མི་གྲངས་ཁྲི་འགའ་ཤས་ཐེ་ཝན་གྱི་ལྷོ་ཕྱོགས་སུ་འདུ་འཛོམས་ཀྱིས། སྤྱི་ཚེས་༧ ཉིན་སྲིད་འཛིན་འོས་མི་གསུམ་པོས་སྤེལ་བའི་གཟའ་མཇུག་ཆེན་མོ་ཞེས་པའི་འོས་བསྡུའི་ལས་འགུལ་ལ་མཉམ་ཞུགས་བྱས་ཏེ། སྤྱི་ཟླ་དང་པོའི་ཚེས་༡༣ ཉིན་གྱི་འོས་བསྡུའི་སྔོན་གྱི་གལ་གནད་ཆེ་བའི་གཟའ་མཇུག་མཐའ་མ་དེར་འོས་ཤོག་ཐོབ་ཐབས་ཀྱི་ལས་འགུལ་སྤེལ་ཡོད་ཅིང་། སྲིད་འཛིན་ལས་ཐོག་ལྕམ་ཚའེ་དབྱིན་ཝེན་མཆོག་ེདང་སྲིད་འཛིན་ཟུར་པ་མཱ་དབྱིན་ཇིའུ་སོགས་ཐེ་ཝན་ནང་གི་སྲིད་དོན་མི་སྣ་གྲགས་ཅན་འགའ་ཤས་ཀྱང་གནས་དེར་ཆེད་ཕེབས་ཀྱིས་མཉམ་བཞུགས་གནང་འདུག།
དམངས་གཙོ་ཡར་ཐོན་ཚོགས་པ་དང་གོ་མིན་ཏང་ཚོགས་པས་བརྗོད་དོན་ལྟར་ན། ཁོ་ཚོས་སྤེལ་བའི་ལས་འགུལ་ལ་ལྟད་མོ་བ་འབུམ་གཅིག་དང་ཁྲི་གཉིས་ཙམ་སླེབས་ཡོད་པ་དང་། ཡང་མི་དམངས་ཚོགས་པས་ཁོ་ཚོའི་ལས་འགུལ་ལ་དྲ་ཐོག་ནས་ལྟད་མོ་ལྟ་མཁན་མི་འབུམ་གཅིག་དང་ཁྲི་གཅིག་ལྷག་བརྒལ་ཡོད་པ་རེད། ཅེས་བརྗོད་འདུག། གོ་མིན་ཏང་གིས་སྲིད་འཛིན་ཟུར་པ་མཱ་དབྱིན་ཇིའུ་དང་། གོ་མིན་ཏང་གི་གཙོ་འཛིན་ཀྲུའུ་ལི་ལོན། ཀའོ་ཤུང་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་པ་ཧན་གོ་ཡུས་སོགས་གདན་ཞུས་བྱས་འདུག།
དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ལའེ་ཆིང་ཏེ་ལགས་ཀྱིས། འདས་པའི་ལོ་༨ ཙམ་གྱི་རིང་སྲིད་འཛིན་ལས་ཐོག་ལྕམ་ཚའེ་དབྱིན་ཝེན་མཆོག་གིས་འགོ་ཁྲིད་འོག། ཐེ་ཝན་དེ་བཞིན་ཡང་དག་པའི་ལམ་ཁར་བསྐྱོད་དེ་དཔལ་འབྱོར་ཐོག་ནས་རྒྱ་ནག་ལ་བསྟུན་རྒྱུ་ཉུང་དུ་བཏང་ཐུབ་ཡོད་པར་མ་ཟད། རང་སྲུང་ལ་ཤུགས་སྣོན་གྱིས་འཛམ་གླིང་གི་རང་དབང་དམངས་གཙོའི་ལམ་ཁ་ལ་ཁྲིད་ཡོད་པས། ཁོང་རང་ཉིད་དང་སྲིད་འཛིན་གཞོན་པའི་འོས་མི་ལྕམ་ཤའོ་མེ་ཆིང་གཉིས་ནས་སྲིད་འཛིན་ལས་ཐོག་ལྕམ་ཚེ་དབྱིན་ཝན་གྱིས་གཏོད་པའི་ལམ་ཁ་ལ་ཤར་བསྐྱོད་བྱས་ནས་ཐེ་ཝན་གྱི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱ་ངེས་ཡིན་ཞེས་ནན་བརྗོད་གནང་འདུག།
འོན་ཏེ་གོ་མིན་ཏང་གི་སྲིད་འཛིན་འོས་མི་ཧོ་ཡའོ་དབྱི་ལགས་ཀྱིས་གལ་སྲིད་དམངས་གཙོ་ཡར་ཐོན་ཚོགས་པས་མུ་མཐུད་ནས་སྲིད་དབང་བཟུང་པ་ཡིན་ན་ཐེ་ཝན་དེ་དམག་འཁྲུག་གི་ཉེན་ཁ་ནང་བརྫང་རྒྱུ་རེད་ཅེས་ཉེན་བརྡ་བཏང་སྟེ། གལ་སྲིད་ཁོང་རང་ཉིད་སྲིད་འཛིན་ལ་འདེམས་ཐོན་བྱུང་བ་ཡིན་ན། འཇོན་ནུས་ཡོད་པའི་མི་སྣ་མང་པོ་མཉམ་རུབ་ཀྱིས་མཉམ་འབྲེལ་གྱི་གཞུང་ཞིག་འཛུགས་རྒྱུ་ཡིན་པ་དང་། སྐབས་དེར་མི་དམངས་ཚོགས་པའི་འོས་མི་ཁེ་ཝེན་ཀྲེ་དང་ཀོ་ཐེ་མིང་རྣམ་གཉིས་གདན་འདྲེན་ཞུས་ནས་མི་དམངས་ཀྱི་ཡིད་ཆེད་འཕེར་ཆོག་པའི་གཞུང་ཞིག་འཛུགས་རྒྱུ་ཡིན་ཞེས་བསྒྲགས་འདུག།
གཞན་མི་དམངས་ཚོགས་པའི་སྲིད་འཛིན་འོས་མི་ཁེ་ཝེན་ཀྲེ་ལགས་ཀྱིས་གསུང་དོན་དུ། ཐེངས་འདིའི་འོས་བསྡུའི་ནང་ཚོས་གཞི་སྔོན་པོ་དང་ཚོས་གཞི་ལྗང་གུའི་རྩོད་གཞི་དོར་ནས། ཐེ་ཝན་ལ་སྲུང་སྐྱོབ་བྱ་རྒྱུ་གཙོ་འདོན་དང་། ཐེ་ཝན་གྱི་སྲིད་དོན་གྱི་ཁ་ཕྱོགས་གསར་པ་ཞིག་ལ་བསྐྱོད་དགོས་ཤིང་། སྔོན་པོ་དང་ལྗང་གུའི་རྩོད་པའི་འདམ་རྫབ་ནང་ལུས་མི་རུང་ཞེས་དང་། ཁོང་གིས་སྒྱུ་མ་མཁན་གྱི་སྤྲུལ་བསྒྱུར་ལྟ་བུའི་ངང་ཚུལ་གྱི་ཐོག་ནས་བློ་ཁོག་ཆེན་པོས་ཁོར་ཡུག་བསྐྲུན་ཐོག། གཞོན་སྐྱེས་ཚོར་གོ་སྐབས་འདྲ་མཉམ་སྤྲོད་དགོས་པའི་སྐུལ་མ་གནང་འདུག། གཞན་ཁེ་ཝེན་ཀྲེ་ལགས་སུ་རྒྱབ་སྐྱོར་ཡོང་ཐབས་ཀྱི་མཚན་མོའི་འདུ་འཛོམས་སར། བརྟག་དཔྱད་གཏོང་མཁན་ཚོས་སྐྱེས་པ་ཞིག་གིས་མེ་མདའ་རྫུན་མ་སོགས་དངོས་རིགས་འགའ་ཤས་ཁྱེར་ཡོད་པ་ཤེས་རྟོགས་བྱུང་ཡོད་ཀྱང་། ཉེན་རྟོག་པས་མེ་མདའ་དེའི་རིགས་དེ་བཀག་སྡོམ་གྱི་ཁོངས་སུ་མེད་པ་ངེས་གཏན་བྱུང་ཡོད་པ་དང་། སྐྱེས་པ་དེ་ཁྲིམས་ཆད་གཏང་རྒྱུར་ཁྲིམས་ཁང་དུ་ཁྲིད་ཡོད་འདུག།
དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་ལའེ་ཆིང་ཏེ་ལགས་དང་། དམངས་གཙོ་ཡར་ཐོན་ཚོགས་པའི་ཁྲིམས་འཛུགས་ལྷན་ཁང་གི་འོས་མི་ཝུ་ཀྲན་རྣམ་གཉིས་ཤིན་པེ་གྲོང་ཁྱེར་གྱི་དགོན་པ་ཆེ་ཤོས་ཤིག་ཏུ་ཕེབས་ཏེ། ད་གར་སྤོས་བསྒྲོན་ནས་སྐུ་གཟུགས་གསལ་ཐང་དང་། ཐེ་ཝན་ལ་ཞི་བདེ་ཡོང་བའི་གསོལ་འདེབས་སྨོན་ལམ་ཞུས་གནང་ཡོད་པ་དང་། དེར་འདུས་མི་དམངས་༢༠༠ ཙམ་ལ་གཏམ་བཤད་གནང་འདུག། ཐེ་ཝན་དུ་བཅའ་སྡོད་ཨ་རིའི་མཐུན་ཚོགས་ཀྱི་གཞི་གྲངས་ལྟར་ན། ཐེ་ཝན་གྱི་མི་དམངས་བརྒྱ་༢༨ ཀྱིས་ས་གནས་ས་ཐོག་གི་ཆོས་ལུགས་ཆོ་གར་དད་མོས་ཡོད་པ་དང་། བརྒྱ་ཆ་༢༠ ཐམ་པས་ནང་པ་སངས་རྒྱས་ཆོས་ལུགས་ལ་དད་མོས་ཡོད་པ། བརྒྱ་ཆ་༡༩ ཡིས་ཏའོ་ཅའོ་ཆོས་ལུགས་ལ་དད་མོས་ཡོད་པ་དང་། མི་དམངས་བརྒྱ་ཆ་༢༥ ཡིས་སོ་སོར་ཆོས་དད་མེད་པ་འདོད་ཀྱི་ཡོད་པ་རེད། ཐེ་ཝན་ས་གནས་ས་ཐོག་ཏུ་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་གནས་ཐམས་ཅད་ལ་ནང་པ་དང་། ཏའོ་ཅའོ། ཐ་ན་ཡེ་ཤུའི་ཆོས་ལུགས་བཅས་ཀྱི་ཡུལ་གོམས་གཤིས་ལུགས་སྣ་ཚོགས་ཤིག་མཉམ་བསྲེས་བྱས་ཡོད་པའི་སྣང་ཚུལ་རྒྱུན་ལྡན་ཡིན་པ་རེད།
༢༠༢༤ ལོའི་ཐེ་ཝན་གྱི་སྲིད་འཛིན་དང་གྲོས་ཚོགས་འཐུས་མི་འོས་འདེམས་ལ་དུས་ཡུན་བདུན་ཕྲག་གཅིག་ཙམ་ལས་ལྷག་མེད་པ་དང་། ད་ལན་འོས་ཤོག་བླུག་མཁན་ནང་ནས་མི་བརྒྱ་ཆའི་༦ ཙམ་ལོ་ན་༢༠ ཡས་མས་ཀྱི་གཞོན་སྐྱེས་ཤ་སྟག་ཡིན་པ་དང་། གཞོན་སྐྱེས་ས་ཡ་གཅིག་ལྷག་ཙམ་གྱི་ནང་ནས་མང་ཆེ་བས་མཚོ་འགག་ཕྱོགས་གཉིས་ཀྱི་གནད་དོན་ལས་གཞན། སོ་སོའི་ལས་ཀ་དང་ཁང་པའི་རིན་གོང་གཅོག་རྒྱུ་སོགས་ཀྱིས་མཚོན་པའི་འཚོ་གནས་ཀྱི་གནད་དོན་སྐོར་ལ་དོ་སྣང་ཆེ་ཆེར་སླེབས་ཀྱི་ཡོད་པ་དང་། གཞོན་སྐྱེས་མང་པོ་ཞིག་གིས་འོས་མི་གསུམ་ནང་ནས་གོ་མིན་ཏང་དང་དམངས་གཙོ་ཡར་ཐོན་ཚོགས་པ་གཉིས་ཆ་མིན་པའི་མི་དམངས་ཚོགས་པའི་འོས་མི་ཁེ་ཝེན་ཀྲེ་ལ་འོས་ཤོག་བླུག་འདོད་ཡོད་ཅིང་། ཁོང་ཚོས་ཁེ་ཝེན་ཀྲེ་ཡིས་ཐེ་ཝན་གྱི་དཔལ་འབྱོར་དང་རྒྱལ་སྤྱིའི་ཐོག་ཐེ་ཝན་གྱི་གོ་གནས་ཡར་རྒྱས་གཏང་ཐུབ་རྒྱུར་རེ་ལྟོས་ཆེན་པོ་བྱེད་བཞིན་མེད་ཀྱང་། མི་གསར་པ་ཞིག་ལ་རྒྱལ་ཁ་ཐོབ་པ་ཡིན་ན། གནས་སྟངས་མ་འདྲ་བ་ཞིག་ཆགས་སྲིད་པས་དེ་ལ་བལྟ་འདོད་ཡོད་པ་བརྗོད་འདུག།
