ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༩/༢༠

ནན་སི་པི་ལོ་སིའི་རང་རྣམ་ནང་སྲིད་དོན་པར་དྲག་སྤྱོད་མཚམས་འཇོག་བྱེད་དགོས་གསུངས།


ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་ པེ་ལོ་སི་
ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་ པེ་ལོ་སི་

ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་ པེ་ལོ་སིའི་རང་རྣམ་དབང་ཆའི་སྒྱུ་རྩལ་ཞེས་པ་དེ་རེས་གཟའ་མིག་དམར་ཉིན་འགྲེམས་སྤེལ་གནང་འདུག་པ་དང་། ཤོག་གྲངས་༣༣༧ཡོད་པའི་རང་རྣམ་གསར་པ་དེ་ནི་ལྕམ་པེ་ལོ་སིས་མི་ལོ་བཞི་བཅུ་ལ་ཉེ་བའི་རིང་ཨ་རིའི་གྲོས་ཚོགས་འཐུས་མི་གནང་རིང་ཨ་རིའི་གྲོས་ཚོགས་ཀྱི་ལོ་རྒྱུས་ནང་བུད་མེད་གཅིག་ཚོགས་གཙོ་དང་པོ་གནང་བའི་སྐོར་ངོ་སྤྲོད་གནང་འདུག

དེབ་དེའི་ནང་ལྕམ་པེ་ལོ་སི་ནི་ཐོག་མར་ཨ་མ་གཅིག་གི་གནས་བབ་ནས་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་གནང་བ་མ་ཟད། ཨ་རིའི་གྲོས་ཚོགས་ཀྱི་ལོ་རྒྱུས་ནང་བུད་མེད་གཅིག་གྲོས་ཚོགས་ཀྱི་ཚོགས་གཙོ་གནང་མཁན་དང་པོ་ཡིན་སྐོར་དང་། ཚོགས་གཙོའི་ལས་གནས་ཐེངས་བཞི་ཙམ་འོས་འདེམས་བྱུང་ནས་འདས་པའི་མི་ལོ་༤༠ཙམ་གྱི་རིང་ལ་ཨ་རིའི་སྲིད་འཛིན་མི་འདྲ་བདུན་ཙམ་གྱི་ལྷན་དུ་དཔུང་པ་མཉམ་གཤིབ་ཀྱི་མཉམ་ལས་གནང་། ད་དུང་ཁ་ཤས་ཀྱི་གསུངས་བར་གཞིགས་ན་ལས་ཐོག་སྲིད་འཛིན་བྷ་ཡེ་ཌེན་གྱིས་སྲིད་འཛིན་གྱི་ལས་ཡུན་གཉིས་པ་གནང་རྒྱུར་རེ་འདོད་གནང་ནས་ད་ལོའི་འོས་བསྡུར་ཞུགས་ཡོད་པ་དེ་ནས་ཕྱིར་འཐེན་གནང་རྒྱུར་མཐའ་མའི་ཐག་གཅོད་དེ་ལའང་ལྕམ་པེ་ལོ་སིའི་ལྐོག་ཏུ་ཤུགས་རྐྱེན་ཆེན་པོ་བྱས་ཡོད་སྐོར་གསུངས་མཁན་ཡོད།

དགུང་ལོ་༨༤་ལ་ཕེབས་ཡོད་པའི་ལྕམ་ནན་སི་པེ་ལོ་སིའི་སྐུ་ཚེ་ནི་སྐབས་རེ་ཨ་རིའི་ནང་བུད་མེད་སྐུ་དབང་ཆེ་ཤོས་ཆགས་པ་སོགས་དབང་ཐང་ཆེ་ཤོས་ཀྱི་ཆབ་སྲིད་མི་སྣ་གཅིག་ཞིག་བྱུང་བ་རེད་ཅེས་བརྗོད་མཁན་ཡོད། འོན་ཀྱང་༢༠༢༡ཟླ་བ་༡ཚེས་༦་ཉིན་ཨ་རིའི་གྲོས་ཚོགས་ལ་གཏོར་རྒོལ་བྱུང་བ་དང་། དེ་རྗེས་༢༠༢༢ཟླ་བ་༡༠ཚེས་༢༨ཀྱི་ནམ་ཕྱེད་ཙམ་ལ་སྲིད་དོན་གྱི་ཁ་གཏད་གཅིག་ཁོང་གི་གཟིམ་ཁང་དུ་ཡོང་ནས་དགུང་ལོ་༨༢་ལ་ཕེབས་པའི་ཁོང་གི་སྐུ་ཟླ་པའོལ་པེ་ལོ་སི་ལ་འཚེ་བ་བྱས་ནས་མི་ལོ་༦༠་ཙམ་གྱི་རིང་མཉམ་དུ་འཚོ་བའི་སྐུ་ཟླ་དེ་སྐྱོབ་ཐུབ་པའི་ནུས་པ་བྱུང་མེད་པའི་སྐོར་ལེའུ་གཅིག་གི་ནང་ཞིབ་པར་བཀོད་འདུག རྒྱུན་དུ་སྐུ་སྒེར་གྱི་མི་ཚེའི་སྐོར་ལ་ཁ་ཁུ་སིམ་པོ་གནང་མཁན་ལྩམ་པེ་ལོ་སིའི་དེབ་གསར་པ་དེའི་ནང་ཨ་རིའི་ས་ཐོག་ཏུ་སྲིད་དོན་ནང་དྲག་སྤྱོད་ཀྱིས་རྒྱལ་ཁབ་དང་མི་མང་གི་སྲི་ཞུར་ཞུགས་མཁན་མི་རབས་གཅིག་གིས་མོས་པ་མེད་པ་བཟོས་ཡོད་པས་སྲིད་དོན་པར་སྡིགས་ར་དང་དྲག་པོའི་འཚེ་བའི་ཐབས་ལམ་མཚམས་འཇོག་དགོས་པའི་ཉེན་རྡ་བཏང་འདུག

