅིག་མཆོད་རྟེན་ཉེ་འགྲམ་གྱི་ལ་སྟོད་ཤེལ་དཀར་ཆོས་སྡེ་ཡིས་སྒོ་ཆེན་ཁར་དམག་མི་མང་པོ་འགྲེམ་འཇོག་གིས་དགེ་འདུན་པའི་འགྲོ་འདུག་སོགས་ལ་ལྟ་རྟོག་དང་འདྲི་བརྩད་བྱས་བའི་སྐབས་སུ་དགེ་འདུན་པ་ཞིག་གིས་བརྗོད་དོན་གཙོ་བོ་དེ་རིང་ཞོགས་པ་ནས་དགོན་པའི་སྒོ་ཆེན་ཁར་དམག་མི་མང་པོ་བཀྲམས་འདུག། ཁོང་གིས་རྒྱབ་ཏུ་ཁུག་མ་ནག་པོ་ཞིག་ཁུར་ནས་འགྲོ་བཞིན་པའི་སྐབས་སུ་དམག་མི་འགའ་སླེབས་ནས་ཁོའི་རྒྱབ་ཁུག་ནང་བསྔོག་བཤེར་བྱས་པར་མ་ཟད། གང་དུ་འགྲོ་མིན་སོགས་འདྲི་བརྩད་བྱས་སོང་། དམག་མིའི་བྱེད་སྟངས་ཀྱིས་ཁོང་ལ་དངངས་སྐྲག་ཀྱང་སླེབས་སོང་། ཡིན་ནའང་། གཅར་རྡུང་འདྲ་ཅི་ཡང་བྱས་མ་སོང་ཅེས་ཟེར།

འདིར་ཞོགས་པ་སྔ་མོ་ནས་བཟུང་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་མཐའ་རུ་དམག་ཆས་གྱོན་ཡོད་མེད་ཀྱི་དམག་མི་མང་པོའི་ལག་དུ་འགོག་རྒོལ་བྱེད་སྤྱད་སོགས་བཟུང་ནས་དམ་དྲག་དང་མཆོད་འཇོར་ལས་ཁུངས་སྒོ་ཁ་དང་ལ་སྟོད་ཤེལ་དཀར་དགོན་པའི་སྒོ་ཁ་། དོན་གཅོད་ལས་ཁུངས་སྒོ་འགྲམ་སོགས་སུ་དམག་མི་འགྲེམས་འཇོག་གིས་མང་ཚོགས་ཀྱི་འགྲོ་འོང་ལ་བཀག་སྡོམ་དང་འདྲི་རྩད་སོགས་བྱེད་བཞིན་ཡོད་པ་རེད། དམིགས་བསལ་ད་ལོར་ཡང་བལ་ཡུལ་ནང་གཞུང་འབྲེལ་མཛད་སྒོ་འཚོགས་མ་བཅུག་ཀྱང་། བོད་མི་ཚོའི་ངོས་ནས་རང་རང་གི་ཟ་ཁང་དང་ཚོང་ཁང་སྒོ་བརྒྱབ་སྟེ། དེ་རིང་གི་ཉིན་མོ་འདིར་མྱ་ངན་གྱི་རྣམ་པ་བསྟན་ནས་དུས་ཆེན་སྲུང་བརྩི་བྱས་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

གླེང་སྟེགས།

XS
SM
MD
LG