༄༅།། ལྷོ་ཀོ་རི་ཡའི་ཁྲིམས་ཁང་གིས་སྲིད་འཛིན་ཡོན་སུག་ཡོལ་བཀག་ཉར་ཁང་ནས་གློད་གྲོལ་ཐོངས་ཞེས་བཀའ་ཕབ་འདུག ན་ནིང་ཕྱི་ཟླ་༡༢་པའི་ཚེས་༣་ཉིན་སྲིད་འཛིན་ཡོན་སུག་ཡོལ་གྱིས་འཁྱུག་ཙམ་རིང་དམག་ཁྲིམས་བསྡམས། ཁ་སྔོན་ཕྱི་ཟླ་དང་པོའི་ཚེས་༡༥་ནས་སྲིད་འཛིན་ཡོན་སུག་ཡོལ་འཛིན་བཟུང་འོག་ཏུ་ཚུད། དེ་རིང་གཟའ་པ་སངས་ཉིན་ལྷོ་ཀོ་རི་ཡའི་ཡོན་ཧོབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལོའི་ཕྱི་ཟླ་དང་པོའི་ཚེས་༢༦་ཉིན་སྲིད་འཛིན་ལ་གྱེན་ལོག་གི་ནག་ཉེས་བཙུགས་ནས་བཀག་ཉར་བྱས་ཀྱང་དངོས་སུ་ཁྲིམས་བཤེར་མ་བྱས་གོང་དུ་བཀག་ཉར་གྱི་དུས་ཡོན་རྫོགས། དེར་བརྟེན་སྲིད་འཛིན་ཡོན་སུག་ཡོལ་གྱིས་ཁོ་པ་གློད་གྲོལ་གཏང་དགོས་ཞེས་ཞུ་གཏུགས་བྱས་པ་ལྟར་ཁྲིམས་ཁང་གིས་དེ་ལྟར་ཐག་བཅད། སྲིད་འཛིན་ཡོན་སུག་ཡོལ་གྱི་རྒྱབ་སྐྱོར་བ་ཚོས་ཁྲིམས་ཁང་གི་ཐག་གཅོད་ལ་དགའ་བསུ་དང་ངོ་རྒོལ་བྱེད་མཁན་ཚོ་ཡི་རང་མ་བྱུང་བའི་གསར་འགྱུར་ཐོན་འདུག
ལྷོ་ཀོ་རི་ཡའི་ཁྲིམས་ཁང་གི་ཡིག་ཆའི་ནང་དུ་ལྐོག་ཟ་ཞིབ་འཇུག་ལས་ཁུངས་ཀྱིས་སྲིད་འཛིན་ཡོན་སུག་ཡོལ་ལ་གྱེན་ལོག་གི་ཉེས་ནག་བཙུགས་པ་རེད། ལྐོག་ཟ་ཞིབ་འཇུག་ལས་ཁུངས་ལ་སྲིད་འཛིན་ལྟ་བུའི་རྒྱལ་ཁབ་ཀྱི་མཐོ་རིམ་འགོ་ཁྲིད་ཚོར་ཞིབ་འཇུག་བྱེད་ཆོག་པའི་དབང་ཚད་ཡོད་མེད་དོགས་གནས་སུ་ཟད་ཅེས་བཀོད། ཁྲིམས་སྦྱོར་བ་ཚོས་སྲིད་འཛིན་གློད་གྲོལ་བཏང་ན་ཁྲིམས་འགལ་བྱས་པའི་དཔང་རྟགས་རྣམས་མེད་པར་གཏོང་སྲིད་ཅེས་རྩོད་པ་འཕངས། སྲིད་འཛིན་གྱི་ཁྲིམས་རྩོད་པ་ཚོས་སོལ་དབུས་ཕྱོགས་ཁྲིམས་ཁང་གི་ཐག་གཅོད་དེས་ལྷོ་ཀོ་རི་ཡར་ཁྲིམས་ཀྱིས་དབང་བསྒྱུར་བྱེད་པའི་ལམ་ལུགས་དེ་ཉམས་མེད་པ་ར་སྤྲོད་བྱུང་བ་རེད། ཁྲིམས་སྦྱོར་བ་ཚོས་སྲིད་འཛིན་གློད་གྲོལ་གཏང་དགོས་པའི་བཀོད་ཁྱབ་གཏང་དགོས་ཞེས་གསལ་བསྒྲགས་སྤེལ། ལྷོ་ཀོ་རི་ཡའི་སྲིད་འཛིན་ལས་ཁུངས་ནས་ཁྲིམས་ཁང་གི་ཐག་གཅོད་ལ་བསྔགས་བརྗོད་ཞུས། སྲིད་འཛིན ལས་ཁུངས་དང་ལྷོ་ཀོ་རི་ཡའི་མི་དམངས་བཅས་ཀྱིས་ཡོན་སུག་ཡོལ་སླར་ཡང་སྲིད་འཛིན་གྱི་ལས་གནས་སུ་ཕེབས་ཏེ་རྒྱལ་ཁབ་འཛིན་སྐྱོང་གི་ཐུགས་འགན་འཕྲལ་དུ་བཞེས་དགོས་ཞེས་དགའ་སྤྲོའི་རྣམ་འགྱུར་ཐོན།།
ཕྱི་ཟླ་༣་པའི་ཚེས་༧་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལྷོ་ཀོ་རི་ཡའི་ཁྲིམས་སྦྱོར་བ་ཚོས་སྲིད་འཛིན་གྱིས་དམག་ཁྲིམས་བསྡམས་པ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་འགལ་བ་དང་གྱེན་ལོག་བྱས་པ་རེད། སྲིད་འཛིན་ལ་སྲོག་ཁྲིམས་དང་ཚེ་བཙོན་གང་རུང་གི་ཁྲིམས་ཐག་གཅོད་དགོས་ཞེས་ནན་གྱིས་བསྐུལ། ལྷོ་ཀོ་རི་ཡའི་ཕྱོགས་འགལ་གུ་ཡངས་ཚོགས་པས་གཞུང་གི་ཁྲིམས་སྦྱོར་བ་ཚོས་མྱུར་དུ་གོང་རིམ་ཁྲིམས་ཁང་ལ་ཞུ་གཏུགས་བྱས་ནས་སྲིད་འཛིན་ཡོན་སུག་ཡོལ་ཚེ་ཐར་གཏོང་དུ་འཇུག་མི་ཉན་ཞེས་ནན་གྱིས་བརྗོད། སྲིད་འཛིན་ཡོན་སུག་ཡོལ་གྱིས་རྒྱལ་སའི་ནང་དུ་དམག་དང་དྲག་ཆས་ཉེན་རྟོག་པ་བཀྲམ་ནས་གྲོས་ཚོགས་མཐའ་བསྐོར། ཁོང་གིས་ཆུ་ཚོད་དྲུག་ལ་དམག་ཁྲིམས་བསྡམས་ཏེ་ལྷོ་ཀོ་རི་ཡའི་མང་ཚོགས་ལ་སྔོན་ཆད་དམག་གི་དབང་བསྒྱུར་འོག་ཏུ་གདུག་རྩུབ་མྱངས་པ་རྣམས་སླར་ཡང་དྲན་གསོ་བསླངས། ལྷོ་ཀོ་རི་ཡའི་མི་མང་གིས་དམག་དང་དྲག་ཆས་ཉེན་རྟོག་པ་ཚོར་འགོག་རྒོལ་བྱས་ནས་གྲོས་ཚོགས་འཐུས་མི་ཚོར་སྲིད་འཛིན་གྱི་དམག་ཁྲིམས་བསྡམས་པ་ཁྲིམས་འགལ་རེད་ཅེས་གྲོས་ཆོད་འཇོག་ཏུ་བཅུག
སྲིད་འཛིན་ཡོན་སུག་ཡོལ་གྱིས་ངས་དམག་ཁྲིམས་བསྡམས་པ་ནི་མང་ཚོགས་ལ་ཕྱོགས་འགལ་དམངས་གཙོ་ཚོགས་པས་རྒྱལ་ཁབ་འཛིན་སྐྱོང་བྱེད་དུ་འཇུག་གི་མེད་པར་མ་ཟད། སྲིད་གཞུང་གི་ལས་སྣེ་ཚོར་ཁུངས་མེད་ཀྱི་ནག་ཉེས་འཛུགས་ཀྱི་ཡོད་པ་མང་ཚོགས་ཀྱི་མིག་མདུན་དུ་ཐེར་འདོན་བྱས་པ་ཡིན། ཕྱོགས་འགལ་ཚོགས་པའི་ཀུན་སློང་དེ་མང་ཚོགས་ཀྱིས་ཤེས་རྟོགས་ཐུབ་དགོས། མཐོ་རིམ་དམག་དཔོན་འགའ་དང་ཉེན་རྟོག་པའི་འགོ་ཁྲིད་ཁག་ཅིག་གིས་ཁྲིམས་ཁང་གི་ཉན་ཞིབ་དང་ཞིབ་འཇུག་སྐབས་སུ་ཡོན་སུག་ཡོལ་གྱིས་སྲིད་དོན་པ་ཁག་ཅིག་གིས་ལས་དོན་སྒྲུབ་ཏུ་འཇུག་གི་མི་འདུག གྲོས་ཚོགས་འཐུས་མི་དེ་ཚོ་ཚོགས་ཁང་གི་ཕྱི་རུ་དྲུད་ཤོག སྲིད་དོན་པ་དེ་རྣམས་བཀག་ཉར་བྱ་དགོས་པའི་བཀའ་ཕབ་སོང་ཞེས་རྫུན་བཤད་པ་རེད། ངས་རྩ་ཁྲིམས་ལ་རྒྱབ་འགལ་དང་གྱེན་ལོག་ཅི་ཡང་བྱས་མེད་ཅེས་དག་འབུད་བྱས་འདུག ད་སྔ་ལྷོ་ཀོ་རི་ཡའི་སྲིད་འཛིན་གྱིས་བསྐྱར་དུ་སྲིད་དབང་འཛིན་ཐུབ་པའམ། ཡང་ན་ཟླ་ཤས་རྗེས་སུ་འོས་བསྡུ་བྱ་དགོས་མིན་གསལ་པོ་མེད་པའི་གནས་ཚུལ་ཐོན་འདུག
ཉེ་བའི་ཟླ་ངོ་རེ་ཟུང་ལ་ལྷོ་ཀོ་རི་ཡ་རྒྱལ་ཡོངས་སུ་སྲིད་འཛིན་ཡོན་སུག་ཡོལ་གྱི་རྒྱབ་སྐྱོར་ཤོག་ཁག་དང་ཕྱོགས་འགལ་ཚོགས་པའི་རྒྱབ་སྐྱོར་ཤོག་ཁག་གཉིས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་ནས་འཐེན་འཁྱེར་ཆེན་པོ་ལངས། ད་ལྟ་ལྷོ་ཀོ་རི་ཡའི་མཐོ་རིམ་ཁྲིམས་ཁང་གིས་ཐག་གཅོད་ཇི་ལྟར་བྱས་ཀྱང་ཤོག་ཁག་གཅིག་ལ་ཕོག་ཐུག་འགྲོ་རྒྱུ་སྨོས་ཅི་ཚལ། རྒྱལ་ཁབ་དེའི་གུ་ཡངས་དང་རྙིང་ཞན་གྱི་ལྟ་བ་འཛིན་པའི་མི་དམངས་རྣམས་ཕྱོགས་ཁག་གཉིས་སུ་ཆད་ཡོད་པ་འདུམ་དཀའ་བར་སྣང་། ཡོན་སུག་ཡོལ་ནི་ལྷོ་ཀོ་རི་ཡའི་ལས་ཐོག་སྲིད་འཛིན་ཞིག་འཛིན་བཟུང་བྱས་པ་ཐེངས་དང་པོ་ཡིན་ཞིང་། ལྷོ་ཀོ་རི་ཡའི་རྩ་ཁྲིམས་སུ་སྲིད་འཛིན་ལ་ཉེས་འཛུགས་བྱས་ནས་འཛིན་བཟུང་བྱེད་མི་ཆོག་ཅེས་བཀོད་ཀྱང་གྱེན་ལོག་དང་རྒྱབ་གཏོད་སོགས་ཀྱི་ནག་ཉེས་ཚབས་ཆེན་བསགས་ན་འཛིན་བཟུང་བྱས་ནས་ཁྲིམས་ལ་སྦྱོར་ཆོག་ཅེས་འཁོད། ལྷོ་ཀོ་རི་ཡར་དམག་འཁྲུག་དང་ཛ་དྲག་གི་དུས་སུ་དམག་ཁྲིམས་བསྡམས་ཆོག ཁྲིམས་ལུགས་མཁས་པ་ཚོས་སྲིད་འཛིན་ཡོན་སུག་ཡོལ་གྱིས་དམག་ཁྲིམས་བསྡམས་པའི་དུས་སྐབས་དེ་ཛ་དྲག་དང་དམག་འཁྲུག་གི་དུས་སྐབས་མ་རེད་ཅེས་བཀྲལ།།
ཕྱི་ཟླ་༣་པའི་ཚེས་༧་ཉིན་རོ་ཡེ་ཊར་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལྷོ་ཀོ་རི་ཡའི་སྲིད་འཛིན་ལས་ཚབ་ནོར་སྲིད་བློན་ཆེན་ཆོའེ་སང་མོག་(Choi Sang-mok)་གིས་རྒྱལ་ནང་དང་རྒྱལ་སྤྱིའི་ཟླ་གྲོགས་ཚོར་ལྷོ་ཀོ་རི་ཡའི་སྲིད་གཞུང་བརྟན་པོ་ཡིན། རྒྱལ་ཁབ་འཛིན་སྐྱོང་གི་ལས་དོན་ལ་འཐུས་ཤོར་འབྱུང་གི་མེད་ཅེས་མ་རྐང་ཁྲོམ་ར་དང་ཚོང་ལས་ཁག་གི་འགོ་ཁྲིད་ཚོ་བློ་བདེ་བག་ཕེབས་སུ་འགོད་ཐབས་ལ་འབད། ཁྲིམས་ལུགས་མཁས་པ་ཚོས་ལྷོ་ཀོ་རི་ཡའི་ཁྲིམས་ཁང་གིས་སྲིད་འཛིན་བཀག་ཉར་འོག་ནས་གློད་གྲོལ་གཏང་དགོས་པའི་བཅད་ཁྲ་བསྒྲགས་པ་དེས་སྲིད་འཛིན་ལ་ནག་ཉེས་མེད་པའི་དཀར་འདོན་བྱས་པ་ཞིག་མཚོན་མི་ཐུབ། གྲོས་ཚོགས་ཀྱིས་སྲིད་འཛིན་ལ་ཉེས་འཛུགས་བྱས་པ་དེར་དཔང་རྟགས་གསལ་པོ་དང་ཁུངས་འཕེར་ཡོད་མེད་རྩོད་གཞི་ཞིག་ཏུ་གྱུར། སོལ་དབུས་ཕྱོགས་ཁྲིམས་ཁང་གི་ཐག་གཅོད་དེ་གོང་རིམ་ཁྲིམས་ཁང་གིས་ཆོད་སློག་གཏོང་མི་སྲིད་པ་མིན་ཞེས་འགྲེལ་བརྗོད་བྱས་འདུག
ཕྱི་ཟླ་༣་པའི་ཚེས་༧་ཨེན་བི་སི་གསར་ཁང་གིས་ལྷོ་ཀོ་རི་ཡའི་སྲིད་འཛིན་གྱི་ཁྲིམས་རྩོད་པ་ཚོ་ལུང་འདྲེན་བྱས་ནས་གསར་འགྱུར་སྤེལ་བ་ལྟར་ན། ལོ་ན་༦༤་ལ་སོན་པའི་སྲིད་འཛིན་ཡོན་སུག་ཡོལ་འཕྲལ་དུ་གློད་གྲོལ་གཏང་རྒྱུ་མིན་པ་སྟེ། ཁྲིམས་སྦྱོར་ལས་ཁུངས་ལ་བསྐྱར་དུ་གཏུགས་བཤེར་གྱི་དུས་ཚོད་ཉི་མ་བདུན་སྤྲོད་དགོས་ཤིང་