དེབ་གསར་པ་འདི་ཉེ་ཆར་ཕྱི་ཟླ་བདུན་པའི་ནང་སྲིད་འཛིན་གོང་མ་ཊམ་དཀྲོང་ཐབས་བྱས་པའི་གནས་ཚུལ་མ་བྱུང་བའི་སྔོན་ནས་རྩོམ་བྲིས་གནང་ཟིན་འདུག་པ་དང་། ཨ་རིའི་ནང་སྲིད་དོན་པར་དྲག་སྤྱོད་ཀྱི་ཉེན་ཁ་བྱུང་བའི་ཁོངས་༢༠༡༧་ལོར་གྲོས་ཚོགས་འཐུས་མི་སི་ཌིཝ་ སི་ཁེ་ལི་ལ་མེད་མདའ་བརྒྱབས་པ་དང་། ༢༠༡༡ ལོར་གྲོས་ཚོགས་འཐུས་མི་ལྕམ་གྷེ་བི་ གྷེ་ཕོརྜ་ལ་མེ་མདའ་བརྒྱབས་ནས་རྨས་སྐྱོན་ཆེན་པོ་བྱུང་ཡོད།

ཨ་རིའི་གྲོས་ཚོགས་ལ་འཚེ་བའི་ཉེན་ཁ་དེ་བྱུང་ནས་ལོ་གཉིས་ཡང་མ་སོང་གོང་དེར་༢༠༢༢ཟླ་་༡༠ ཚེས་ ༢༨ ཉིན་ནམ་ཕྱེད་ཙམ་ལ་ཉེན་རྟོག་པ་ཚོས་ལྕམ་པེ་ལོ་སིའི་ཝ་ཤེང་ཊན་གྱི་གཟིམ་ཁང་གི་སྒོ་བརྡུང་ནས་གྲོང་ཁྱེར་སན་ཕི་རན་སིས་ཁོའི་ནང་ཡོད་ལྕམ་པེ་ལོ་སིའི་གཟིམ་ཁང་དུ་ཁོང་གི་སྐུ་ཟླ་པོའོལ་པེ་ལོ་སི་ལ་དྲག་པོའི་འཚེ་བ་བྱེད་མཁན་བྱུང་འདུག་ཅེས་བརྡ་ལན་ཕུལ་དུས་ཁོང་གི་སྐུ་ཟླ་འཆི་གསོན་གང་ཡིན་མ་ཤེས་པའི་གནང་སྟངས་སྐོར་དེབ་དེའི་ནང་བཀོད་འདུག

ལྕམ་ནན་སི་པེ་ལོ་སིས་མི་ལོ་༤༠་མིན་ཙམ་གྱི་རིང་ལ་གྲོང་ཁྱེར་སྭན་ཧྥེ་རེན་སིས་ཁོ་ནས་ཨ་རིའི་གྲོས་ཚོགས་འཐུས་མི་གནང་བའི་ལས་ཡུན་རིང་༢༠༠༨ལོར་ཨ་རིའི་དངུལ་ཁང་སོགས་དངུལ་གྱི་ལྟེ་གནས་ཚོ་སྐྱོབ་ཐབས་ཀྱི་ཁྲིམས་དང་། ༢༠༡༠འི་ལོར་འཕྲོད་བསྟེན་གི་འགྲོ་སོང་མི་མང་གི་གཏོང་ཕོད་པ་བཟོས་པའི་ཁྲིམས། ཨི་རག་ཏུ་དམག་འཐབ་ལ་དགག་བྱ་བྱེད་མཁན་གྱི་དབུ་ཁྲིད་པ། རྒྱ་ནག་ཐད་ལ་ཨ་རིའི་སྲིད་བྱུས་ཀྱི་སྒྲོམ་གཞི་བཟོ་རྒྱུ་བཅས་ཀྱི་ནང་ལ་འགན་དང་ཐེ་བྱུས་གནང་ཡོད་པ་རེད།

ལྕམ་ནན་སི་པེ་ལོ་སིས་གྲོས་ཚོགས་འཐུས་མིའི་ལས་ཡུན་༢༠་པ་གནང་རྒྱུར་ད་ལོ་༢༠༢༤འི་འོས་བསྡུའི་ནང་ལ་ཡང་བསྐྱར་ཞུགས་ཀྱི་ཡོད་པ་རེད།

ཨེ་པི་གསར་ཁང་ནས་བཏུས།

གསར་འགོད་པ། འཕྲིནལས་ཆོས་སྒྲོན།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG