༄༅།། ལྷོ་ཀོ་རི་ཡའི་ཁྲིམས་འཛིན་ལྷན་ཁང་གིས་སྲིད་འཛིན་ཡོན་སུག་ཡོལ་(Yoon Suk Yeol)་ཕྱི་རྒྱལ་ལ་བསྐྱོད་མི་ཆོག་ཅེས་བཀའ་ཕབ། ཕྱི་ཟླ་༡༢་པའི་ཚེས་༩་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བདུན་ཕྲག་སྔོན་མར་སྲིད་འཛིན་ཡོན་སུག་ཡོལ་གྱིས་དམག་ཁྲིམས་བསྡམས། ད་ལྟ་ལྷོ་ཀོ་རི་ཡའི་གཞུང་གིས་སྲིད་འཛིན་ཡོན་སུག་ཡོལ་ནས་གྱེན་ལོག་དང་སྲིད་དབང་གཅིག་སྡུད་ཀྱི་ལམ་ལུགས་ཤིག་འཛུགས་ཐབས་བྱས་པ་སོགས་ཁྲིམས་འགལ་གྱི་ཉེས་དོན་འགའ་ཞིག་གི་ཐོག་ཏུ་ཞིབ་འཇུག་བྱ་རྒྱུ་འགོ་ཚུགས། བདུན་ཕྲག་སྔོན་མའི་གཟའ་མིག་དམར་གྱི་མཚན་མོར་སྲིད་འཛིན་ཡོན་སུག་ཡོལ་གྱིས་རྒྱལ་སའི་སྲང་ལམ་ཁག་ཏུ་དམིགས་བསལ་དམག་དཔུང་བཀྲམ་ནས་ཆབ་སྲིད་ཀྱི་ཟིང་ཆ་བསླངས། ལྷོ་ཀོ་རི་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ལྷོ་བྱང་ཀོ་རི་ཡའི་འབྲེལ་བ་སྡུག་ཏུ་ཕྱིན་ཏེ་དམག་འཁྲུག་གི་ཛ་དྲག་ཆེ་བའི་སྐབས་འདིར་གང་འདྲ་ཞིག་ཏུ་འགྱུར་རྒྱུ་ཡིན་ནམ་སྙམ་སྟེ་བློ་འཚབ་སྐྱེས།།
གཟའ་སྤེན་པའི་ཉིན་ལྷོ་ཀོ་རི་ཡའི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་འོག་སྲིད་འཛིན་ཡོན་སུག་ཡོལ་ལ་ཉེས་འཛུགས་ཀྱི་འོས་ཤོག་འཕངས་ཀྱང་གཞུང་འཛིན་ཚོགས་པའི་འཐུས་མི་ཚོས་རྒྱབ་སྐྱོར་མ་བྱས་པར་ཉེས་འཛུགས་མ་ཐུབ། ཕྱོགས་འགལ་ཚོགས་པས་སླར་ཡང་སྲིད་འཛིན་ལ་ཉེས་འཛུགས་ཀྱི་གྲོས་གཞི་འདོན་རྒྱུའི་གྲབས་བཤམས། ལྷོ་ཀོ་རི་ཡའི་ཁྲིམས་འཛིན་ལྷན་ཁང་གི་ལས་སྣེ་པེ་སང་ཨབ་(Bae Sang-up)་ནས་གྲོས་ཚོགས་ལ་ཉེན་རྟོག་པ་དང་དང་ཁྲིམས་སྦྱོར་བ། ལྐོག་ཟ་འགོག་རྒོལ་ལས་ཁུངས་བཅས་ཀྱི་འབོད་སྐུལ་ལྟར་སྲིད་འཛིན་ཡོན་སུག་ཡོལ་ཕྱི་རྒྱལ་ལ་བསྐྱོད་མི་ཆོག་པའི་བཀག་སྡོམ་བྱས་ཡོད། སྲིད་འཛིན་གྱིས་སྲིད་དབང་འཕྲོག་ཐབས་བྱས་པར་ཞིབ་འཇུག་གི་ཁྱབ་ཁོངས་རྒྱ་ཆེ་རུ་བཏང་ཡོད་ཅེས་སྙན་སེང་ཞུས། གཟའ་ཟླ་བའི་ཉིན་ལྷོ་ཀོ་རི་ཡའི་རྒྱལ་ཡོངས་ཉེན་རྟོག་ཁང་གི་མཐོ་རིམ་ལས་སྣེ་ཞིག་ནས་ཆ་རྐྱེན་ཚང་ན་སྲིད་འཛིན་བཀག་ཉར་བྱེད་སྲིད་ཅེས་བསྒྲགས།།
ལྷོ་ཀོ་རི་ཡའི་ཁྲིམས་ལུགས་སུ་ལས་ཐོག་སྲིད་འཛིན་རྣམས་ཉེས་ཡངས་ཡིན་ཞེས་འཁོད་ཀྱང་གྱེན་ལོག་དང་རྒྱབ་གཏོད་ཀྱི་ནག་ཉེས་འཕོག་ཚེ། སྲིད་འཛིན་ལས་ཐོག་ལའང་ཉེན་རྟོག་པས་འདྲི་གཅོད་དང་བཀག་ཉར་བྱེད་ཆོག་ཅིང་། ཉམས་ཞིབ་པ་མང་ཆེ་བས་ཉེན་རྟོག་པས་བཙན་དྲག་གི་སྒོ་ནས་སྲིད་འཛིན་བཀག་ཉར་རམ། སྲིད་འཛིན་ལས་ཁུངས་ལ་སྔོག་བཤེར་བྱེད་ཐུབ་རྒྱུ་ཁག་པོ་རེད། ཅིའི་ཕྱིར་ཞེ་ན་སྲིད་འཛིན་ལས་ཁུངས་ཀྱི་སྐུ་སྲུང་དམག་མི་དང་གདོང་ཐུག་འབྱུང་རྒྱུ་ཡིན་པས་ཉེན་རྟོག་པས་བཙན་དྲག་བཀོལ་མི་ཕོད་ཅེས་བསྟན། ༢༠༡༧་ལོར་སྲིད་འཛིན་པག་གེན་ཧེ་(Park Geun-hye)་ལ་གྲོས་ཚོགས་ཀྱི་ཉེས་འཛུགས་ཕོག ཁོ་མོ་གནས་དབྱུང་བྱས་ཀྱང་སྲིད་འཛིན་ལས་ཁུངས་ལ་སྔོག་བཤེར་བྱེད་དུ་མ་བཅུག སྲིད་འཛིན་ལས་ཁུངས་ཀྱི་འབྲེལ་ཡོད་ལས་སྣེ་ཚོས་དགོས་ངེས་ཀྱི་ཡིག་ཆ་རྣམས་ལས་ཁུངས་ཕྱི་ལོགས་སུ་ཁྱེར་ཡོང་ནས་ཁྲིམས་སྦྱོར་བ་ཚོར་སྤྲད།།
སྲིད་འཛིན་པག་གེན་ཧེ་ཡིས་སྲིད་འཛིན་གྱི་ལས་ཁུར་བཞེས་བཞིན་པའི་སྐབས་སུ་ཁྲིམས་སྦྱོར་བ་ཚོར་ཐུག་འཕྲད་དང་འདྲི་གཅོད་བྱེད་དུ་འཇུག་རྒྱུར་མ་འཐད། མཐར་ལྷོ་ཀོ་རི་ཡའི་ཆེས་མཐོའི་ཁྲིམས་ཁང་གིས་སྲིད་འཛིན་ལ་ཉེས་འཛུགས་དང་གནས་དབྱུང་གཏང་ཆོག་ཅེས་ཐག་བཅད། དེ་ནས་ཉེན་རྟོག་པ་ཚོས་སྲིད་འཛིན་པག་གེན་ཧེ་འཛིན་བཟུང་བྱས་ཤིང་། ད་ལྟ་ལྷོ་ཀོ་རི་ཡའི་ཕྱོགས་འགལ་དམངས་གཙོ་ཚོགས་པས་སྲིད་འཛིན་ཡོན་སུག་ཡོལ་གྱིས་དམག་ཁྲིམས་བསྡམས་པ་རྩ་ཁྲིམས་དང་རྒྱབ་འགལ་རེད། དེ་ནི་གྱེན་ལོག་དང་སྲིད་འགྱུར་གཏོང་ཐབས་བྱས་པ་ཞིག་རེད་ཅེས་སྲིད་འཛིན་དང་རྒྱལ་སྲུང་བློན་ཆེན་ཟུར་པ་སོགས་མི་༩་ལ་གྱེན་ལོག་གི་ནག་ཉེས་བཙུགས་ནས་ཁྲིམས་ལ་གཏུགས། གཟའ་སྤེན་པའི་ཉིན་སྲིད་འཛིན་ཡོན་སུག་ཡོལ་གྱིས་དམག་ཁྲིམས་བསྡམས་པར་བཟོད་གསོལ་ཞུས་པར་མ་ཟད། ཁོ་པས་ཁྲིམས་ལུགས་དང་ཆབ་སྲིད་ཀྱི་འཛོལ་བ་ཅི་ཞིག་བྱས་ཡོད་ཀྱང་འགན་འཁྲི་ལེན་ངེས་ཡིན་ཞེས་ཁས་བླངས།།
ཕྱི་ཟླ་༡༢་པའི་ཚེས་༩་ཉིན་རོ་ཡེ་ཊར་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་གཟའ་ཟླ་བའི་ཉིན་ལྷོ་ཀོ་རི་ཡའི་ཁྲིམས་སྦྱོར་བ་ཚོས་སྲིད་འཛིན་གྱིས་དམག་ཁྲིམས་བསྡམས་པ་དེར་རྒྱལ་སྲུང་བློན་ཆེན་ཟུར་པ་ཀིམ་ཡུང་ཧུན་(Kim Yong-hyun)་འབྲེལ་བ་འདུག་ཅེས་འཛིན་བཟུང་བྱས་འདུག སྲིད་འཛིན་ཡོན་སུག་ཡོལ་གྱིས་ཕྱི་༡༢་པའི་ཚེས་༣་གྱི་མཚན་མོར་རྒྱལ་ཁབ་དགྲར་འཛིན་གྱི་ཤོག་ཁག་རྩ་མེད་གཏོང་དགོས་ཞེས་བཀའ་བཏང་ནས་དམག་ལ་དམིགས་བསལ་གྱི་ཛ་དྲག་དབང་ཆ་སྤྲད། གྲོས་ཚོགས་འཐུས་མི་ཚོས་དམག་ཁྲིམས་དེར་ངོ་རྒོལ་འོས་ཤོག་འཕངས་ནས་སྲིད་འཛིན་གྱིས་ཆུ་ཚོད་༦་གི་རྗེས་སུ་དམག་ཁྲིམས་ཕྱིར་བསྡུ་བྱ་དགོས་བྱུང་ཞིང་། ལྷོ་ཀོ་རི་ཡའི་རྒྱལ་སྲུང་ལྷན་ཁང་གིས་སྲིད་འཛིན་ཡོན་སུག་ཡོལ་ད་དུང་ཡང་ཁྲིམས་མཐུན་གྱི་སྤྱི་ཁྱབ་བཀོད་འདོམས་པ་ཡིན་མོད། འོན་ཀྱང་མཐོ་རིམ་དམག་དཔོན་མང་ཆེ་བས་སྲིད་འཛིན་གྱིས་སྲིད་དབང་འཕྲོག་ཐབས་བྱས་པར་ཡི་རང་བྱུང་མི་འདུག་ཅེས་གསལ་བསྒྲགས་སྤེལ།།
སྲིད་འཛིན་ཡོན་སུག་ཡོལ་གྱི་མི་དམངས་སྟོབས་ཤུགས་ཚོགས་པས་ཚོགས་ཆུང་བཙུགས་ནས་དོན་རྐྱེན་དེར་ཞིབ་འཇུག་བྱེད་ཀྱི་ཡོད། མཐའ་མཇུག་སྲིད་འཛིན་གྱིས་ཞི་བའི་སྒོ་ནས་སྲིད་དབང་རྩིས་སྤྲོད་དང་འཕོ་འགྱུར་གཏང་རྒྱུའི་རྒྱུད་རིམ་དེ་འགོ་ཚུགས་ཟིན་ཡོད་ཟེར། ཚོགས་ཆུང་དེའི་འགོ་ཁྲིད་ལི་དབྱང་སུ་(Lee Yang-soo)་ཡིས་ང་ཚོས་སྲིད་འཛིན་སྔ་ཙམ་དགོངས་པ་ཞུ་རྒྱུའི་ཐབས་ལམ་ཚང་མར་བསམ་ཞིབ་བྱེད་ཀྱི་ཡོད། ཐབས་ཇུས་དེ་དག་ཚད་འཛིན་ཡོད་པ་ཞིག་མིན་ཞེས་གསར་འགོད་པའི་དྲི་བར་ལན་བཏབ། དེ་བཞིན་མི་དམངས་སྟོབས་ཤུགས་ཚོགས་པའི་འགོ་ཁྲིད་ཧན་ཏུང་ཧུན་(Han Dong-hoon)་གྱིས་སྲིད་འཛིན་ལ་ཕྱི་སྲིད་དང་རྒྱལ་ཁབ་ཀྱི་ལས་དོན་ཆེ་ཁག་བསྒྲུབ་ཏུ་འཇུག་རྒྱུ་མིན། སྲིད་བློན་ཧན་ཏུག་སུ་ཡིས་རྒྱལ་ཁབ་ཀྱི་ལས་དོན་བསྒྲུབ་དགོས་ཞེས་བཤད་ཀྱང་སྲིད་བློན་མི་དམངས་ཀྱིས་བདམས་པ་མིན་པས་སྲིད་འཛིན་གྱི་ཚབ་ཏུ་རྒྱལ་ཁབ་ཀྱི་ལས་དོན་བསྒྲུབ་ཆོག་པའི་དབང་ཚད་ཡོད་མེད་རྩོད་གཞི་ཞིག་ཏུ་གྱུར།།
ལྷོ་ཀོ་རི་ཡའི་དམིགས་བསལ་དཔུང་སྡེ་༧༠༧་པའི་བཀོད་འདོམས་པ་མདའ་དཔོན་ཀིམ་ཡུན་ཏེས་རང་ལ་དམག་དཔུང་བཀོད་འགྲེམ་བྱས་པའི་འགན་འཁྲི་ཡོད། ངས་རྒྱལ་སྲུང་བློན་ཆེན་གྱི་བཀའ་ལྟར་དམག་དཔུང་བཀོད་འགྲེམ་བྱས་པ་ཡིན། ང་ཚོ་ཚང་མ་རྒྱལ་སྲུང་བློན་ཆེན་ཟུར་པའི་གཡོ་འོག་ཏུ་ཚུད་པ་རེད། ང་ལ་ཆོག་མཆན་ཐོབ་རྒྱུ་མ་རེད་བསམས་ནས་འབྲེལ་ཡོད་ཀྱི་དམག་དཔོན་ཚོར་བཀའ་འཁྲོལ་མ་ཞུས་པར་གསར་འགོད་པར་སྐད་ཆ་བཤད་ཀྱི་ཡོད་ཅེས་བཀྲལ། སྲིད་འཛིན་ཡོན་སུག་ཡོལ་གྱིས་དམག་ཁྲིམས་བསྡམས་པར་ལྷོ་ཀོ་རི་ཡའི་མི་དམངས་