། ལྷོ་ཀོ་རི་ཡ་ནི་ཨེ་ཤི་ཡའི་དམངས་གཙོའི་རྒྱལ་ཁབ་གཙོ་གྲས་ཤིག་དང་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་གནད་འགག་ཅན་ཞིག་ཡིན་པས་རྒྱལ་ཁབ་དེར་ཆབ་སྲིད་བརྟན་ལྷིང་མེད་ན་ཨེ་ཤི་ཡའི་ས་ཁམས་ཆབ་སྲིད་དང་བདེ་འཇགས། ལྷག་པར་དུ་བྱང་ཀོ་རི་ཡས་ཡུལ་དུས་ཚོད་རྩིས་ཀྱི་ཉེན་ཁ་ཤིན་ཏུ་ཆེ། སྲིད་འཛིན་ཡོན་སུག་ཡོལ་གྱི་མི་དམངས་སྟོབས་ཤུགས་ཚོགས་པའི་མགྲིན་ཚབ་འགན་འཛིན་ཤཱིན་ཏུང་ཝུག་(Shin Dong-wook)་གིས་ཁྲིམས་ཁང་གི་ཐག་གཅོད་དེ་དྲང་སྙོམས་ཤིག་ཡིན་མོད། འོན་ཀྱང་སྲིད་འཛིན་བཀག་ཉར་འོག་ནས་གློད་གྲོལ་གཏང་རྒྱུ་འགྱངས་མི་སྲིད་པ་ཞིག་མ་རེད་ཅེས་བསྟན།།
ལྷོ་ཀོ་རི་ཡའི་དམངས་གཙོ་མཉམ་ཞུགས་ཆིག་སྒྲིལ་ཚོགས་པ་ནི་གཡོན་ཐལ་ཆེ་བའི་ཕྱོགས་འགལ་ཚོགས་པ་ཡིན་ཞིང་། ཁོ་ཚོས་ཁྲིམས་སྦྱོར་བ་ཚོར་གོང་རིམ་ཁྲིམས་ཁང་ལ་གཏུགས་བཤེར་བྱ་དགོས། སྲིད་འཛིན་ཡོན་སུག་ཡོལ་ལ་ནག་ཉེས་མེད་པ་གཏན་ནས་མིན་ཞེས་རྩོད་པ་བརྒྱབ། དམངས་གཙོ་མཉམ་ཞུགས་ཆིག་སྒྲིལ་ཚོགས་པའི་རྒྱབ་སྐྱོར་བ་ཚོས་ལྷོ་ཀོ་རི་ཡའི་རྒྱལ་ས་དང་གྲོང་ཁྱེར་ཁག་ཏུ་མར་མེ་ཁྲོམ་སྐོར་བྱས་ནས་སྲིད་འཛིན་ལ་ཁྲིམས་ཐག་གཅོད་དགོས་ཞེས་ལས་འགུལ་སྤེལ། གཟའ་པ་སངས་ཉིན་ལོ་ན་༨༠་གྱ་གྲངས་སུ་སོན་པའི་སྲིད་འཛིན་ཡོན་སུག་ཡོལ་གྱི་རྒྱབ་སྐྱོར་བ་ཞིག་གིས་རྒྱལ་ས་སོལ་གྱི་འགྲེམ་སྟོན་ཁང་གི་ཞིག་ཐོག་ཏུ་སྲིད་འཛིན་ཁྲི་ལོ་བརྟན་པར་ཤོག་ཅེས་སྐད་འབོད་བྱས་ནས་ཡིག་བྱང་འཕྱར། དེ་ནས་རྒད་པོ་དེས་རང་ལུས་མེར་སྲེག་བཏང་སྟེ་སྨན་ཁང་དུ་ཁྱེར་ཡོད་ཅིང་། སྨན་པ་ཚོས་རྒད་པོ་དེ་ཛ་དྲག་གི་གནས་སུ་ལྷུང་འདུག་ཟེར། ལྷོ་ཀོ་རི་ཡའི་མི་དམངས་གྲས་སུ་ཚབས་ཆེའི་ལས་འགུལ་སྤེལ་མཁན་མང་པོ་ཡོད་པའི་གནས་ཚུལ་ཐོན་འདུག
གླེང་སྟེགས།