རྒྱ་ནག་གི་ཕྱོགས་ནས་སྔར་གྱི་ལུགས་སྲོལ་འཆར་ཅན་ཇི་བཞིན་ཐེ་ཝན་གྱི་འོས་བསྡུ་མ་སླེབས་གོང་ལ། དམག་དོན་དང་དཔལ་འབྱོར། དེ་བཞིན་སྤྱི་ཚོགས་དྲ་ལམ་སོགས་བརྒྱུད་ནས་བརྙན་པར་མང་པོ་བཅད་བཏུབ་ཀྱིས་འགྲེམས་སྤེལ་བྱས་པ་སོགས་ཐེ་ཝན་ལ་སྡིགས་སྐུལ་སྣ་ཚོགས་དང་། ཐེ་ཝན་མི་དམངས་ལ་ཞི་དྲག་གཉིས་ཀྱི་ཐོག་ནས་བློ་སེམས་འགུག་ཐབས་ཀྱི་བྱེད་ཐབས་སྣ་ཚོགས་སྤེལ་བཞིན་པ་རེད། ཆེད་མཁས་པ་མང་པོས་རྒྱ་ནག་གིས་མི་བཟོས་བཅོས་རིག་ལ་བརྟེན་ནས་ཐེ་ཝན་གྱི་འོས་བསྡུ་དང་འབྲེལ་བའི་ཆ་འཕྲིན་རྫུན་མའི་རིགས་ཁྱབ་སྤེལ་ཤུགས་ཆེ་བྱེད་བཞིན་པ་དེ་ཉེན་ཁ་ཆེན་པོ་ཡིན་པའི་ཉེན་བརྡ་བཏང་འདུག།
ཐེ་ཝན་གྱི་ཕྱི་སྲིད་དཔོན་པོ་ཝུ་ཀྲའོ་ཤའེ་ལགས་ཀྱིས་ཉེ་ལམ་དཔལ་འབྱོར་རིག་པའི་དུས་དེབ་ཐོག་སྤེལ་བའི་དཔྱད་རྩོམ་ཞིག་ལས། ཐེ་ཝན་གྱིས་རྒྱ་ནག་གི་ཐེ་ཇུས་དེ་ཚོ་ལ་གདོང་ལེན་བྱེད་བཞིན་ཡོད་པ་དང་། རྒྱ་ནག་གིས་ཐེ་ཇུས་ཇི་ལྟར་བྱས་ཡོད་མེད་ཀྱི་གནས་ཚུལ་ཞིབ་ཕྲ་ཟིན་ཐོར་བཀོད་ཡོད་པ་དེ་དག་འོས་བསྡུའི་རྗེས་ལ་ཕྱིར་སྤེལ་བྱ་རྒྱུ་ཡིན་ཞེས་འཁོད་འདུག། རྒྱ་ནག་གི་རྒྱལ་སྲུང་ལས་ཁུངས་ཀྱིས་རེས་གཟའ་ཕུར་བུའི་ཉིན་ལ། ཐེ་ཝན་གྱིས་རྒྱ་ནག་ལ་མ་ཉེས་ཁ་གཡོག་བྱེད་ཀྱི་ཡོད་པ་དང་། ཨ་རིས་ཐེ་ཝན་ལ་ཁ་གཡར་ནས་རྒྱ་ནག་ལ་ཁ་གཏད་འཇལ་བའི་བྱེད་སྟངས་མཚམས་འཇོག་བྱ་དགོས་པར་མ་ཟད། ཐེ་ཝན་རང་བཙན་བརྩོན་ལེན་བྱས་པ་ནི་རང་ཕུང་རང་བརླག་གི་བྱེད་སྟངས་ཤིག་རེད་ཅེས་བརྗོད་འདུག།
བདུན་ཕྲག་རྗེས་མའི་ཐེ་ཝན་གྱི་སྲིད་འཛིན་འོས་བསྡུ་ཆེན་མོའི་སྐབས་སུ། གལ་ཏེ་དམངས་གཙོ་ཡར་ཐོན་ཚོགས་པའི་འོས་མི་ལ་རྒྱལ་ཁ་ཐོབ་པ་ཡིན་ན། རྒྱ་ནག་དང་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་རྒྱུ་གཏན་འཁེལ་ཡིན་པ་དང་། ཡང་གལ་སྲིད་ཁ་གཏད་གོ་མིན་ཏང་ཚོགས་པའི་འོས་མི་ལ་རྒྱལ་ཁ་ཐོབ་པ་ཡིན་ན། ཨ་རིས་ཐེ་ཝན་ཐོག་འཛིན་པའི་ད་ཡོད་ཀྱི་སྲིད་ཇུས་ལ་ཁ་སྐྱེངས་པོ་ཆགས་རྒྱུ་ཡིན་པས་གང་ལྟར་འོས་མི་སུ་ལ་རྒྱལ་ཁ་ཐོབ་རུང་ཝ་ཤིན་ཐོན་ལ་འགྲན་སློང་འཕྲད་རྒྱུ་ཉག་ཅིག་ཡིན་པ་རེད།
གླེང་སྟེགས།