ཀྱིས་ངོ་རྒོལ་དང་གྲོས་ཚོགས་འཐུས་མི་ཚོར་སྲུང་སྐྱོབ། མང་ཚོགས་ཀྱིས་སྲིད་འཛིན་དགོངས་པ་ཞུ་དགོས། སྲིད་དབང་སྒེར་གཅོད་པ་མི་དགོས་ཞེས་ལས་འགུལ་སྤེལ། ༢༠༢༢་ནས་ལྷོ་ཀོ་རི་ཡའི་རྙེང་ཞན་ཅན་གྱི་སྲིད་འཛིན་ཡོན་སུག་ཡོལ་དང་གུ་ཡངས་ཀྱི་ལྟ་བ་འཛིན་པའི་ཕྱོགས་འགལ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོ་མ་འཆམ། གྲོས་ཚོགས་ཀྱིས་སྲིད་འཛིན་སྟངས་དཔྱལ་གཉིས་དང་མཐོ་རིམ་ལས་སྣེ་ཚོར་ཞིབ་འཇུག་བྱས་ནས་ཁྲིམས་ལ་སྦྱོར་རྒྱུའི་གྲོས་གཞི་བཏོན།།
ཕྱི་ཟླ་༡༢་པའི་ཚེས་༧་ཉིན་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། སྲིད་འཛིན་ཡོན་སུག་ཡོལ་ཁྲིམས་ལ་སྦྱར་ནས་སྲིད་སྟེགས་ནས་ལྷུང་རྒྱུའི་ཉེན་ཁ་འདུག ལྷོ་ཀོ་རི་ཡའི་ཕྱོགས་འགལ་ཚོགས་པར་སྟོབས་ཤུགས་རྒྱས་བཞིན་པ་དང་རྒྱ་ནག་ལ་འགྲིག་མཐུན་གྱི་འབྲེལ་བ་ཞིག་འཛིན་སྲིད་པའི་རྟགས་མཚན་མངོན། ཡོན་སུག་ཡོལ་གྱི་དབང་བསྒྱུར་འོག་ཏུ་ལྷོ་ཀོ་རི་ཡ་དང་རྒྱ་ནག་གི་འབྲེལ་བ་སྡུག་ཏུ་ཕྱིན་པ་རེད། ལྷོ་ཀོ་རི་ཡར་སྲིད་འཛིན་གསར་པ་ཞིག་བདམས་ན་རྒྱ་ནག་ལ་འབྲེལ་བ་བཟང་དུ་འགྲོ་སྲིད་ཅེས་གནས་ཚུལ་ཐོན། ལྷོ་ཀོ་རི་ཡའི་རྒྱལ་ཡོངས་གྲོས་ཚོགས་ལ་འཐུས་མི་༣༠༠་ཡོད་པ་དང་སྲིད་འཛིན་ཞིག་གནས་དབྱུང་གཏོང་དགོས་ན་འཐུས་མི་གསུམ་ཆའི་གཉིས་ཀྱི་རྒྱབ་སྐྱོར་ཐོབ་དགོས། གྲོས་ཚོགས་འཐུས་མི་༡༩༢་ཀྱིས་སྲིད་འཛིན་ནས་དམག་ཁྲིམས་བསྡམས་པར་ངོ་རྒོལ་གྱི་འོས་ཤོག་འཕངས། ལྷོ་ཀོ་རི་ཡའི་སྲིད་འཛིན་གནས་དབྱུང་གཏོང་བར་ཉུང་མཐར་ཡང་གྲོས་ཚོགས་འཐུས་མི་༢༠༠་ཐམ་པས་རྒྱབ་སྐྱོར་གྱི་འོས་ཤོག་འཕེན་དགོས་པའི་གནས་ཚུལ་ཐོན་འདུག
གླེང་སྟེགས།